ཅ་ཞིས་གཞུང་ལམ་བཟོ་སྐྲུན་འཛུགས་སྐྲུན་བདེ་བླག་ངང་སྤེལ།
2020.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

 ཅ་ཞིས་གཞུང་ལམ་གྱི་བཟོ་སྐྲུན་ལས་ཡུལ་དུ་ལས་བཟོ་པས་ལྕགས་རྩིབས་ཚ་ལ་རྒྱག་བཞིན་འདུག

ལས་ཐོན་བསྐྱར་ཚུགས་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས་པ་དང་བསྟུན་ནས།   ཅ་ཞིས་གཞུང་ལམ་བཟོ་སྐྲུན་གྱིས་ལས་མགོ་བསྐྱར་ཚུགས་ཀྱི་བྱ་བར་ཞུགས་པའི་ལས་བཟོ་པ་རྣམས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཡག་པོར་སྒྲུབ་པའི་རྨང་གཞིའི་སྟེང་།  ཚན་རིག་དང་མཐུན་པའི་ཇུས་འགོད་དང་རྩ་འཛུགས་ཞིབ་མོ་བྱེད་པའི་བྱ་བ་དམ་འཛིན་བྱས་ནས་བཟོ་སྐྲུན་འཛུགས་སྐྲུན་གྱི་ཚ་རླབས་ཤིག་མྱུར་དུ་འཕྱུར་བར་བྱས་ཏེ། བཟོ་སྐྲུན་འཛུགས་སྐྲུན་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་།

ཟླ་4ཚེས་28ཉིན་གསར་འགོད་པ་ཅ་ཞིས་གཞུང་ལམ་གྱི་ཧྲི་ཡང་ལིན་ཕུག་ལམ་གྱི་བཟོ་སྐྲུན་ཡུལ་དངོས་སུ་ཐོན་དུས།  བཟོ་སྐྲུན་ལས་ཡུལ་དུ་འབར་གས་ཀྱི་ལྡིར་སྒྲ་ཆེན་པོ་ཞིག་གྲགས་པ་དང་མཉམ་དུ་འགས་གཏོར་གྱི་ལས་རིམ་དེ་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། དེའི་རྗེས་སུ་ལས་བཟོ་པ་རྣམས་ཀྱིས་གོ་རིམ་ལྡན་པའི་ངང་ས་རྡོའི་སྙིགས་རོ་གཙང་སེལ་བྱེད་བཞིན་འདུག ་དེ་བཞིན་འགས་གཏོར་བྱེད་པ་དང་ས་རྡོའི་སྙིགས་རོ་ཕྱིར་འདོན་པ།  ཁུང་བུ་འབིགས་པ་སོགས་ཀྱི་ལས་ཀ་དེ་གོ་རིམ་ལྡན་པའི་ངང་སྤེལ་བས་ཕུག་ལམ་སྔོག་འདོན་བྱེད་པའི་བྱ་བ་དེ་མུ་མཐུད་དུ་ལེགས་ཕྱོགས་སུ་འཕེལ་བཞིན་འདུག

ཅ་ཞིས་གཞུང་ལམ་གྱི་མགོ་འཛུགས་ས་དེ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་རྒྱ་སྡིངས་གྲོང་རྡལ་ཡིན་པ་དང་། ཏ་ཐུང་གཙང་པོའི་སྟོད་རྒྱུད་ནས་ཆིང་ཀང་འགག་བརྒྱུད་དེ་ཀན་སུའུ་ཞིང་ཆེན་གྱི་ཕྱོགས་སུ་བརྐྱངས་ཡོད་པ་རེད།  ལམ་ཐིག་ཧྲིལ་པོར་ཟམ་ཆེན་དང་ཕུག་ལམ་མང་པོ་ཡོད་པའི་ནང་རིང་ཚད་སྤྱི་ལེ་11.17ཡོད་པའི་དགོན་ལུང་བྱང་རིའི་ཕུག་ལམ་རིང་ཤོས་དེ་ནི་ལས་གཞི་དེའི་གཙོ་གནད་རང་བཞིན་གྱི་བཟོ་སྐྲུན་གྲས་ཤིག་ཡིན་ལ་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གཞུང་ལམ་ཕུག་ལམ་རིང་ཤོས་ཤིག་ཀྱང་ཡིན་པར་མ་ཟད། རྒྱལ་ནང་གི་ས་བབ་མཐོ་བའི་ས་ཁུལ་གྱི་ཕུག་ལམ་རིང་ཤོས་གཉིས་པ་དེ་རེད།

