ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་བྱང་ས་ཁུལ་གསར་བའི་ཨེར་སྟི་ཞང་ཆོས་ཚ་སྡེ་བའི་དབུལ་སྐྱོར་གནས་སྤར་ས་ཁུལ་དུ་ཐོན་དུས། སྡེ་བའི་རིག་གནས་ཐང་ཆེན་དུ་རླུང་གི་རྒྱུ་བ་དང་བསྟུན་ནས་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་སྐྱོད་ཅིང་། གྲལ་དག་པའི་ཁང་ཤར་རེ་རེ་གྲལ་དུ་བསྒྲིགས་འདུག་ལ་དག་གཙང་གི་ཨར་འདམ་ལམ་དེ་ཁྱིམ་ཚང་རེ་རེའི་སྒོ་རྩར་འཐེན་འདུག སྡེ་བ་རིམ་པའི་བྱིས་སྐྱོང་ཁང་དང་འཕྲོད་བསྟེན་ཁང་སོགས་ཀྱི་སྒྲིག་ཆས་ཆ་ཚང་ཞིང་། རིག་གནས་ཐང་ཆེན་དུ་སྡེ་མི་རྒན་པ་རྣམས་ཕྱོགས་གཅིག་ཏུ་འདུས་ནས་ཁ་བརྡ་སྣ་ཚོགས་བྱེད་ཀྱི་འདུག བུད་མེད་ཅིག་གིས་སྐྱེས་ནས་ཟླ་འགའ་ལས་འགོར་མེད་པའི་བྱིས་པ་ཆུང་ཆུང་ཞིག་པང་དུ་བཟུང་ནས་འཆམ་འཆམ་བྱེད་ཀྱི་འདུག ཉེ་འཁོར་དུ་བྱིས་པ་ཆུང་ཆུང་འགའ་དགའ་སྤྲོའི་ངང་རྩེད་མོར་རོལ་བཞིན་པ་སོགས་བདེ་སྐྱིད་དང་འཆམ་མཐུན་གྱི་རྣམ་པ་རེ་རེ་ཡིས་མི་རྣམས་ཀྱི་སེམས་སུ་སྤྲོ་སྐྱིད་དབུགས་དབྱུང་གི་སྣང་བ་ཞིག་འགོག་མེད་དུ་སྟེར།
ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་བའི་ཡར་སྔོན་དུ། ཆོས་ཚ་སྡེ་བའི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་གཅིག་ད་དུང་འགྲིམ་འགྲུལ་སྟབས་མི་བདེ་ཞིང་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན་པའི་རུ་ཁུལ་ལུང་ཟབ་ཏུ་གནས་ཡོད་པ་རེད། ཆོས་ཚ་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་ལ་ཤིན་ཏུ་དབུལ་ཕོངས་ཡིན་པའི་སྡེ་བ་དེ་ཡིས་མི་རབས་ནས་མི་རབས་སུ་སྲོལ་རྒྱུན་གྱི་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་རེད།
ཆོས་ཚ་སྡེ་བའི་ཐོན་ཀྲི་པུའུ་ཧྲུའུ་ཅི་སེང་སྟག་ཐར་གྱིས་བཤད་རྒྱུར། སྡེ་བའི་རྩྭ་ས་གུང་ཧོ་རྫོང་གི་ས་གྲུ་བཞི་དང་ཅང་ཤེས་ཞང་། ཐང་སྐར་མ་གྲོང་རྡལ་བཅས་སུ་ཡོད་པ་དང་། རྩྭ་ས་ཡོངས་ཀྱི་བརྒྱ་ཆའི་ལྔ་བཅུ་ནས་དྲུག་བཅུ་ས་ནག་ཐང་དུ་གྱུར་ཡོད། ཕྱུགས་ཟོག་དང་རྩྭ་ས་དོ་མཉམ་མིན་པས་ཕྱུགས་ཕྲུག་གི་འཕེལ་ཁ་ཉུང་ཞིང་སྡེ་མི་རྣམས་ཀྱི་འཚོ་བའི་ཐོན་སྐྱེད་ཀྱིས་ཁོ་ཚོའི་རང་ཁ་གསོ་ཐུབ་ཀྱི་མེད།
