ཕྱུགས་ལས་མཉམ་ལས་ཁང་གི་དར་ཆ་དམར་པོ།
2020.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

 གཡང་མཚོ་སྐྱིད་ལ་སྒོར་ཁྲི་གཅིག་དང་སྟོང་བདུན་བདུན་བརྒྱ་ཞེ་ལྔ་དང་ཞོ་དྲུག་ཟུར་གཉིས། མེས་བྷོ་ལ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་དགུ་བརྒྱ་བཅོ་བརྒྱད་དང་ཞོ་དྲུག་ཟུར་གཉིས། འབྲུག་ཁོ་སྒོར་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་ང་དྲུག་དང་ཞོ་གཉིས་ཟུར་གཉིས། ཀླུ་ཆུང་རྡོ་རྗེ་ལ་སྒོར་ཁྲི་གཉིས་དང་སྟོང་ལྔ་བརྒྱ་དང་ཞེ་གཉིས་དང་ཞོ་བཞི་ཟུར་གཉིས།”  ཐེམ་ཆེན་རྫོང་བདེ་ཡངས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་བགོ་བཤའི་རེའུ་མིག་གི་ཁ་ཕྱེས་དུས། གྲངས་ཀ་དེ་དག་ནི་འབྲོག་པ་རྣམས་ཀྱིས་མཉམ་ལས་ཁང་དུ་མ་རྐང་བཞག་པའི་ཚད་གཞི་ལྟར་ཡོང་སྒོ་བགོ་བཤའ་བརྒྱབ་པའི་གྲངས་འབོར་རེད།

དབུལ་མཐར་མཁྲེགས་གཏོར་གྱི་འཐབ་འཛིང་ཁྲོད་དུ། མཚོ་ནུབ་ཁུལ་དུ་དབུལ་ཐར་ཕྱུག་འགྱུར་བྱེད་པའི་བྱ་བའི་ཐད་ནུས་པ་ལྡན་པའི་མི་སྣ་མང་པོ་ཞིག་བྱུང་ཞིང་། ཁོ་ཚོས་རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད་པར་མ་ཟད། ད་དུང་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གི་སྣེ་ཁྲིད་དེ་འབྱོར་ཕྱུག་འཚོ་བའི་ལམ་དུ་བསྐྱོད་བཞིན་མཆིས། ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་ཐེམ་ཕོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ཁོ་ནི་མི་སྣ་དེ་དག་གི་ཁྲོད་ཀྱི་གཅིག་རེད།

འབྲོག་པའི་ཁྱིམ་ཚང་ནས་སྐྱེས་པའི་བསོད་ཁོ་ནི་ཕྱུགས་ལས་གཉེར་བར་བྱང་ཆ་ལྡན་མཁན་ཞིག་ཡིན་པ་དང་། ལོ་མང་པོའི་རིང་ཁོས་ཕམ་ཁར་ཁས་མི་ལེན་པ་དང་འཚོལ་ཞིབ་བྱེད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས། ཕྱུགས་འཚོ་མཁན་ཞིག་ནས་ས་དེ་གར་སྐད་གྲགས་ཅུང་ཡོད་པའི་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་ཏུ་གྱུར།

ཉིས་སྟོང་བཅུ་ལོར། བསོད་ཁོས་སྡེ་བའི་ནང་དུ་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་དང་། སྐབས་དེར་ཁོས་སྡེ་བའི་ནང་གི་ནོར་ལུག་གསོ་ཁ་ནས་བུད་ཚད་དང་འཛད་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་དུ་གནད་དོན་མང་པོ་ཞིག་གནས་ཡོད་པ་མཐོང་ནས་བློ་རིག་གྲུང་པོ་ཡིན་པའི་བསོད་ཁོ་ཡིས་མཉམ་ལས་ཁང་ཞིག་བཙུགས་ནས་སྡེ་མི་རྣམས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་དུ་འཇུག་པར་སེམས་ཐག་བཅད།  དེ་ནས་བཟུང་སྟེ་ཁོས་མྱུར་དུ་ལས་གཞི་བརྩོན་ལེན་བྱས་ནས་མ་དངུལ་བསྡུ་རུབ་བྱས།  ལོ་དེར། སྲིད་གཞུང་གི་མ་དངུལ་དང་ཐོན་ལས་རོགས་སྐྱོར་ལས་གཞིར་བརྟེན་ནས་ཐེམ་ཆེན་རྫོང་བདེ་ཡངས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞེས་པ་དེ་བཙུགས་ནས་ཁོ་རང་ལས་ཞུགས་གསར་སྐྲུན་བྱེད་པའི་ལམ་དུ་བསྐྱོད་མགོ་བརྩམས། ཆེད་ལས་མཉམ་ལས་ཁང་གི་ནོར་ལུག་གི་ཤ་ཡི་སྤུས་ཚད་བཟང་བར་བརྟེན་ཚོང་ལས་བྲིན་པོ་བྱུང་ཞིང་ཐོན་འབབ་ཀྱང་ཇེ་མང་ནས་ཇེ་མང་དུ་ཕྱིན།  ལོ་འགའི་རིང་ལ་བསོད་ཁོ་ཡིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སྡེ་མི་སྐོར་ཞིག་ཕྱུག་པོར་བཏང་ཟིན་ནའང་། ཁོས་ད་དུང་སྡེ་བའི་ནང་གི་འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གཞན་དག་ཀྱང་ནམ་ཡང་སེམས་ནས་བརྗེད་ཀྱི་མེད། དེ་བས་ཆེད་ལས་མཉམ་ལས་ཁང་གི་གཞི་རྒྱ་ཆེ་རུ་སོང་བ་དང་བསྟུན་ནས་བསོད་ཁོས་སྡེ་བའི་ནང་གི་དབུལ་ཐར་ཁྱིམ་ཚང་ལྔ་མཉམ་ལས་ཁང་དུ་ཞུགས་སུ་བཅུག་སྟེ་ཁོ་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས།

