ཁྲི་འདུ་རྫོང་གིས་ནས་ནག་བཏབ་སྟེ་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་བ།
2020.05.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

ཟླ4པའི་ཚེས25ཉིན། ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དང་མཚོ་སྔོན་ཧན་ཧི་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་གཉིས་ཀྱིས་ཞིང་ལས་འདེབས་འཛུགས་ཉོ་བསྡུའི་མངག་ཐོར་གྲོས་མཐུན་བྱུང་བའི་ཡི་གེར་མིང་རྟགས་བཀོད། དེས་ཁྲི་འདུ་རྫོང་གི་མཐོ་སྒང་ཞིང་ལས་ཚོང་ར་ཅན་དུ་བསྒྱུར་ཏེ། ནས་ནག“གསེར་གྱི་ས་བོན”དུ་གྱུར་པ་དང་། ཁྲི་འདུ་ཡི་ཞིང་ལས“མགྱོགས་བགྲོད་ལམ”དུ་བསྐྱོད་དེ་འདེབས་འཛུགས་ལས་རིགས་ཀྱི་ཐོན་འབབ་བཟང་བ་དང་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། རོང་འབྲོག་པའི་ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད་པ་བཅས་ཀྱིས། གྲོང་གསེབ་དར་སྤེལ་མངོན་འགྱུར་འབྱུང་བར་རྨང་གཞི་བརྟན་པོ་ཞིག་བཏིང་བ་མཚོན་ཡོད།

རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་ཧན་ཧི་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་ནི་རྒྱལ་ནང་གི་ཆེད་དུ་མཚོ་བོད་མཐོ་སྒང་གི་ནས་ནག་ལས་སྣོན་བྱེད་པའི་ཁེ་ལས་ཨང་དང་པོ་ཡིན། གྲོས་མཐུན་ཡི་གེ་ལྟར་ན། ཧན་ཧི་ཀུང་སིས་རེ་བ་དང་མཐུན་པའི་ནས་ནག་ས་བོན་མཁོ་སྤྲོད་བྱེད་དགོས་པར་མ་ཟད། ཞིང་པས་ཚན་རིག་ལྟར་འདེབས་འཛུགས་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་། གྲངས་ཀ་དང་རྒྱུ་སྤུས་ལ་ཁག་ཐེག་བྱེད་པ། སྟོན་བསྡུས་རྗེས་ས་བོན་གྱི་རིན་གོང་བཅག་པའི་རྨང་གཞིའི་སྟེང་། གྲོས་མཐུན་གྱི་རྒྱུ་སྤུས་དང་རིན་གོང་ལྟར་ཉོ་སྒྲུབ་བྱེད་པ་དང་། ཁྲི་འདུ་རྫོང་གིས་ཞིང་པ་རྩ་འཛུགས་བྱས་ཏེ་རེ་བ་ལྟར་འདེབས་འཛུགས་བྱས་པར་མ་ཟད། ཐོན་སྐྱེད་དོ་དམ་དང་སྐྱེལ་འདྲེན་བྱེད་པར་འགན་ཁུར་པ་རེད།

ཁྲི་འདུ་ལ་གནའ་ནས་གཞི་ཁྱོན་ཆེ་བའི་ནས་ནག་འདེབས་སྲོལ་ཡོད་མོད། འོན་ཀྱང་ས་གཤིས་དང་ཁོར་ཡུག་གི་རྐྱེན་གྱིས་སྲོལ་རྒྱུན་ཞིང་ལས་ཀྱི་རྨང་གཞི་ཞན་ལ། ཡུན་རིང་པོར་ཐོན་ཚད་དམའ་བ་དང་དཔལ་འབྱོར་ཕན་ཁེ་མི་ལེགས་པས་འཕེལ་རྒྱས་འགྲོ་མི་ཐུབ་པའི་དཀའ་ངལ་ལ་འཕྲད་ཡོད། ཉེ་བའི་ལོ་འགའི་རིང་ལ། ཁྲི་འདུ་རྫོང་གིས་ཤུགས་གང་ཡོད་ཀྱིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་མཉམ་དུ། ཞིང་ལས་འདེབས་འཛུགས་གྲུབ་ཚུལ་ཧུར་ཐག་གིས་ལེགས་སྒྲིག་བྱས་ཏེ། འདེགས་སྐྱོར་ཐོན་ལས་སྔར་བས་སྲ་བརྟན་དང་མཐོར་འདེགས་སུ་བཏང་ཞིང་། ཞིང་ཕྱུགས་ཕན་ཚུན་ཁ་གསབ་དང་ཕྱུགས་ལས་ཀྱིས་ཞིང་ལས་ལ་སྣེ་ཁྲིད་པ། སྐྱེད་སྲིང་གཉིས་དང་སྐུལ་ཁྲིད་གཉིས། མཉམ་ཕན་མཉམ་རྒྱལ་བཅས་ཀྱི་འཕེལ་རྒྱས་རྣམ་པ་མངོན་འགྱུར་བྱས། ཐེངས་འདིར་ཧན་ཧི་ཀུང་སི་དང་འདེབས་འཛུགས་ཉོ་བསྡུའི་མངག་ཐོར་གྲོས་མཐུན་བྱུང་བའི་ཡི་གེར་མིང་རྟགས་བཀོད་པ་དེས། ཁྲི་འདུ་རྫོང་གི་ཞིང་ལས་འཕེལ་རྒྱས་ལ་སྔར་ལས་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་སྤེལ་གྱི་ནུས་པ་ཆེན་པོ་ཐོན་ངེས། །

                                                                                         རྩོམ་སྒྲིག་པ། གཡང་འབུམ་རྒྱལ།