གཙང་གསུམ་འབྱུང་ཡུལ་གྱི་ལོ་ངོ་བཅུའི་འཕོ་འགྱུར།
2020.04.23 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 38

 2010ལོའི་ཟླ4ཚེས14ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་ནས་གནོད་འཚེ་ཚབས་ཆེན་ཐེབས།

དུས་ཐུང་ལོ་10ཡི་རིང་ཡུས་ཧྲུའུ་ལ་འཕོ་འགྱུར་ཆེན་པོ་བྱུང་ནས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་བསུས་ཤིང་། ལྗང་མདོག་དང་། བདེ་སྐྱིད། འཆམ་མཐུན་བཅས་ཀྱི་དེང་རབས་ཅན་གྱི་ས་མཐོའི་གྲོང་གསར་ཞིག་གཙང་གསུམ་མགོ་ཁུངས་སུ་འགྱིང་ངེར་ཆགས་ནས་གནོད་ཤུལ་བསྐྱར་བསྐྲུན་གྱི་ངོ་མཚར་ལ་བདེན་དཔང་བྱས།

“ཀྲུང་གོའི་སྟོབས་ཤུགས”ཀྱིས་ཡུས་ཧྲུའུ་གསར་པ་བསྐྲུན་པར་སྐུལ་འདེད་བཏང་།

ལོ་གསུམ་གྱི་གནོད་ཤུལ་བསྐྱར་བསྐྲུན་ཁྲོད་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར་བཞི་བརྒྱ་ཞེ་བདུན་ལྷག་བཏང་ཞིང་ལས་གཞི1248བསྐྱར་སྐྲུན་བྱས་ཏེ། གནོད་ཤུལ་བསྐྱར་སྐྲུན་གྱི་འཆར་འགོད་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱས།  ད་ལོ་ལོ71ཡིན་པའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་སྐལ་བཟང་རྒྱ་མཚོ་ས་འགུལ་བྱུང་རྗེས་ཀྱི་ལོ་གཉིས་པར་སྡོད་ཁང་གསར་བའི་ནང་སྤར། ས་འགུལ་རྗེས་ཀྱི་ལོ་གསུམ་རིང་ཡུས་ཧྲུའུ་ཁུལ་གྱི་རོང་འབྲོག་ཁྱིམ་ཚང16710དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང22439སྡོད་ཁང་གསར་པར་སྤོས། རོང་འབྲོག་པའི་སྡོད་ཁང་གཅིག་བསྡུས་འཛུགས་སྐྲུན་བྱ་ཡུལ292ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། གནོད་ཁུལ་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་བཅོས་བྱས།  2010ལོའི་ཟླ6པར་ཀྲུང་གོ་ལྕགས་ལམ་ཅུའུ་གཉིས་པའི་བཀོད་འདོམས་པ་གཞོན་པ་དང་སྤྱི་ཁྱབ་བཟོ་བཀོད་པའི་འགན་གཅིག་ལྕོགས་སུ་བཞེས་པའི་ཁྲེང་སི་ཅུན་གྱིས་རུ་ཁག་ཁྲིད་ནས་ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྲུན་བྱས། རུ་མི་མང་པོ་ཞིག་ལ་རྟག་ཏུ་རྫ་དུག་ཚབས་ཆེན་ཕོག་ནས་མགོ་ན་བ་དང་། དབུགས་ཧལ་བ། སྐྱུག་མེར་ལངས་པ་སོགས་ནད་རྟགས་ཚབས་ཆེན་ བྱུང་ནའང་། ཏང་ཀྲུང་དབྱང་གི་མངགས་བཅོལ་དང་མང་ཚོགས་ཀྱི་རེ་སྒུག་མདུན་དུ་ཁོ་ཚོས་ཉིན་མཚན་དབྱེར་མེད་དུ་འབད་འཐབ་བྱས་ཏེ། ཡུས་ཧྲུའུ་རྫོང་མི་རིགས་སློབ་འབྲིང་དང་པོའི་བཟོ་སྐྲུན་གཙོ་བོ་ཉིན53ནང་བསྐྲུན་པ་དང་། ས་འགུལ་རྗེས་ཀྱི་ལོ་གཉིས་པར་སློབ་གྲྭ་ཡོངས་སུ་ལེགས་འགྲུབ་བྱུང་།  ལོ་ངོ་གསུམ་གྱི་རིང་ཡུས་ཧྲུའུ་ཁུལ་གྱི་སློབ་གསོའི་ལས་གཞི94དང་། སྨན་བཅོས་འཕྲོད་བསྟེན་གྱི་ལས་གཞི63 རིག་གནས་ལུས་རྩལ་གྱི་ལས་གཞི65བཅས་ཚང་མ་བསྐྲུན་ནས་ཕན་བདེ་ཁང་དང་། རྒན་གསོ་ཁང་། དྭ་ཕྲུག་ཁང་བཅས་ཁག་གཅིག་གཉེར་འགོ་ཚུགས།

