མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བྲག་དམར་སྡེ་བས་ཟླ་བ་འགའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པས། སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་བ་རེད། ཕྱུགས་རའི་ནང་གི་ཤ་ཤེད་རྒྱས་པའི་ལུག་བརྒྱ་ཕྲག་འགའ་ལ་བལྟས་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྒྱལ་གྱི་གདོང་ལ་འཛུམ་མདངས་ལྷུག་པོར་གྲོལ་ནས“འདི་ནི་ང་ཚོའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་བྱས་རྗེས་རེད།”ཟེར།
བྲག་དམར་སྡེ་བ་ནི་དཔེ་མཚོན་ལྡན་པའི་ཞིང་ཕྱུགས་མཉམ་གཉེར་གྱི་སྡེ་བ་ཞིག་རེད། སྡེ་བ་ཡོངས་ཀྱི་ཁྱིམ་ཚང84ཡི་སྡེ་དམངས་ལ་རྨོ་ཞིང་སྤྱི་ཆིང50དང་རྩྭ་ས་སྤྱི་ཆིང2000ལྷག་ཡོད། གནས་ལུགས་ལྟར་ན་ཕྱུགས་ལས་འཕེལ་རྒྱས་ནི་སྡེ་བ་འདིའི་སྡེ་དམངས་ལ་མཚོན་ན་རྒྱུས་མེད་ཅིག་ཡིན་མི་དགོས་མོད། འོན་ཀྱང་བསམ་བློའི་ལྟ་བ་མཁྲེགས་འཛིན་ཡིན་པས་ཀུན་གྱིས་གནས་བབ་ཡག་པོའི་ཐོན་ལས་ཁྲོད་ནས་ཁེ་སྤོགས་མང་པོ་བཙལ་མ་ཐུབ་པས་རིམ་གྱིས་སྡེ་བ་ཡོངས་ལ་ནོར900ལྷག་ལས་མེད་པར་གྱུར།
དཔལ་འབྱོར་གྱི་སྒྲིག་གཞི་སྣ་རྐྱང་ཡིན་ལ་ལས་བསྒྱུར་འཕེལ་རྒྱས་དལ་བས། བྲག་དམར་སྡེ་བའི་དབུལ་ཐར་གྱི་གོམ་འགྲོས་ཇི་ལྟར་ཇེ་བརྟན་དུ་གཏོང་། ན་ནིང་ལོ་མགོར་ལས་འགན་བླངས་རྗེས། ཧྲུའུ་ཅི་དང་པོ་བྱང་མོ་སྐྱིད་ཀྱི་མིག་མདངས་ཁྱད་ཐོན་འདེབས་འཛུགས་ཕྱོགས་སུ་འཁོར་བ་རེད།
“སྐབས་དེར་བྱེད་ཐབས་མང་པོ་བཏོན་མྱོང་། མཇུག་མཐར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་སློབ་སྦྱོང་བྱེད་སྐབས་ས་གནས་དེ་གའི་མང་ཚོགས་ཀྱིས་གྲོ་མ་བཏབ་པ་ལ་བརྟེན་ནས་དཔལ་འབྱོར་གྱི་ཕན་འབྲས་མི་དམན་པ་ཐོབ་ཡོད་པ་མཐོང་བས། ལག་རྩལ་མི་སྣས་དངོས་སུ་རྟོག་ཞིབ་དང་ཞིབ་བསྡུར་བྱས་པ་བརྒྱུད། ས་ཆ་འདི་གཉིས་ཀྱི་ས་གཤིས་ཆ་རྐྱེན་དང་ནམ་ཟླའི་ཁོར་ཡུག་གཅིག་འདྲ་ཡིན་པས། གྲོ་མ་འདེབས་འཛུགས་ཀྱི་ལམ་བུ་འདིར་ཞུགས་ཆོག་ཆོག་ཡིན་པ་ཤེས།”
