མཚོ་སྔོན་སྤོ་སྒུལ་ཀུང་སི་མཚོ་ལྷོ་ཡན་ལག་ཀུང་སིས་དྲ་ཐོག་སློབ་ཁྲིད་དང་ལས་མགོ་བསྐྱར་ཚུགས་བྱེད་པར་རམ་འདེགས་བྱས།
2020.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

དཔྱིད་དཔལ་རྣམ་པར་བཞད་པའི་སྐབས་འདིར། མཚོ་སྔོན་ནི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་སྔ་ཤོས་ཀྱི་ས་ཁུལ་གྲས་ཀྱི་གཅིག་ཡིན་ཞིང་།  མིག་སྔའི་བར་ཞིང་ཆེན་ཡོངས་སུ་ལས་ཐོན་བསྐྱར་ཚུགས་བྱ་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། འོན་ཀྱང་རྒྱལ་ནང་གི་སློབ་ཆེན་མང་ཆེ་བ་ད་དུང་སློབ་མགོ་ཚུགས་མེད་པས་མཚོ་སྔོན་གྱི་སློབ་མ་སྐོར་ཞིག་གིས་སྔར་བཞིན་རང་གི་ཁྱིམ་དུ་དྲ་ཐོག་ནས་སློབ་ཁྲིད་ལ་ཉན་དགོས་ཀྱི་ཡོད་པ་རེད།

ཉེ་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་ཤ་རྒྱ་སྡེ་བའི་སློབ་ཆེན་སློབ་མ་ཞིག་རང་ཁྱིམ་ནས་དྲ་ཐོག་སློབ་ཁྲིས་ལ་ཞུགས་པར་དཀའ་ངལ་ལ་འཕྲད་ཡོད། ཤ་རྒྱ་སྡེ་བ་ནི་རྨ་ཆུའི་ཆུ་ལག་འགྲམ་གྱི་བྱེ་ལུང་ཞིག་ཏུ་ཆགས་ཡོད་པ་དང་ཁྱིམ་ཚང་ཉུང་ལ་སྡོད་གནས་ཁ་ཐོར་ཡིན་པས་དྲ་རྒྱས་ཁྱབ་མེད། ཡིན་ནའང་སློབ་སྦྱོང་ལ་གཏན་ནས་འགོར་འགྱངས་བྱེད་མི་རུང་བས་སློབ་ཆེན་སློབ་མ་དེས་མཚོ་སྔོན་སྤོ་སྒུལ་མཚོ་ལྷོ་ཡན་ལག་ཀུང་སིར་རོགས་སྐྱོར་བྱེད་དགོས་པའི་རེ་བ་ཞུས།

མཚོ་སྔོན་སྤོ་སྒུལ་མཚོ་ལྷོ་ཡན་ལག་ཀུང་ཡིས་སློབ་ཆེན་སློབ་མ་དེའི་རེ་ཞུ་འབྱོར་རྗེས་སུ་གནས་ཚུལ་དེ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་དུ་དྲ་རྒྱའི་སྲུང་སྐྱོང་མི་སྣ་མངགས་ནས་རང་ངོས་ཀྱི་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་སུ། གྲང་ལྷག་ལ་མ་འཛེམས་པར་ཤ་རྒྱ་སྡེ་བའི་ཡུལ་དངོས་སུ་གནས་ཚུལ་ལ་རྟོག་ཞིབ་བྱེད་དུ་སོང་། དུས་ཚོད་36རིང་ཡུལ་དངོས་སུ་རྩད་ཞིབ་བྱས་པ་བརྒྱུད་ནས་ཇུས་གཞི་བཟོས་ཏེ་གནས་སྐབས་སྟབས་བདེའི་སྦྲེལ་ཚུགས་ཤིག་བསྐྲུན་ནས། སྡེ་བ་དེར་སྤོ་སྒུལ་བརྡ་རྟགས་ཀྱིས་ཁྱབ་པར་བྱས་པས་སློབ་ཆེན་སློབ་མ་དེས་ཀྲུང་གོའི་སྤོ་སྒུལ་དྲ་རྒྱའི་བརྡ་རྟགས་ལ་བརྟེན་ནས་དྲ་རྒྱའི་སློབ་ཁྲིད་ལ་ཐོགས་མེད་དུ་ཞུགས་ཐུབ་པར་གྱུར།