ཡུས་ཧྲུའུ་རུ་ས་འགུལ་བྱུང་རྗེས་ཆུ་ཤུགས་གློག་ཁང་ཆུང་ངུར་བརྟེན་ནས་གློག་གཏོང་བའི་གློག་དྲར་གཏོར་བརླག་ཐེབས་པ་དང་། གནོད་ཤུལ་བསྐྱར་སྐྲུན་བྱས་ཚུན་དུ་རྒྱལ་ཁབ་གློག་དྲས་མ་དངུལ་སྒོར་དུང་ཕྱུར50ལྷག་ཙམ་བཏང་ནས་ཡུས་ཧྲུའུ་དང་མཚོ་སྔོན་གྱི་དྲ་སྦྲེལ་གཙོ་བོའི་ལས་གཞི་འཕྲོ་རིམ་འཕྲོར་བསྐྲུན་པས། ཡུས་ཧྲུའུ་ཡི་གློག་དྲ་དེ་སྔོན་ཆད་ཀྱི་ཆན་ཧྥུ35ཡི་གློག་ཤུགས་དྲ་བ་ནས་ཆན་ཧྥུའུ330ཡོད་པའི་དེང་རབས་ཅན་གྱི་གློག་དྲར་འཕེལ་རྒྱས་བྱུང་ནས་ཡུས་ཧྲུའུ་ཁུལ་གྱི་ཞང་དང་གྲོང་རྡལ་46དང་སྲིད་འཛིན་གྲོང་ཚོ་155ལ་གློག་དྲ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།

ཆབ་ཆ་ནས་ཡུས་ཧྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་པ་དང་ཁུལ་དང་རྫོང་གི་རིམ་པ་གཉིས་པའི་སྣུམ་སྙིགས་གཞུང་ལམ་འཛུགས་སྐྲུན་བྱས་ཏེ།  ཞང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%་ཟིན་ནས། ཡུས་ཧྲུའུ་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན། གྲོང་ཁྱེར་གྱི་གཞུང་ལམ་སྤྱི་ལེ235དང་།  ཆུ་བེད་ལས་གཞི112བཅས་ཚང་མ་འཛུགས་སྐྲུན་བྱས་པ་དང་། གྲོང་ཚོ་དབུལ་པོ་45དང་། མི་གྲངས་དབུལ་པོ་ཁྲི་གསུམ་སྟོང་བརྒྱད། ཕྱུགས་གྲངས་ས་ཡ་གཅིག་འབུམ་དྲུག་ཁྲི་གཉིས་བཅས་ཀྱི་འཐུང་ཆུའི་གནད་དོན་ཡོངས་སུ་ཐག་བཅད།