དེ་ལྟར། བྱང་མོ་སྐྱིད་ཀྱིས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ། 2018ལོའི་ཟླ4པར་སྒོར་ཁྲི35བཏང་སྟེ་གྲོ་མ་སྤྱི་ཆིང6.67བཏབ་པ་དང་། 2019ལོའི་ཟླ10པར་དེའི་ཁྲོད་ཀྱི་སྤྱི་ཆིང2ལས་གྲོ་མ་སྤྱི་རྒྱ3000ལྷག་ཐོན།
“ལོ་དང་པོར་ཚོད་ལྟ་བྱས་ནས་བཏབ་པས་ཐོན་ཚད་ལ་ཚང་མར་གདེང་ཚོད་མེད། ཡིན་ཡང་ཚོད་ལྟའི་ཚུལ་གྱིས་སློག་པའི་སྐབས་སུ་མུའུ་རེའི་ཐོན་ཚད་སྤྱི་རྒྱ300ལྷག་ལ་སླེབས། དེའི་རྗེས་ང་ཚོས་མཉམ་དུ་གྲོས་མོལ་བྱས་ནས་མང་ཤོས་སང་ལོའི་དཔྱིད་མགོ་ཚུགས་དུས་སློག་རྒྱུ་བྱས་པ་དང་། ཐོག་མར་སྤྱི་ཆིང2ཀྱི་ནང་ནས་འགའ་ཤས་སློག་པ་ཡིན།” སྡེ་བའི་རྩིས་གཉེར་པ་གསེར་སྐྱབས་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། གྲོ་མ་སློག་སྐབས་ཁོ་ཚོས་རང་སྡེ་བའི་སྡེ་མི100ལྷག་རྩ་འཛུགས་བྱས་པར་མ་ཟད། ཉེ་འཁོར་གྱི་སྡེ་བའི་མི60ལྷག་ཀྱང་ནང་དུ་ཞུགས་སུ་བཅུག་པ་དང་། གཏན་འཁེལ་ལྟར་སྡེ་མི་ལས་ཀ་བས་ཉིན་དེར་སློག་པའི་ཕྱེད་ཀ་གླ་ཆ་བྱས་ནས་རང་གིས་ཁྱེར་ཆོག་པར་བྱས།
སྟག་མོ་མཚོ་མཐོང་སྐབས། མོས་ཏག་ཏག་རང་གི་ར་སྐོར་ནང་གི་གྲོ་མ་སྐེམ་བཞིན་འདུག གསར་འགོད་པས་ཡོང་འབབ་དྲིས་པ་ན། ལག་ལས་ཀར་བྱང་ཆ་ལྡན་པའི་བོད་རིགས་བུད་མེད་འདིས་རྩིས་ཤིག་བརྒྱབ་བྱུང་།“ཟླ10པར་ང་དང་བུ་མོ་གཉིས་ཀྱིས་ཉིན་ལྔ་དྲུག་ཙམ་ལ་སློག་པ་དང་། གྲོ་མ་སྤྱི་རྒྱ40ཁྱེར་ཡོང་བ་ཡིན། དེའི་ཁྲོད་ཀྱི་གྲོ་མ་གསར་པ་སྤྱི་རྒྱ7.5ལ་སྤྱི་རྒྱ་རེར་སྒོར30བྱས་ནས་ཕྱིར་བཙོངས་ཟིན། ལྷག་མ་སྐམ་ཐག་ཆོད་པ་འདི་རྫོང་མཁར་གྱི་ཟ་ཁང་ཞིག་གིས་སྤྱི་རྒྱ་རེར་སྒོར120ལྟར་མངགས་ཉོ་བྱས་ཡོད།”
ཉིན་འགའ་ཡི་དུས་ཡུན་ཐུང་ཐུང་ནང་མ་བུ་གཉིས་ཀྱི་ཡོང་འབབ་སྒོར2000ལས་བརྒལ། འདི་སྟག་མོ་མཚོར་མཚོན་ན་ཡིད་ལ་དྲན་མ་མྱོང་བའི་བྱ་བ་ཞིག་རེད། དོན་དངོས་སུ་མོ་ཁོ་ན་མ་ཡིན་པར་སུས་ཡིད་ལའང་དྲན་མྱོང་མེད། ས་ཆ་གཅིག་ཡིན་ཡང་ཡོང་འབབ་ལ་བར་ཁྱད་ཆེན་པོ་འདུག