ཟླ་4པར་མཚོ་སྔོན་ཞིང་ཆེན་རིམ་པའི་ནུས་རྒྱུ་གསར་པ་གསར་སྤེལ་གྱི་གཙོ་གནད་ལས་གཞི་ས་ཁུལ་ཡིན་པའི་མཚོ་ལྷོ་ཁུལ་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་འོད་ནུས་ལས་གཞི་དེ་རིམ་བཞིན་ལས་མགོ་ཚུགས་པ་རེད། འོད་ནུས་ལས་གཞིའི་རྟེན་གཞི་དེ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཐེ་ཀེ་ཞང་གི་བྱེ་ཐང་ཆེན་མོར་ཡོད་པ་དང་།  གནས་དེར་དུས་ཡུན་རིང་བོར་མི་སྡོད་ཀྱི་མེད་པས་དྲ་རྒྱས་ཀྱང་ཁྱབ་མེད། ལས་གཞི་དེ་བསྐྱར་དུ་མགོ་བརྩམས་པ་དང་བསྟུན་ནས་ལས་བཟོ་བ་མང་དུ་ཐོན་ཞིང་། དྲ་རྒྱ་མེད་པ་དེས་ཁོ་ཚོའི་གཞི་རྩའི་འཕྲིན་གཏོང་དེ་དཀའ་གནད་ཅིག་ཏུ་གྱུར་ཡོད་པར་མ་ཟད་ཁོ་ཚོའི་རྒྱུན་ལྡན་བྱ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།

མཚོ་ལྷོ་སྤོ་སྒུལ་ཀུང་སི་ཡིས་གནས་ཚུལ་དེ་ཐོས་རྗེས་སུ་མྱུར་དུ་ལག་རྩལ་མི་སྣའི་དཔུང་སྡེ་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་བརྟག་ཞིབ་བྱེད་དུ་སོང་སྟེ།  ས་གནས་ཀྱི་འབྲེལ་ཡོད་མི་སྣར་འབྲེལ་གཏུག་ཡང་ཡང་བྱས་ནས་ཁོ་ཚོའི་རེ་འདུན་ལ་རྒྱུས་ལོན་གསལ་བོ་བྱས་རྗེས་སུ།   མྱུར་དུ་ལས་བཟོ་བ་རྩ་འཛུགས་བྱས་ཏེ་དཀའ་སྤྱད་འབད་བརྩོན་གྱིས་ལས་སྣོན་བྱས་པ་བརྒྱུད།  རྒྱུན་ལྡན་ལྟར་ན་གཟའ་འཁོར་གཅིག་གི་ལས་ཀ་དེ་དུས་ཚོད་72ནང་ལེགས་པར་གྲུབ་པར་བྱས་ཏེ། ཉེ་འཁོར་གྱི་ལས་གཞི་ས་ཁུལ་ལྔ་ལ་དྲ་རྒྱས་ཁྱབ་པར་བྱས་པས་མི་སུམ་སྟོང་ལྷག་གིས་ཕན་འབྲས་ལྡན་པའི་སྒོ་ནས་དྲ་རྒྱ་དེ་བཀོལ་སྤྱོད་བྱེད་ཐུབ་པར་གྱུར།

ལས་གཞིའི་ཡུལ་དངོས་སུ་དྲ་རྒྱས་ཁྱབ་པར་བྱས་པ་དེས་ཁོ་ཚོའི་ལས་ཀར་སྟབས་བདེ་བསྐྲུན་ཡོད་པར་མ་ཟད། ལས་བཟོ་བ་དེ་དག་གིས་རྒྱང་རིང་དུ་ཡོད་པའི་རང་གི་གཉེན་ཉེ་རྣམས་ལ་འབྲེལ་འདྲིས་བྱེད་པར་ཡང་སྟབས་བདེ་གང་ལེགས་བཟོས་ཡོད་པ་རེད།

                                                                               ལོ་ཙཱ་བ། གཡང་འབུམ་རྒྱལ།