དམངས་ཚིས་ལ་ཤུགས་བསྣན་ནས་བདེ་སྐྱིད་ཀྱི་ཡུས་ཧྲུའུ་གསར་བ་བསྐྲུན།

གནོད་འཚེ་ཐེབས་རྗེས་ཀྱི་ལོ་བཅུའི་རིང་ཡུས་ཧྲུའུ་ཁུལ་གྱིས་ལོ་རེར་ནོར་སྲིད་མ་དངུལ་75%ཡན་བསྡུ་སྒྲིག་བྱས་ཏེ་དམངས་ཚིས་ཐད་བཀོལ་བས།  འབྲོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་། སློབ་གྲྭ། འགྲིམ་འགྲུལ། སྨན་བཅོས། རྒན་གསོ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སྣང་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།

པེ་ཅིན་གྱི་མཚོ་སྔོན་རོགས་སྐྱོར་རུ་ཁག་བཞི་པའི་ལས་བྱེད་པ་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀུའོ་ཡུང་གིས་རྒྱང་ཐག་རིང་བའི་འབྲོག་ཁུལ་མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བའི་གནད་དོན་ཐག་གཅོད་བཟང་བོ་བྱ་ཆེད། ལོ10ཡི་རིང་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གིས་སྔ་རྗེས་སུ་འགོས་ནད་ཚན་ཁག་དང་། ཐུམ་འབུའི་ནད་སྨན་བཅོས་རྟེན་གཞི། བྱིས་པ་དང་གསར་སྐྱེས་ཕྲུ་གུ་སྐྱོབ་བཅོས་ལྟེ་གནས་སོགས་ཚན་ཁག་གསར་པ་14བཙུགས་པ་དང་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་ཁག་168ནང་འདྲེན་བྱས།

ས་འགུལ་བྱུང་རྗེས་ཡུས་ཧྲུའུ་ཡིས་གཞི་ཁྱོན་ཆེ་བའི་ཡུལ་གཞན་གྱི་སློབ་གཉེར་བཟོ་འགོད་ལག་བསྟར་བྱས་ཏེ་སློབ་མ6247པེ་ཅིན་དང་། ལེའོ་ཉིན། སི་ཁྲོན། ཧུའུ་པེ་སོགས་སུ་སློབ་སྦྱོང་བྱེད་པར་མངགས། ལོ15ལ་སླེབས་པའི་རིན་ཆེན་གཡུ་སྒྲོན་ཧྲན་ཏུང་ཐེ་ཨན་གསོ་རིག་སློབ་གླིང་དུ་བསྐྱོད་རྗེས་སློབ་ཡོན་ཚང་མ་མེད་པར་བཟོས་བ་དང་ཟླ་རེར་ད་དུང་འཚོ་བའི་ཁ་གསབ་རོགས་དངུལ་སྒོར300སྟེར་བ་རེད། ད་ལྟ་རིན་ཆེན་གཡུ་སྒྲོན་ཁྲི་འདུ་རྫོང་ཞིབ་དབུས་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་ཏུ་གྱུར་ཡོད།  ས་འགུལ་བྱུང་ནས་ལོ10འགོར་རྗེས་ཡུས་ཧྲུའུ་ཡི་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་ཞུགས་ཀྱི་ཚད་32%ནས་98%བར་འཕར་བ་དང་བུ་བཅོལ་ཁང་དུ་ཞུགས་ཚད་3.5%ནས་68%བར་འཕར་ཡོད།

ཡུས་ཧྲུའུ་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཞའོ་ཝེ་ཡིས་བཤད་རྒྱུར།  སྐྱེ་ཁམས་ཕྱུགས་ལས་ལ་རྐང་ཚུགས་ཏེ་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་258ལ་མིག་སྔར་ཕྱུགས་ལས་མཉམ་ལས་ཁང་264ཡོད་པ་དང་། མིག་སྔར་ཡུས་ཧྲུའུ་ཁུལ་དུ་དབུལ་པོར་གྱུར་ཚད་ལོ་ལྔའི་སྔོན་གྱི་34%ནས་3%ལ་མར་ཆག་པ་དང་ཁུལ་ཡོངས་སུ་དབུལ་པོ་གཅིག་ཀྱང་མི་ལྷག་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཟེར།

