——རང་ཞིང་གི་འཐུས་མི་དང་ཨུ་ཡོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་ལྷུག་པོ་བྱེད་བཞིན་པ།
སྲིད་གཞུང་བྱ་བའི་སྙན་ཞུ་ནང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་བཏོན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་ནས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་དང་གློག་བརྙན་འཕྲིན། རིག་དངོས་སོགས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་དགོས། མཚོ་སྔོན་ནི་མི་རིགས་མང་བའི་ཞིང་ཆེན་ཞིག་ཡིན་ལ། མི་རིགས་ཁག་གི་ལོ་རྒྱུས་དང་རིག་གནས་ཀྱི་ཡུན་རིང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཕུན་སུམ་ཚོགས་པས། ཇི་ལྟར་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་བྱས་ཏེ། མཚོ་སྔོན་དྲིལ་སྒྲོག་ཡག་པོ་བྱ་རྒྱུ་དེ་ཉིན་འདི་དག་གི་རིང་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་ལྷུག་པོ་བྱེད་པའི་བརྗོད་གཞིའི་གྲས་ཤིག་ཏུ་གྱུར་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ནི་རྨ་ཆུ་དང་ཙོང་ཆུའི་རིག་གནས་ཀྱི་འབྱུང་ཁུངས་ཡིན་པའི་ཆ་ནས། རྨ་ཆུ་དང་ཙོང་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། འཐུས་མི་ཨ་ཧྲིན་ཆིན་གྱིས་བཤད་རྒྱུར། མཚོ་ཤར་གྲོང་ཁྱེར་ལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་བརྒྱད་བརྒྱ་ང་བཞི་ཡོད་པ་དང་། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཧོར་རིགས་དང་ཟ་ལར་རིགས་གཉིས་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཆུ་དང་ཙོང་ཆུའི་རིག་གནས་སྔོག་འདོན་དང་དར་སྤེལ་གཏོང་རྒྱུ་ལྟེ་བར་བྱས་ཤིང་། དམངས་སྲོལ་རིག་གནས་དང་སྐྱེ་ཁམས་རིག་གནས། ཆོས་ལུགས་རིག་གནས་སོགས་ཁྱད་ལྡན་རིག་གནས་གཙོ་གནད་དུ་འགྲེམས་སྟོན་བྱེད་པ་དང་ཆབས་ཅིག གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་ཆད་མེད་པར་སྔོག་འདོན་བྱས། ད་དུང་ཙོང་ཆུའི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་གནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མདོ་དབུས་མཐོ་སྒང་གི་ཡུལ་སྐོར་གཅིག་བསྡུས་ས་ཁུལ་གལ་ཆེན་ཞིག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ་ཏུ་གྱུར་ཡོད། རྒྱལ་ཁབ་ཀྱིས་རྨ་ཆུ་དང་ཙོང་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་དང་དེའི་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་རོགས་སྐྱོར་ནང་བཅུག་པའི་ཙོང་ཆུའི་སྐྱེ་ཁམས་རིག་གནས་ཚོད་ལྟ་ཁུལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་བཅུག་ནས་ཙོང་ཆུའི་རིག་གནས་སྲུང་སྐྱོབ་དང་སྔོག་འདོན། རྒྱུན་འཛིན་བཅས་བྱ་རྒྱུའི་གྲོས་འགོ་འདོན་བཞིན་ཡོད།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་རིག་གནས་ཤུལ་བཞག་དང་གཟུགས་འདས་ཤུལ་བཞག་རིག་གནས་གཅིག་བསྡུས་ས་ཁུལ་ཞིག་ཡིན་པ་དང་། དེ་གར་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་སྐྱེད་སྲིང་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་རིག་གནས་གནས་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད། ཁྱད་ལྡན་དུས་ཆེན་དང་གླུ་གར་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་བས། ས་གནས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོའི་འབྲེལ་ལམ་རྒྱ་ཆེར་བཏང་བ་མ་ཟད། ད་དུང་མི་རིགས་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ཡོད། འཐུས་མི་བཀྲ་ཤིས་རྡོ་རྗེ་ཡིས་རིག་གནས་ཤུལ་བཞག་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་ཏེ་གླུ་ལེན་གར་འཁྲབ་ཁོ་ན་བྱེད་མི་རུང་བར། ནུབ་རྒྱུད་མི་རིགས་ས་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། ཡུས་ཧྲུའུ་ཁུལ་སོགས་ཆ་རྐྱེན་འཛོམས་པའི་མི་རིགས་ས་ཁུལ་དུ་“གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཟློས་གར་ཚོགས་པ”སྔོན་ལ་འཛུགས་པའམ་བསྐྱར་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་རིག་གནས་སྟོབས་ལྡན་ཞིང་ཆེན་གྱི་གསོག་འཇོག་ཤེས་ལྡན་མི་སྣ་དང་ཐོན་ཁུངས་སུ་འགྱུར་དུ་འཇུག་དགོས།
ཨུ་ཡོན་མཱ་ཡོ་ཞང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཆོས་ལུགས་རིག་གནས་དང་མི་རིགས་རིག་གནས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཚད་མཐོན་པོའི་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། ཁྱད་སྟོབས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཁག་ཅིག་གྲུབ་ཡོད། མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པའི་རྨ་ཙོང་རིག་གནས་དང་། རྨ་ཡུལ་རིག་གནས། ཁུ་ནུ་རིག་གནས་བཅས་ཀྱི་ནང་དོན་རྒྱ་ཆེན་པོ་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ། ཤར་རྒྱུད་ཀྱི་རྨོ་འདེབས་རིག་གནས་དང་རྨ་ལྷོའི་རེབ་གོང་རིག་གནས། མགོ་ལོག་གི་གེ་སར་རིག་གནས། ཡུས་ཧྲུའུ་ཡི་ཁམས་པའི་རིག་གནས་སོགས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་གང་མགྱོགས་བྱ་དགོས། རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གཙང་པོའི་སྐྱེ་ཁམས་རིག་གནས་ས་རྒྱུད་བསྐྲུན་པ། “ཁུངས་འདེད་རིག་གནས་ཡུལ་སྐོར”སོགས་ལས་རྣམ་གསར་པ་འཕེལ་རྒྱས་སུ་གཏོང་དགོས། དེ་དང་ཆབས་ཅིག མཐོ་སྒང་མི་རིགས་བཟོ་རྩལ་དང་ས་གནས་རིག་གནས་ཡུལ་སྐོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མི་རིགས་རིག་གནས་བརྗེ་རེས་འཕེལ་རྒྱས་ཇེ་ཟབ་ཏུ་བཏང་ཡོད། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པའི་སྲ་ཞིང་མཁྲེགས་པའི་སྟོབས་ཤུགས་ལ་སྐུལ་སྤེལ་བྱེད་དགོས་པའི་གྲོས་འགོ་བཏོན།
ལོ་ཙཱ་བ། ཤ་བོ་རིན་མཚོ།