“ཧྲི་དབྱང་ལིང་ཕུག་ལམ་ནི་རྒྱ་སྡིངས་ནས་ཧའེ་ཡན་བར་གྱི་གཞུང་ལམ་གྱི་དུམ་མཚམས་དང་པོའི་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པ་དང་། ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་1.8ཡོད་པ་དང་། མིག་སྔའི་བར་སྨི་500ལྷག་ཙམ་སྔོག་འདོན་བྱས་ཡོད་ཅིང་། ལོ་འདིའི་ནང་ལམ་ཐིག་ཧྲིལ་པོ་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད། ཀྲུང་གོ་ཆུ་བེད་ཆུ་གློག་བཟོ་སྐྲུན་ཅུའུ་བཞི་པའི་རྒྱ་སྡིངས་ལམ་ཐིག་ལས་གཞི་ཀུང་སིའི་འགན་འཁུར་བ་པེ་ཕུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།  རྒྱ་སྡིངས་ནས་ཧེ་ཡན་བར་གྱི་གཞུང་ལམ་ནི་རྒྱལ་ལམ་G341གི་མཚོ་སྔོན་ལམ་ཐིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།  མིག་སྔར་རྒྱལ་ཁབ་ཀྱིས་“རྒྱུད་གཅིག་ལམ་གཅིག”དར་སྤེལ་བྱས་ནས་ནུབ་རྒྱུད་ས་ཁུལ་འཛུགས་སྐྲུན་བྱེད་པའི་གཙོ་གནད་བཟོ་སྐྲུན་ལས་གཞི་ཤིག་ཀྱང་རེད།

ལས་གཞི་དེ་2020ལོའི་ཟླ་2ཚེས་28ཉིན་དངོས་སུ་ལས་མགོ་བརྩམས་པ་དང་མིག་སྔར་ལས་གཞིའི་ཕུག་ལམ་དང་ཟམ་པ། ལམ་གཞིའི་ཟམ་ངོས་བཅས་ཀྱི་བཟོ་སྐྲུན་ཕྱོགས་ཡོངས་ནས་སྐྲུན་མགོ་ཚུགས་ཡོད། ལས་གཞི་དེར་ལོ་ཧྲིལ་པོར་མ་དངུལ་སྒོར་མོ་དུང་ཕྱུར་15གཏོང་རྩིས་ཡོད་པ་དང་མིག་སྔར་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་ཟིན་པ་རེད། ད་ལྟ་ལམ་དུམ་དང་པོའི་བཟོ་སྐྲུན་ལས་ཡུལ་དུ་ལས་བཟོ་བ་1408ཡོད་པ་དང་། འཛུགས་སྐྲུན་བཟོ་སྐྲུན་བྱེད་སྐབས་མཐོ་ཤོས་ཀྱི་ལས་བཟོ་བའི་གཞི་རྩའི་ཚད་གཞི་ཟིན་ཡོད་ལ་དེ་གཞི་རྩའི་ཆ་ནས་བཟོ་སྐྲུན་གྱི་སྔོན་དཔག་དམིགས་འབེན་གྱི་མྱུར་ཚད་འཆར་གཞི་དང་མཐུན།  བཟོ་སྐྲུན་ལ་རིམས་ནད་ཀྱི་ཤུགས་རྐྱེན་མི་ཐེབས་པ་དང་དུས་ཚོད་ལྟར་དུ་ལས་མཇུག་སྒྲིལ་ཐུབ་པར་འགན་སྲུང་བྱེད་ཆེད། ལས་གཞི་པུའུ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་མཉམ་དུ། བཟོ་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་འབྲེལ་ཡོད་བྱ་བ་སྣ་ཚོགས་བཀོད་སྒྲིག་ལེགས་པོ་བྱས་ནས་བཟོ་སྐྲུན་དུས་ཡུན་ནར་འགྱངས་མི་བྱེད་པར་འགན་སྲུང་བྱས།