ཡུས་ཧྲུའུ་ཁུལ་དུ་གནས་པའི་ཨ་ཆེན་གངས་རྒྱབ་ནི་རི་དྭགས་གཙོད་ཀྱི་འཚོ་སྡོད་ཁུལ་གལ་ཆེན་ཞིག་ཡིན་པ་དང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གཙོད་ཁྲི་7ལྷག་ལ་འཕར་བ་དང་གསའ་ཡི་ཁྱུ་ཚོགས་1200ལྷག་ལ་བསླེབས་ནས་གཙང་གསུམ་འབྱུང་ཡུལ་དེ་གོ་ལ་ཧྲིལ་པོའི་གསའ་མང་ཤོས་ཀྱི་ས་ཁོངས་སུ་གྱུར་ཡོད། ཁྲུང་ཁྲུང་སྐེ་ནག་དང་། གཙོད། འབྲོང་། རྐྱང་། དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་ཇེ་མང་དུ་སོང་ཡོད།

ཡུས་ཧྲུའུ་ཁུལ་ཡོངས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་མགོ་ཁུངས་གླིང་དང་རྫ་ཆུའི་མགོ་ཁུངས་གླིང་ཚུད་ཡོད་པ་དང་། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི་85%ཟིན་ཡོད། “ཀྲུང་ཧྭའི་ཆུ་མཛོད”དུ་གྲགས་པའི་གནས་དེ་ནི་རྒྱལ་ཡོངས་དང་ཨེ་ཤ་ཡའི་ཆུའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་པ་དང་། དེ་ནི་རང་རྒྱལ་གྱི་གཙོ་གནད་ཆུ་རྩ་གསོ་ཁུལ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ས་ཆ་གལ་ཆེན་ཞིག་ཀྱང་རེད། གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་རྣམས་རྩྭ་ཐང་སྤྱོད་མཁན་ནས་རྩྭ་ཐང་སྲུང་མཁན་དུ་འགྱུར་ཆེད། 2015ལོར་ཀྲུང་དབྱང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུའི་གཏན་འཁེལ་བྱས་རྗེས་ཡུས་ཧྲུའུ་རུ་མི་ཁྲི་གཅིག་དང་སྟོང་བརྒྱད་ལ་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་ཐོབ་ཡོད།

ལོ10ཡི་རིང་ཡུས་ཧྲུའུ་ཡིས་རིམ་རྩིས་བྱས་ན་ནགས་གསོ་མུའུ་འབུམ་བརྒྱད་ཁྲི་གསུམ་སྟོང་བརྒྱད་ལྷག་བྱས་པ་དང་། མྱ་ངམ་ཐང་དང་གྲམ་ཐང་མུའུ་ས་ཡ་བཞི་འབུམ་དྲུག་ཁྲི་བཞི་ལྷག་བཅོས་སྐྱོང་བྱས། 2012ལོ་ནས་བཟུང་འདམ་ར་མུའུ་ཁྲི་གསུམ་སྟོང་དགུ་ནས་མུའུ་ཁྲི་ལྔ་ཙམ་བར་ཇེ་ཆེར་སོང་ཡོད། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་སུམ་བརྒྱ་གྱ་བཞི་ལྷག་ནས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་བཞི་བརྒྱ་ལྷག་ལ་ཇེ་མང་དུ་སོང་ཡོད།

ཉེ་བའི་ལོ་ཤས་རིང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་། རྒྱལ་ཡོངས་ཀྱི་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་གཏོད་དཔེ་སྟོན་གྲོང་ཁྱེར་བཅས་བདེ་བླག་ངང་བསྐྲུན་པ་དང་མིག་སྔར་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་བསྐྲུན་བཞིན་ཡོད། གྲོང་ཁྱེར་འཛུགས་སྐྲུན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ཏེ་ཡུས་ཧྲུའུ་མི་དམངས་ཀྱི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ལ་རིམ་བཞིན་འགྱུར་ལྡོག་འབྱུང་བཞིན་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།