“སྟོན་བསྡུ་མཇུག་སྒྲིལ་རྗེས། ང་ཚོ་མི་འགས་རྩིས་བརྒྱབ་པ་ཡིན། ཚང་མའི་གླ་ཆ་ཕུད་རྗེས་སྡེ་བའི་ནང་ད་དུང་གྲོ་མ་སྤྱི་རྒྱ3000ལྷག་ཡོད། ཧྲུའུ་ཅི་དང་པོས་སྣེ་ཁྲིད་ནས་ཕྱིར་འཚོང་བྱས་པས་ཟླ་འགའི་རིང་ལ་སྤྱི་རྒྱ2000ཡས་མས་ཕྱིར་འཚོང་བྱས་པ་དང་། སྡེ་བ་ཐུན་མོང་ལ་གློ་བུར་དུ་སྒོར་ཁྲི6གི་ཡོང་འབབ་བྱུང་། འདི་ལྟར་རྩིས་བརྒྱབ་ན་སང་ལོའི་དཔྱིད་མགོ་ཚེས་དུས་ཡོང་འབབ་འདི་ལས་མཐོ་བ་རེད།”ཕན་འབྲས་ཐོབ་རྗེས་ཚེ་རིང་རྒྱལ་མ་འོངས་པའི་འཕེལ་རྒྱས་ལ་རེ་བས་ཁེངས་འདུག
“ད་ལོ་ངས་རྫོང་ཐོག་ནས་སྒོར་ཁྲི100ཡི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་པ་དང་། དེའི་ཁར་སྡེ་དམངས་རྣམས་ཀྱིས་བསྡུས་པའི་སྒོར་ཁྲི46བསྣན་ཏེ། སྡེ་བའི་ནང་ནས་ཕྱུགས་ར་དང་རྩྭ་ཁང་འཛུགས་སྐུན་བྱས་པ་དང་། ཞིང་ལས་འཕྲུལ་འཁོར་དང་རྐང་གསུམ་འཁོར་ལོ་ཉོས་པར་མ་ཟད། མ་མོ500ཉོས་པ་ཡིན།”བྱང་མོ་སྐྱིད་ཀྱིས་དེ་ལྟར་བཤད། ད་ལྟ་སྡེ་བ་ཡོངས་ཚན་ཆུང4རུ་བགོས་ཡོད་ལ། རེས་མོས་སྒོས་མཉམ་ལས་ཁང་གི་ཉིན་རྒྱུན་གྱི་བྱ་བར་འགན་འཁུར་གྱིན་ཡོད།
ལོ་མཇུག་ལ་སླེབས་པས། ལོ་གཅིག་གི་བྱ་བར་སྤྱི་བསྡོམས་བྱེད་པའི་དུས་ལ་བབ་ཡོད། བྲག་དམར་སྡེ་བའི་ལོ་འདིའི་འཕེལ་རྒྱས་ལ་ཕྱིར་དྲན་བྱས་ན།དབུལ་ཐར་གྱི་ཡུལ་དངོས་སུ་བཞད་པའི་སྐལ་བཟང་མེ་ཏོག་ཅིག་དང་མཚུངས་པའི་བྱང་མོ་སྐྱིད་ཀྱི་མིག་ཟུང་ལས་མངོན་པ་ནི་འགྱུར་མེད་ཀྱི་བློ་སྤོབས་རེད།“རྩ་འཛུགས་ལ་ཤུགས་སྣོན་དང་ཐོན་ལས་ནང་འདྲེན། ཕྱི་ཕྱོགས་ཀྱི་རོགས་སྐྱོར་བྱ་བའི་རིག་ལམ་དང་བྱེད་ཐབས་བརྒྱུད་ན། སྡེ་བའི་དངོས་ཡོད་གནས་ཚུལ་དང་དམངས་ཀྱི་འདོད་འདུན་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བགྲོད་ཐུབ། །”
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།