རི་མཐོ་ལུང་ཟབ་ཏུ་འཚོ་བ་རོལ་བའི་སྐབས་ཀྱི་གནས་ཚུལ་སྐོར་གླེང་དུས། ཆོས་ཚ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞི་མོ་ཐར་གྱིས་བཤད་རྒྱུར། སྐབས་དེར་སྡེ་མི་མང་ཆེ་ཤོས་སྦྲ་གུར་གྱི་ནང་དུ་བསྡད་ཡོད་པ་དང་ཉུང་ཤོས་ཤིག་ས་ཁང་གི་ནང་དུ་བསྡད་ཡོད་པས་སྡོད་ཁང་གི་བདེ་འཇགས་སོགས་ཀྱི་ཐད་ལ་འགན་སྲུང་བྱེད་ཐུབ་ཀྱི་མེད། རི་ལུང་ཀུན་ཏུ་ཐར་ཐོར་དུ་གནས་ཡོད་པའི་སྡེ་བ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་བར་དུ་སྤྱི་ལེ་བཅུ་ལྷག་གིས་ཆོད་ཡོད་པས་སྡེ་མི་རྣམས་འཕྲུལ་རྟར་ཞོན་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་ཡོང་བར་ཡང་དུས་ཚོད་གཅིག་ལྷག་དགོས་ཀྱི་ཡོད་པ་རེད། སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་རྫོང་མཁར་གྱི་བར་དུ་སྤྱི་ལེ་སུམ་ཅུ་ཙམ་ཡོད་པས་སྡེ་མི་རྣམས་རྫོང་ཐོག་ཏུ་འགྲོ་བར་སྟབས་ཧ་ཅང་མི་བདེ་བ་དང་། དེ་ལས་ཀྱང་ནད་པ་སྨན་ཁང་དུ་སྟོན་པ་དང་བྱིས་པ་སློབ་གྲྭར་བསྐྱལ་བ་སོགས་ལ་རྒྱུན་པར་དཀའ་ཁག་ཆེན་པོར་འཕྲད་ཀྱི་ཡོད་ཟེར།
དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་དུས་ལྟར་དབུལ་གཏོར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་ལེན་པའི་ཆེད་དུ། གུང་ཧོ་རྫོང་ཏང་ཨུ་དང་སྲིད་གཞུང་དང་། གུང་ཧོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་རོགས་སྐྱོར་ཆེན་པོའི་འོག ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་བར་སྡེ་བ་དེའི་དབུལ་ཁྱིམ་བརྒྱ་དང་གཅིག་གུང་ཧོ་རྫོང་གི་མངའ་ཁོངས་ཀྱི་གནས་སྤོར་ས་ཁུལ་དུ་གཅིག་བསྡུས་གནས་སྤོར་བྱས།