ཚེ་རིང་བྱམས་ནི་དབུལ་ཐར་ཁྱིམ་ཚང་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་པ་དང་ཁོའི་ཆུང་མ་ནི་ནད་ཀྱི་དབང་གིས་ལོ་མང་པོར་ཉལ་སར་ལྷུང་ཡོད།  བསོད་ཁོས་ཁོ་ཚང་གི་ཁྱིམ་ཚང་གི་གནས་ཚུལ་ཤེས་རྗེས་སུ་ཚེ་རིང་བྱམས་མཉམ་ལས་ཁང་དུ་ཡོང་ནས་ལས་ཀར་ཞུགས་སུ་བཅུག  ཚེ་རིང་བྱམས་ལ་མཚོན་ན་ཕྱུགས་འཚོ་བར་ཉམས་མྱོང་ལྡན་པས་བསོད་ཁོས་ཁོ་ལ་ཆེད་ལས་མཉམ་ལས་ཁང་གི་ཕྱུགས་འཚོ་བའི་ལས་ཀ་སྤྲད་པ་དེ་ཡིས་ཁོ་ལ་ཟླ་གཅིག་གི་ཡོང་སྒོ་སྒོར་མོ་སྟོང་ལྔ་དང་ཉིས་བརྒྱ་ལྔ་བཅུ་ཡོད་པ་རེད།  ངའི་ཆུང་མའི་ལུས་ཕུང་བདེ་མོ་མིན། ངས་དུས་རྒྱུན་དུ་ཁོ་མོར་བདག་སྐྱོང་བྱེད་དགོས་པའི་སྟབས་ཀྱིས་ཕྱོགས་ཡར་མར་ལ་ཞོར་ལས་གཉེར་བར་འགྲོ་ཐུབ་ཀྱི་མེད་པ་དང་རང་ཁྱིམ་དུ་ཕྱུགས་ཟོག་ཀྱང་མང་པོ་མེད།  སྔོན་ཆད་ངེད་ཚང་གི་ལོ་གཅིག་གི་ཡོང་འབབ་དེ་སྒོར་མོ་ཁྲི་གཉིས་ལ་མི་འབུད། སྒོར་མོ་དེ་དག་གིས་ཆུང་མར་སྨན་ཉོ་དགོས་པར་མ་ཟད་ཁྱིམ་ཀྱི་འཚོ་བའི་འགྲོ་སྒོ་སྣ་ཚོགས་ཀྱི་ཐད་ལའང་བཀོལ་དགོས་ཀྱི་ཡོད་པས་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཧ་ཅང་སྡུག

