དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད།
2020.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

 ---མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་དང་ཨུ་ཡོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་ལེགས་པོ་གནང་།

ཙུང་ལི་ལི་ཁི་ཆིང་གིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བསྟན་དོན། རིམས་ནད་འགོག་བཅོས་ཚོད་འཛིན་རྒྱུན་རྣམ་ཅན་དུ་གྱུར་པའི་སྔོན་འགྲོའི་ཆ་རྐྱེན་འོག བརྟན་བརླིང་འཕེལ་རྒྱས་ཀྱི་བྱ་བའི་སྤྱིའི་གཞི་གདངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་གཙོ་གནད་དུ་འཛིན་པ། སྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ། མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་པ་དང་། “བརྟན་བརླིང་དྲུག”གི་བྱ་བའི་ཤུགས་ཚད་ཆེ་རུ་བཏང་ནས། སྡོད་དམངས་ཀྱི་ལས་ཞུགས་དང་། གཞི་རྩའི་དམངས་ཚིས། ཚོང་རའི་གྲུབ་ཆ་གཙོ་བོ། འབྲུ་རིགས་ནུས་ཁུངས་ཀྱི་བདེ་འཇགས། ཐོན་ལས་མཁོ་སྤྲོད་ཀྱི་སྦྲེལ་ཐག་བརྟན་བརླིང་། གཞི་རིམ་འཁོར་རྒྱུག་བཅས་འགན་སྲུང་བྱེད་དགོས། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་གི་ཁྱོན་ཡོངས་སྲུང་སྐྱོང་། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བཅས་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་དགོས་ཞེས་བསྟན།

ཉིན་གཉིས་རིང་ལ། དམིགས་འབེན་ཚད་གཞི་རྒྱུན་འཁྱོངས་དང་། གནད་ཕིགས་ཇུས་བསྟར། མཁྲེགས་གཏོར་དཀའ་སེལ། མཚོ་སྔོན་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་པ་བཅས་ནི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་དང་ཨུ་ཡོན་གྱིས་གྲོས་ཞིབ་དང་གྲོས་བསྡུར་བྱེད་པའི་གླེང་གཞི་གལ་ཆེན་ཞིག་ཏུ་གྱུར།

འཐུས་མི་པད་རྒྱལ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ནི་སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་དང་མཇུག་མཐར་ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་བྱེད་ཐབས་ཆེན་པོ་ཞིག་རེད། མཚོ་སྔོན་བོད་རིགས་ས་ཁུལ་ནི“ཆུས་གསུམ་དང་ཁུལ་གསུམ”ལས་ཤིན་ཏུ་དབུལ་བའི་ས་ཁུལ་གྲས་ཤིག་ཡིན་པས་དབུལ་པོར་གྱུར་ཚད་མཐོ་ཞིང་། དབུལ་ཐར་གྱི་དཀའ་གནད་ཆེ་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་འགན་ལྕི་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ཀྲུང་དབྱང་གིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་རྐྱེན་སྲོལ་བཙུགས་པ་ནས་བཟུང་། མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཁུལ་དྲུག་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་པེ་ཅིན་དང་། ཧྲང་ཧའེ། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་མཚོ་སྔོན་གྱི་གཞི་རིམ་དང་། རོང་འབྲོག་ཁུལ། དབུལ་ཕོངས་མི་གྲངས་བཅས་ལ་གཟིགས་སྐྱོང་བྱེད་པའི་རྩ་དོན་གཞིར་བཟུང་ནས། རོང་འབྲོག་མང་ཚོགས་ཀྱི་བདེ་འཇགས་སྡོད་ཁང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་ཚོགས་ལས་དོན་འཕེལ་རྒྱས། ཁྱད་ལྡན་ཐོན་ལས་རོགས་སྐྱོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཤེས་ལྡན་མི་སྣ་གསོ་སྦྱོང་དང་ལས་ཞུགས་སོགས་ཀྱི་ཐད་རོགས་སྐྱོར་ལས་གཞི་སྣ་ཚོགས་ལག་བསྟར་བྱས་ཏེ། ནུས་ཡོད་སྒོས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་འཕེལ་རིམ་ལ་སྐུལ་འདེད་བཏང་། ད་ལོར་མཚོ་སྔོན་གྱིས“མི་དོར་པ་བཞིའི”བླང་བྱ་གཞིར་བཟུང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི“རྗེས་མཐུད་བརྟན་སྲུང་བྱ་སྤྱོད་ཆེན་པོ་དགུ”ལ་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་གཏོང་བ་དང་། “ཡག་ཐོག་རྒྱན་རྩེག”བརྒྱུད་ནས། དབུལ་ཐར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་བྱས་ཏེ། དབུལ་ཐར་ས་ཁུལ་འཆམ་མཐུན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་དང་། དབུལ་ཕོངས་མང་ཚོགས་རྒྱུན་མཐུད་དང་བརྟན་བརླིང་ངང་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་ལམ་དུ་སྐྱོད་པར་གཅིག་ཀྱང་མི་ལུས་པར་ཁག་ཐེག་བྱེད་དགོས་ཟེར།