གུང་ཧོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་བུའུ་པན་གྱིས་བཤད་རྒྱུར། ང་ཚོས་གནས་སྤོར་ས་ཁུལ་འདི་རུ་ཁང་ཤར་ང་གཅིག་ལས་པ་དང་དེར་མི་གཅིག་འདུག་ས་ཅན་དང་མི་གཉིས་འདུག་ས་ཅན། མི་གསུམ་ཡན་འདུག་ས་ཅན་བཅས་སྡེ་དམངས་རང་ཉིད་ཀྱིས་འདེམས་པ་རེད། སྤྱི་པའི་སྒྲིག་ཆས་ཕྱོགས་ནས་སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས་དང་འཕྲོད་བསྟེན་ཁང་། བྱིས་གཉོར་ཁང་། རིག་གནས་ཐང་ཆེན། ལམ་འགྲམ་གྱི་གློག རླངས་འཁོར་འཇོག་ས་བཅས་འཛུགས་སྐྲུན་བྱས་པ་དང་། ཁང་པ་རེ་རེའི་ནང་དུ་ཆུ་དང་སྦུག་ལམ། གློག་གི་དྲོད་རླངས། གསང་སྤྱོད་ཁང་བཅས་བཀོད་སྒྲིག་བྱས་ཡོད་ཟེར།
གནས་སྤོར་སྡོད་ཁུལ་དེ་རྒྱལ་ལམ་109ཡི་འགྲམ་རྒྱུད་དུ་ཆགས་ཡོད་པ་དང་། གནས་དེ་ཚྭ་མཚོ་དང་མཚོ་སྔོན་པོ། རིག་སྨོན། ཚ་རྔ་འགག་མཛེས་ལྗོངས་སོགས་སུ་འགྲོ་བའི་བརྒྱུད་ལམ་གཙོ་བོ་ཡིན་པས་ད་ལྟ་ཆོས་ཚ་སྡེ་བས་གཞུང་ལམ་གྱི་ཁྱད་སྟོབས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བཞིན་ཡོད། ཉིས་སྟོང་བཅུ་དགུ་ལོར། ཆོས་ཚ་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གནས་སྤོར་སྡོད་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་མི་རེར་སྒོར་མོ་སྟོང་གཉིས་དང་བཞི་བརྒྱ་རེ་བསྡུས་ནས་སྡེ་བ་དང་ཐག་མི་རིང་བའི་ས་ནས་ཐོན་ལས་ལ་འཆར་འགོད་བྱས་པ་དང་། རྫོང་ནོར་སྲིད་ཀྱི་མ་དངུལ་དང་གནས་སྐོར་དབུལ་སྐྱོར་མ་དངུལ་སོགས་སྡོམ་པས་སྒོར་མོ་ཁྲི་བརྒྱད་དང་སྟོང་ལྔ་བརྒྱད་བརྒྱ་བཏང་ནས་བཟའ་བཏུང་དང་སྡོད་ཁང་། རླངས་འཁོར་ལས་ས། དངོས་ཚོང་སོགས་གཞི་གཅིག་ཅན་གྱི་དབུལ་སྐྱོར་ཐོན་ལས་ཞིག་བཙུགས་པ་དང་། ས་ཆ་དང་ངལ་རྩོལ་པ། གནས་སྐོར་ཐོན་ཁུངས་ཀྱི་ཁྱད་སྟོབས་བཅས་ལ་བརྟེན་ནས་སྣ་མང་ཅན་གྱི་དབུལ་སྐྱོར་ཐོན་ལས་བཙུགས་པ་དེས་སྡེ་དམངས་རྣམས་བདེ་སྡོད་སྤྲོ་སྐྱིད་ཡོང་བར་ཕན་འབྲས་ཆེན་པོ་ཐོན་ཟེར།
སེང་སྟག་ཐར་གྱིས་བཤད་རྒྱུར། མིག་སྔར། ང་ཚོས་ཐོན་ལས་རྟེན་གཞི་དེ་གཞན་ལ་གླས་ནས་ལོ་དྲུག་གི་གན་རྒྱའི་མིང་རྟགས་བཀོད་ཡོད། ལོ་སྔོན་མ་གསུམ་གྱི་ནང་དུ་གླས་རིན་ལོ་རེར་སྒོར་མོ་འབུམ་གསུམ་ཁྲི་བདུན་ཡིན་པ་དང་། ལོ་རྗེས་མ་གསུམ་གྱི་ནང་དུ་ལོ་རེར་གླས་རིན་སྒོར་མོ་འབུམ་བཞི་ཁྲི་གསུམ་རེ་ཡིན། གླས་རིན་གྱི་སྒོར་མོའི་བརྒྱ་ཆའི་བཞི་བཅུ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐད་གཏོང་རྒྱུ་ཡིན་པ་དང་བརྒྱ་ཆའི་དྲུག་ཅུ་སྡེ་མི་རྣམས་ལ་བགོ་བཤའ་བརྒྱབ་སྟེ་སྡེ་མི་རྣམས་ཀྱི་ཡོང་འབབ་འཕར་སྣོན་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
