ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ནས་ལམ་ལ་ཆས་ཏེ་དཀྱོགས་མཚམས་བཅོ་བརྒྱད་ཀྱིས་ཀྱང་མི་ཚད་པའི་ལ་རིང་མོ་ཞིག་བརྒྱུད་མཐར། གཞི་ནས་བཅར་འདྲི་བྱ་ཡུལ་གཡུ་བཟང་ཐང་དུ་ཆགས་ཡོད་པའི་ལྷ་སྡེ་སྡེ་བར་ཐོན།
ལྷ་སྡེ་སྡེ་བའི་སྡེ་མི་རྡོ་རྗེ་ཚེ་རིང་ནི་སྡེ་བའི་ནང་དུ་ཁྱིམ་ཚང314ཡོད་པའི་ཁྲོད་ཀྱི་དབུལ་ཕོངས་ཁྱིམ་ཚང89ཡི་གྲས་ཀྱི་གཅིག་རེད། ཉེ་བའི་ལོ་འདི་དག་གི་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དངོས་འབེབས་བྱས་པ་དང་བསྟུན་ནས་ཁོ་དང་ཁོ་ལྟ་བུའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
གསར་འགོད་པས་ཁོ་ལ་དབུལ་ཐར་ལམ་གྱི་འགྱུར་ལྡོག་རེ་གླེང་ན་ག་འདྲ་འདུག་ཅེས་འདྲི་དུས། ཁོས་མགོ་བོ་ཕྲན་ཙམ་ཡར་དགྱེ་སྟེ་ཁྱམས་རའི་ངོས་ཤིག་ལ་ལྟ་ཞོར་ཕྱིར་དྲན་གྱི་ཀློང་དུ་ཚུད། “བུ་མོ་ལོ་ལོ། ངའི་ལོ་རྒྱུས་དེ་ཁྱོད་ལ་བཤད་ན་གློག་བརྙན་ཐུང་ཐུང་ཞིག་ཡིན”ཞེས་བཤད་ཞོར་ང་ཚོ་དང་ཁ་བརྡ་བྱས་བྱུང་། “དང་ཐོག་ངེད་ཚང་འདུག་ས་སྦྲ་ནག་དང་ ས་ཁང་ཆུང་ཆུང་ཡིན་ལ། དེ་ནས་ད་ལྟ་ང་ཚོ་བསྡད་ཡོད་སའི་ཁང་མིག་འདི་ཡིན། དེའི་རྗེས་སུ2015ལོར་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཁྱིམ་ཚང་སོ་སོའི་ཆ་རྐྱེན་དང་གནས་ཚུལ་དངོས་ལ་གཞིགས་ཏེ་ངེད་ཚང་ཡང་དབུལ་ཕོངས་ཁྱིམ་ཚང་དུ་གཏན་འཁེལ་བྱས་རྗེས་ཁྲི་ཀ་རྫོང་ཐོག་གི་བདེ་སྐྱིད་གཞིས་ཁུལ་དུ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ80ཡོད་པའི་ཐོག་ཁང་གསར་པའི་ནང་དུ་གནས་སྤར་ཡོད། ཁང་པ་གསར་པའི་ནང་དུ་འཁྱག་སྒམ་སོགས་ཅ་ལག་གསར་པ་གསར་རྐྱང་ཏག་ཏག་ཡིན། རྫོང་ཐོག་ཏུ་སྒོ་རྩིས་ཚོང་ཁང་དང་ཐག་ཉེ་བས་ཀ་ར་སིལ་ཏོག་ཅི་དགོས་ཀྱང་གོམ་པ་འགའ་རེའི་ལམ་དུ་ཉོ་ཐུབ་པར་མ་ཟད། ཉིན་རེ་བཞིན་དུ་ཕྱེ་དང་གོ་རེ་གསར་པ་ཟ་ཐུབ། སྔོན་ཆད་ངེད་ཚང་གིས་ཕྱེ་གསར་པ་ཞིག་ཟ་ཐུབ་པའི་དཔེ་མེད་ལ། ལོ་རེར་རང་འཐག་ཏུ་སོང་ཚེ་མ་མཐའ་ཡང་ཕར་འགྲོ་ཚུར་འོང་གི་ལམ་ལ་གཟའ་འཁོར་གཅིག་ལྷག་འགོར་གྱིན་ཡོད། གཞན་ད་དུང་དེ་དུས་ང་ཚོའི་ས་ཆར་མགྲོན་པོ་འོངས་ཚེ‘གཡུ་བཟང་ཐང་ནས་ཆུ་མ་སློང’ ཟེར་བའི་བཤད་སྲོལ་ཡོད། ང་ཚོའི་ས་ཆར་ཆུ་ཤིན་ཏུ་དཀོན་པས་གཡག་དེད་དེ་ཆུ་ལེན་དུ་འགྲོ་དགོས། ཡིན་ནའང་ད་ལྟ་རྒྱལ་ཁབ་ཀྱི་བཀའ་དྲིན་ལས་སྡེ་བ་ཡོངས་སུ་ཆུ་འཐེན་ཡོད་པས་ཁྱིམ་ཚང་སོ་སོས་རང་རང་གི་སྒོ་ཁ་ནས་ཆུ་འཐུང་ཐུབ་ཀྱིན་ཡོད། ཆུང་དུས་སུ་གློག་མེད་པས་སྒྲོན་མེ་དང་ཉི་གློག་བཀར་དགོས་ལ་ད་ལྟ་ང་ཚོའི་གཡུ་བཟང་ཐང་དུ་གློག་སྐུད་ཀྱི་སྤུས་ཀ་ཤིན་ཏུ་བཟང་བ་ཏག་ཏག་འཐེན་ཡོད་པས། སྔོན་ཆད་ཀྱི་སྒྲོན་མེ་བཀར་བའི་འུ་ཐུག་གི་ཐབས་དེ་ལས་རིང་དུ་གྱེས་ཡོད། ང་ཆུང་དུས་རྒྱབ་ལ་སློག་པ་དང་རྐང་པར་ལྷམ་གཙག་མ་གྱོན་དགོས་པས། ངའི་རྐང་པའི་སྲེ་ལོང་ལ་ཆུང་དུས་ལྷམ་གོན་ནས་རྨ་ཁ་བཏོད་ཡོད་པ་དེར་ད་སྐབས་ད་དུང་རྨ་ཤུལ་ལུས་ཡོད་ཅིང་། ཐེངས་ཤིག་ང་ལ་སྒོར5ཅན་གྱི་ལྷམ་ཞིག་ཉོས་པ་དང་། དེས་དབྱར་ཟླ་རིང་མོ་ཞིག་ལ་འདང་དགོས་ཞེས་བཤད་པས་དེ་གོན་རྒྱུར་སེར་སྣ་སྐྱེས་ཏེ་ལམ་བདེ་ས་ནས་རྐང་རྗེན་དུ་སོང་བའང་ཐེངས་གཅིག་མིན། ཡིན་ཡང་ད་ལྟ་ངེད་ཚང་གི་ལྷམ་འཇོག་སའི་སྒམ་དུ་ལྷམ་མི་ཆུད་ཅེས་བརྗོད་ཆོག་ལ། ལྭ་གསར་པ་ཅི་ལྟ་བུ་ཞིག་གོན་འདོད་ཀྱང་རང་འདོད་ལྟར་ཉོ་ཐུབ་ཀྱིན་ཡོད། སྔོན་ཆད་ས་ཐག་རིང་པོ་གང་ཞིག་ལ་སོང་ནའང་རྐང་ཐང་དང་རྟར་ཞོན་ནས་འགྲོ་དགོས། ད་ལྟ་སྡེ་བའི་ནང་དུ་འཕྲུལ་རྟ་དང་རླངས་འཁོར་མེད་པའི་ཁྱིམ་ཚང་ཡང་ཉུང་ཉུང་ཡིན། གོང་གི་སྲིད་ཇུས་བཟང་པོས་ང་དང་ང་ལྟ་བུའི་དབུལ་ཕོངས་ཁྱིམ་ཚང་ཡོངས་རྫོགས་ཀྱང་