ཉིས་སྟོང་བཅུ་བཞིའི་ལོར། ཧྲུའུ་ཅི་བསོད་ཁོས་ང་རང་ཆེད་ལས་མཉམ་ལས་ཁང་གི་ལས་ཀར་ཞུགས་སུ་བཅུག་པ་དང་ངས་རང་གི་རྩྭ་ས་དང་ནོར་ལུག་ཀྱང་མཉམ་ལས་ཁང་ལ་མ་རྐང་དུ་བཞག་པ་དེས་ང་རང་ཁྱིམ་དུ་བྲལ་ནས་ཐག་རིང་དུ་ལས་ཀར་འགྲོ་མི་དགོས་པ་དང་། ལོ་རེར་སྒོར་མོ་ཁྲི་བདུན་གྱི་ཡོང་འབབ་ཡོད་པར་མ་ཟད།  ད་དུང་མཉམ་ལས་ཁང་གི་བགོ་བཤའ་ཡང་རྒྱག་རྒྱུ་ཡོད་པས་ལོ་རེའི་ཡོང་འབབ་དེ་སྔོན་ཆད་དང་བསྡུར་ན་ལྡབ་མང་པོ་འཕར་ཡོད།  སྲིད་གཞུང་གི་གནས་སྤོར་ལས་གཞི་བརྒྱུད་ནས་རྫོང་མཁར་དུ་ད་ལྟ་ཐོག་ཁང་ཡང་ཡོད་པས་ངེད་ཚང་གི་འཚོ་བ་ནི་ཉིན་རེ་ནས་ཉིན་རེར་བདེ་སྐྱིད་ལྡན་ཞེས་ཚེ་རིང་བྱམས་ཀྱིས་བཤད།

སྡེ་མི་ཀླུ་ཐར་རྒྱལ་གྱི་བུ་མོར་ཀླད་པའི་བསགས་ཆུའི་ནད་བྱུང་ཡོད་པས་འཚོ་བར་རང་སྐྱ་ཐུབ་ཀྱི་མེད། བུ་མོའི་སྨན་རིན་གྱི་གནད་དོན་དེ་ཐག་གཅོད་བྱེད་པ་དང་ཡོང་སྒོ་འཕར་སྣོན་འབྱུང་བ། ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་བ་བཅས་ཀྱི་ཆེད་དུ། བསོད་ཁོ་བཙལ་ནས་མཉམ་ལས་ཁང་དུ་ཞུགས་རྒྱུའི་རེ་ཞུ་བྱས། སྔོན་ཆད་མཉམ་ལས་ཁང་དུ་མ་ཞུགས་གོང་ང་རང་ལ་བརྟན་འཇགས་ཀྱི་ཡོང་སྒོ་ཅི་ཡང་མེད་པས་རྒྱུན་དུ་བུ་མོའི་སྨན་རིན་ལ་སེམས་ཁུར་བྱེད་ཀྱི་ཡོད། ལོ་འགའི་སྔོན་དུ་དབུལ་སྐྱོར་གྱི་སྲིད་ཇུས་བརྒྱུད་ནས་ང་རང་ཡིག་ཚགས་བྱང་བུ་བཟོ་བའི་ཁྱིམ་ཚང་དུ་བདམས་པ་དང་དེ་ཡིས་ངེད་ཚང་གི་ཁྱིམ་གྱི་འཚོ་བར་འགན་ལེན་བྱེད་ཐུབ་པ་བྱུང་། དེའི་རྗེས་སུ་ངས་སྡེ་བའི་ཆེད་ལས་མཉམ་ལས་ཁང་དུ་མ་རྐང་བཞག་པས་ན་ནིང་ལོ་མཇུག་ཏུ་བགོ་བཤའ་རྒྱག་སྐབས་སུ་ང་ལ་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱའི་བགོ་བཤའ་ཐོབ། དངོས་གནས་བཤད་ན་ཏང་དང་སྲིད་གཞུང་གི་བཀའ་དྲིན་གཞན་ལས་ཆེ་ཞེས་སྡེ་མི་ཀླུ་ཐར་རྒྱལ་གྱིས་བཤད།

ནམ་རྒྱུན་དུ་སྡེ་བའི་ནང་གི་ཁྱིམ་ཚང་སུ་ཡིན་ཡང་སྒོ་ཕྱུགས་ལ་ནད་བྱུང་ཚེ་བསོད་ཁོ་མྱུར་དུ་ཁྱིམ་ཚང་དེར་སོང་ནས་རོགས་སྐྱོར་བྱེད་ཀྱི་ཡོད། བསོད་ཁོས་བསྒྲུབས་པའི་དམངས་དོན་དེ་དག་ནི་སྡེ་མི་རྣམས་ཀྱི་ཁ་སེམས་བར་བརྒྱུད་ན་གསལ་བོར་ཡོད།