“ཏ་ཐུང་གཙང་པོའི་ཟམ་ཆེན་ཨང་དང་པོ་དེ་ཡང་ང་ཚོའི་ལས་གཞིའི་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པ་དང་།  ད་སྐབས་ནི་ཏ་ཐུང་གཙང་པོའི་བཞུར་རྒྱུན་ཆུང་བའི་དུས་སྐབས་ཡིན་པས་ང་ཚོས་ཟླ་དྲུག་པའི་སྔོན་དུ་རྨང་གཞིའི་བཟོ་སྐྲུན་ཚང་མ་ལེགས་འགྲུབ་བྱེད་དགོས་པ་དང་། ད་ལྟ་གཞི་ནས་50%ཡི་ཟམ་པའི་རྨང་གཞིའི་བཟོ་སྐྲུན་ལེགས་གྲུབ་ཟིན་ཡོད་ཅེས་པེ་ཕུན་གྱིས་བཤད།

བཟོ་སྐྲུན་འཛུགས་སྐྲུན་པ་པེ་ཕུན་གྱིས་བཤད་རྒྱུར།  ཅ་ཞིས་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་སུ། མཚོ་སྔོན་ནས་ཀན་སུའུ་བར་གྱི་མེ་འཁོར་ལམ་དུ་བསྐྱོད་པའི་དུས་ཚོད་དེ་སྔར་ལས་ལྷག་པའི་སྒོ་ནས་ཇེ་ཐུང་དུ་འགྲོ་རྒྱུ་ཡིན་པར་མ་ཟད།ལམ་རྒྱུད་ཀྱི་མཛེས་ལྗོངས་ཀྱང་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་ཐུབ་ཟེར།

ཤེས་རྟོགས་བྱུང་བ་ལྟར་ན། ལས་གཞིའི་ཁུལ་དུ“དགོན་ལུང་བྱང་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང”དང་། “བྱང་རིའི་རྒྱལ་ཁབ་ས་གཤིས་སྤྱི་གླིང”“ནན་མོན་འགག་གི་རྒྱལ་ཁབ་འདམ་རའི་སྤྱི་གླིང”སོགས་ཡོད་ཅིང་། རང་བྱུང་ཁོར་ཡུག་ཧ་ཅང་མཛེས་སྡུག་ལྡན་པ་དེས་བཟོ་སྐྲུན་འཛུགས་སྐྲུན་ཀྱི་སྐབས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་ཧ་ཅང་མཐོ་བ་མཚོན་གྱི་ཡོད། ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ལ་འགོག་རྐྱེན་བཟོ་ཚད་ཉུང་དུ་གཏོང་བར་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ་ས་ཆ་བེད་སྤྱོད་བྱེད་པའི་རྒྱ་ཁྱོན་ནུས་ཡོད་སྒོས་ཆུང་དུ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོབ་དོ་མཉམ་ཡོང་བ་བྱས། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་པ་སྟེ། མགྱོགས་མྱུར་དང་ནུས་ལྡན། སྟབས་བདེ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་མཚོ་སྔོན་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱེད་ཐུབ་རྒྱུ་རེད།

                                                                              ལོ་ཙཱ་བ། གཡང་འབུམ་རྒྱལ།