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་སུ་བཅུག་ཡོད་པས། ཏང་དང་རྒྱལ་ཁབ་དངོས་གནས་དྲིན་ཆེན་ཕ་མ་ལྟ་བུ་ཡིན”ཞེས་ཁོའི་གློག་བརྙན་ལྟ་བུའི་མི་ཚེའི་འཚོ་བའི་འགྱུར་ལྡོག་ང་ཚོར་ངོ་སྤྲོད་བྱས་བྱུང་། དེ་མིན་ཁོ་ཚང་ལ་རྒྱལ་ཁབ་ཀྱིས་ལོ་རེ་བཞིན་དུ་རྩྭ་སའི་ཁ་གསབ་ལ་སྒོར5000ལྷག་དང་རྩྭ་སྲུང་བའི་ལས་གནས་འདོན་སྤྲོད་བྱས་ཏེ་རང་ས་རང་ཡུལ་དུ་ལོ་རེར་སྒོར21600རེའི་ཡོང་འབབ་འཚོལ་ཐུབ་ཀྱིན་ཡོད་པར་མ་ཟད། གཞན་ད་དུང་ཁོ་ཚང་ལ་རོགས་སྐྱོར་བྱེད་པར་མ་མོ42བྱིན་པ་དེ་ད་ལྟ་ལུག126ལ་འཕེལ་ཡོད་ཅིང་། ལོ་རེའི་ལུ་གུ་བཙོངས་པ་ལ་སྒོར་ཁྲི2ཀྱི་ཡོང་འབབ་ཡོད་ལ། ཁོས་ད་དུང་ཞིང་ས་མུའུ36གཞན་ལ་གླས་ཡོད་པར་ཡང་ཡོང་འབབ་ཅུང་ཙམ་ཡོད་པས། ལོ་རེར་མ་མཐའ་ཡང་སྒོར་ཁྲི9ཡས་མས་ཀྱི་ཡོང་འབབ་ཡོད།
ད་ལྟ་རྡོ་རྗེ་ཚེ་རིང་ཚང་ལ་མཚོན་ན་སྦྲ་ནག་དང་ས་ཁང་ནས་ཐོག་ཁང་གསར་པ་དང་། བཞོན་རྟ་ནས་འཕྲུལ་རྟ། ཉི་གློག་ནས་ཆུ་གློག་བེད་སྤྱོད་བྱེད་པ་སོགས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཅིང་། སྲིད་གཞུང་གི་རོགས་སྐྱོར་ཆེན་པོའི་འོག་ཏུ་དབུལ་ཕོངས་ལས་ཡོངས་སུ་ཐར་ཏེ་གྲོང་ཁྱེར་གྱི་འཚོ་བ་རོལ་བའི་མི་ཞིག་ཏུ་གྱུར་ཡོད། “ཁང་པ་གསར་པའི་ནང་དུ་ལྭ་བ་གྲལ་དག་རེ་གྱོན་བསྡད་ཚེ། ད་ལོར་ལོ55ལ་སོན་ཡོད་ཀྱང་ང་ལ་ལོ་བཅུ་ལྷག་གིས་ཇེ་ཆུང་དུ་གྱུར་ཡོད་པ་ལྟ་བུའི་ཚོར་བ་ཞིག་ངང་གིས་སྦྱིན་ཡོང་། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་གྱིས་ད་ལྟ་འཚོ་བ་དངོས་གནས་སྐྱིད་པོ་རེད”ཅེས་རྡོ་རྗེ་ཚེ་རིང་གིས་དགའ་སྤྲོའི་ངང་དེ་ལྟར་བཤད་ཞོར་དུ་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་འདུག
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།