ད་ལྟ་ཕྱུག་པོར་གྱུར་ཟིན་པའི་བསོད་ཁོ་ཡིས་དུས་རྒྱུན་དུ་སློབ་སྦྱོང་བྱེད་པའི་བྱ་བ་དེར་མཐོང་ཆེན་བྱེད་བཞིན་ཡོད་དེ། ནམ་རྒྱུན་རྫོང་དང་ཞང་དུ་གསོ་སྤེལ་ལས་རིགས་སྐོར་གྱི་གསོ་སྦྱོང་བྱེད་སྐབས་སུ་ཁོས་ནན་ཏན་སྒོས་ཟིན་བྲིས་སུ་འདེབས་ཀྱི་ཡོད་པ་དང་ཕྱིར་ལོག་རྗེས་སུ་ཉམས་མྱོང་ཡག་པོ་དེ་དག་སྡེ་མི་རྣམས་ལ་བརྒྱུད་སྤྲོད་བྱས་ཏེ་ཚང་མ་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་རེ་བ་བྱེད་བཞིན་ཡོད། ད་ལྟ་ངའི་ཆེས་ཆེ་བའི་རེ་བ་ཉག་གཅིག་ནི་སྡེ་མི་ཚང་མས་དེང་རབས་ཅན་གྱི་གསོ་སྤེལ་གྱི་ལག་རྩལ་ཁོང་དུ་ཆུད་ནས་ཚང་མ་དེང་རབས་ཅན་གྱི་འབྲོག་དམངས་ཤིག་ཏུ་འགྱུར་བར་བྱེད་རྒྱུ་དེ་ཡིན། རང་ཉིད་ཁོ་ནས་སྒོར་མོ་བཙལ་བ་དང་སྡེ་མི་ཚང་མའི་སྣེ་ཁྲིད་དེ་སྒོར་མོ་བཙལ་བའི་ཚོར་བ་དེ་གཉིས་གཏན་ནས་མི་འདྲ། ད་ལྟ་ང་རང་ལ་གྲུབ་འབྲས་ཅུང་ཙམ་ཡོད་པའི་ཉམས་སྣང་ཞིག་ཤར་བཞིན་ཡོད་པར་མ་ཟད་སེམས་ཁམས་ཀྱང་དངོས་གནས་སྐྱིད་པོ་རེད། ཚང་མས་མཉམ་དུ་འབད་བརྩོན་བྱས་ན་གསོ་སྤེལ་ལས་རིགས་དེ་ལེགས་པོར་སྤེལ་ཐུབ་པར་མ་ཟད་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཉིས་སྟོང་བཅུ་གཅིག་ལོར། བསོད་ཁོ་ཡང་བསྐྱར་ཁྱིམ་ཚང་ཉིས་བརྒྱ་ཞེ་བཞི་ཡོད་པའི་ཐེམ་ཕུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་བདམས། ལོ་ངོ་དགུ་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་བསོད་ཁོ་ལ་མཚོན་ནས་བཤད་ན། དེ་ནི་སྡེ་མི་རྣམས་ཀྱིས་ཁོའི་བྱ་བར་ཁས་ལེན་བྱེད་སྟངས་ཤིག་ཡིན་པར་མ་ཟད། ཁོ་ལ་མཚོན་ན་དེ་བས་ཀྱང་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཡིན། སྡེ་བ་དེའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་སྐོར་ལ་བསོད་ཁོ་ལ་སྔར་ལས་ལྷག་པའི་རེ་བ་གསར་བ་ཡོད་པ་སྟེ། ཁོས་བཤད་རྒྱུ། ད་ལྟ་ངས་སྡེ་བའི་མཉམ་ལས་ཁང་གི་འཕེལ་རྒྱས་ལ་བསམ་བློ་གཏོང་དགོས་པ་ལས་གཞན་དེ་བས་ཀྱང་སྡེ་མི་རྣམས་ཀྱི་དོན་དངོས་ཀྱི་ཡོང་འབབ་སྐོར་དམིགས་འབེན་གཙོ་བོར་འཛིན་དགོས། སྡེ་བ་ཞིག་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་ལས་གཞི་གཞན་དག་གིས་སྣེ་ཁྲིད་བྱེད་པར་བརྟེན་དགོས། ད་ལོ་ང་ཚོས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འདི་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་རྨང་གཞིའི་སྟེང་ཐོན་ལས་གསུམ་པའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ལ་བརྟེན་ནས། བོད་ཀྱི་མདའ་རྩེད་མི་རིགས་སྲོལ་རྒྱུན་རིག་གནས་ཁྱད་སྟོབས་ལས་གཞི་སྔོག་འདོན་དང་རྒྱུད་འཛིན་བྱེད་པ་བརྒྱུད་ནས། ས་གནས་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་གསུམ་པ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་བཏང་སྟེ། ངལ་རྩོལ་པ་ལྷག་མ་ལས་ཞུགས་བྱེད་པའི་ལམ་བུ་རྒྱ་བསྐྱེད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

                                                                    ལོ་ཙཱ་བ། གཡང་འབུམ་རྒྱལ།