ཨུ་ཡོན་ལིས་ཆིན་གྱིས་བཤད་རྒྱུར། ལོ་གཅིག་གི་རིང་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་དེ། དབུལ་ཕོངས་སྡེ་བ170ལྷག་ཙམ་དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་མི་གྲངས་ཁྲི་བདུན་སྟོང་བདུན་གྱི་དབུལ་ཐར་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ། དབུལ་ཕོངས་རྫོང17དབུལ་ཕོངས་ལས་ཐར་བའི་འཆར་གཞི་མངོན་འགྱུར་བྱུང་བ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱས་ནས།  མཚོ་སྔོན་ཞིང་ཆེན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། ད་ལྟ་མཚོ་སྔོན་ལ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྨང་གཞི་བརྟན་པོ་ལྡན་ཡོད་པས། ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། རྗེས་ཕྱོགས་ཞིང་སྡེ་འཕེལ་རྒྱས་ཀྱི་ལས་དོན་ལེགས་པོར་སྒྲུབ་ཏེ། དམངས་གཉེར་ཁེ་ལས་ཀྱིས“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱར་རོགས་སྐྱོར་དང་། ཁེ་ལས་བརྒྱ་ཁྱིམ་ཚང་བརྒྱ་དང་སྦྲེལ་བ”ཞེས་པའི་གནད་ཕིགས་དབུལ་སྐྱོར་བྱ་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། དམངས་གཉེར་ཁེ་ལས་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ནང་ཞུགས་པར་ཁྲིད་སྟོན་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་འཚོལ་ཞིབ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཡུན་ཕན་རྐྱེན་སྲོལ་མངོན་འགྱུར་བྱས་ནས། དབུལ་ཕོངས་མང་ཚོགས་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་མགོ་འཕང་མཐོ་ཞིང་གོམ་སྟབས་ཆེན་པོས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱེད་དགོས་ཟེར།

ཨུ་ཡོན་ཅིན་ཧྭ་ཡིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ནང་བསྟན་པ་ལྟར། “འགན་ལེན་དྲུག”གི་མཐའ་ཚད་སྲུང་ཚེ། དཔལ་འབྱོར་གྱི་གཞི་རྩའི་རྨང་གཞི་བརྟན་པོ་ཡོང་ཐུབ་ཅིང་། ཁག་ཐེག་བརྒྱུད་དེ་བརྟན་བརླིང་ལ་སྐུལ་འདེད་དང་བརྟན་བརླིང་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་ན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྨང་གཞི་བརྟན་པོ་འདིང་ཐུབ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་ནི། ཉེན་ཁའི་ཁྲོད་ཀྱི་རེ་བ་དང་ཉེན་ཁ་གོ་སྐབས་སུ་བསྒྱུར་བའི་རྩོད་སྒྲུབ་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ཏན་ཏིག་གིས་དོན་འཁྱོལ་བྱེད་དགོས་པ་དེ་ཡིན་ལ།  ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུར་མཐོང་ཆེན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་མངོན་གསལ་ཡིན་པའི་སྲིད་ཇུས་དང་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་ཆབས་ཅིག ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་གི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས་སྐྱོན་ཆ་དང་ཞན་ཆ་ནན་ཏན་གྱིས་འཚོལ་ཞིབ་བྱེད་དགོས། གཞན་ཡང་ཐོན་ལས་དབུལ་སྐྱོར་ནས་ཐོན་ལས་འཕེལ་རྒྱས་ཕྱོགས་སུ་བསྒྱུར་བ་དང་། ཞིང་ཕྱུགས་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ལ་རིན་ཐང་འཕར་བའི་ཁེ་བཟང་ལོངས་སུ་སྤྱོད་དུ་བཅུག་ནས་འབྱོར་འབྲིང་ལ་རེ་སྒུག་རུང་བའི་འབད་འཐབ་རོལ་དབྱངས་ཤིག་དཀྲོལ་དགོས་ཟེར།

ལོ་ཙཱ།སྒྲོལ་མ་སྐྱིད།