གསར་འགོད་པ་སྡེ་དམངས་ཚེ་རིང་རྒྱལ་ཚང་ལ་སོང་བ་ན་ཁོའི་ཆུང་མ་ཚེ་སྐྱིད་སྒྲོལ་མས་ལྷམ་གདན་གཙགས་བཞིན་འདུག ཚེ་སྐྱིད་སྒྲོལ་མས་བཤད་རྒྱུར། ང་ཚོ་གནས་སྤར་བ་ནས་བཟུང་འཚོ་བ་ཧ་ཅང་སྐྱིད་པོ་རེད། གནས་འདི་རུ་འཚོ་བའི་ཁོར་ཡུག་སྐྱིད་པོ་ཡིན་པས་ང་ཚོའི་སེམས་པ་ཡང་དངོས་གནས་སྐྱིད་པོ་རེད། སྔོན་ཆད་ལྕི་བ་དང་རིལ་མ་སོགས་འབུད་པར་བརྟེན་ནས་ཁ་ལག་སྲོ་དགོས་པ་དང་། ད་ལྟ་ནི་གློག་དྲོད་ལ་བརྟེན་ནས་དྲོད་འདོན་གྱི་ཡོད་པས་དགུན་ཁ་ཡང་གཏན་ནས་གྲང་མི་སྲིད། ཁྱོད་ཀྱིས་ལྟོས་དང་། ངེད་ཚང་གིས་འདི་རུ་ཚོང་ཁང་ཆུང་ངུ་ཞིག་ཀྱང་ཕྱེས་ནས་འཚོ་བའི་ཁ་སྣོན་བཙལ་བཞིན་ཡོད་ཟེར།
སྡེ་མི་ཆོས་སྒྲོན་གྱིས་རང་ཁྱིམ་དུ་བོད་ལ་སྣ་ཚོགས་བཟོ་བཞིན་འདུག ཆོས་སྒྲོན་གྱིས་བཤད་རྒྱུར། གུང་ཧོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ཐེངས་མང་པོར་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་ཐེངས་རེ་རེར་ང་དང་ངའི་སྐྱེས་པ་གཉིས་ཧུར་བརྩོན་སྒོས་གསོ་སྦྱོང་འཛིན་གྲྭར་ཞུགས་པ་ཡིན། ད་ལྟ་ལག་རྩལ་སྣ་དེ་ལ་བརྟེན་ནས་ལོ་རེ་ལ་སྒོར་མོ་ཁྲི་གསུམ་ནས་བཞི་ཙམ་བཙལ་ཐུབ་ཀྱི་ཡོད། ད་སྐབས་རྫོང་མཁར་དུ་བསྡད་ཡོད་པས་ཚོང་རྒྱག་པ་དང་ནད་པ་སྨན་ཁང་དུ་སྟོན་པ། བྱིས་པ་སློབ་གྲྭར་བསྐྱལ་བ་སོགས་སྔོན་ཆད་དང་བསྡུར་ན་སྟབས་ཧ་ཅང་བདེ་བར་མ་ཟད་ང་ཚོས་འཚོ་བའི་ཚད་གཞིར་སྔར་ལས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།
ཆོས་སྒྲོན་གྱིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་ཡིན་ན་རྫོང་མཁར་དུ་གླ་རྒྱག་པར་ནམ་རྒྱུན་གཞན་གྱི་ཁང་པ་གླས་ནས་འདུག་དགོས་ཤིང་། ད་ལྟ་ང་ཚོར་རྫོང་མཁར་དུ་རང་ཉིད་ཀྱི་ཁང་པ་ཡོད་པས་འཚོ་བ་སྔར་ལས་བརྟན་འཇགས་དང་འཆམ་མཐུན་བདེ་སྐྱིད་ཀྱིས་ཁེངས་ཡོད་ཟེར།
ལོ་ཙཱ་བ། གཡང་འབུམ་རྒྱལ།