གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་བྱས་ཏེ་ཀྲུང་ཧྭའི་ཆུ་མཛོད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་སྔོན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནས་གཙང་བོ་དང་ས་གཞིར་སྲུང་སྐྱོང་ཡག་པོ་བྱེད་པར་གྲུབ་འབྲས་ལེན་དགོས།
དེང་སྐབས་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བ་དང་རྨ་ཆུའི་མགོ་ཁུངས་གང་ཡིན་རུང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་མིའི་སེམས་གཏིང་ལ་ཟུག་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་རྒྱུ་དེ་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད། སྲིད་གཞུང་གི་བྱ་སྤྱོད་ནས་མང་ཚོགས་ཟབ་ཞུགས་བྱེད་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྤེལ་མགོ་ཚུགས་པ་ལས་འབྲོག་པ་མང་ཚོགས་མང་པོ་ཞིག་གིས་ཕྱུགས་འཚོ་མཚམས་བཞག་ནས། དེ་སྔ་རྩྭ་ཐང་བེད་སྤྱོད་བྱེད་མཁན་ནས་སྣོད་བཅུད་དོ་དམ་སྲུང་སྐྱོབ་བྱེད་མཁན་དུ་གྱུར་ནས་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་ཡོད།
མཁར་བྱམས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་རྫ་སྐྱ་སྡེ་བའི་འབྲོག་པ་ཞིག་རེད། ཁོ་རང་རྨ་ཆུའི་མགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོང་མཁན་ཞིག་ཀྱང་ཡིན་པས་ལོ་མང་པོའི་རིང་རྨ་ཆུའི་འགྲམ་ངོགས་སུ་སྐོར་ཞིབ་བྱེད་ཀྱིན་ཡོད། ཁོས་བཤད་རྒྱུར། རྨ་ཆུ་ང་ཚོའི་འགྲམ་ནས་རྒྱང་ལ་བཞུར་བཞིན་ཡོད། རྨ་ཆུ་ནི་ང་ཚོའི་མ་ཡུམ་དང་འདྲ་ལ་ངས་རྨ་ཆུའི་མགོ་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བའི་གནས་ཚུལ་མིག་གིས་འཚོས་ཡོད་ཟེར།
མཚོ་སྔོན་ནི་རྨ་ཆུའི་མགོ་ཁུངས་ཡིན་ཞིང་མཚོ་སྔོན་མངའ་ཁོངས་ཀྱི་རྨ་ཆུའི་སྤྱིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་1694ཡོད་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་15.23ཡོད། ཞིང་ཆེན་ནང་ཁུལ་གྱི་རྫོང་དང་ས་ཁུལ30ལ་ཁྱབ་ཡོད། ལོ་རེ་བཞིན་རྨ་ཆུའི་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་264.3གཏོང་འདྲེན་བྱས་པ་དེས་རྨ་ཆུ་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་གྱི་49%ཟིན་ཡོད་པས་རྨ་ཆུའི་འབབ་རྒྱུད་ཧྲིལ་པོར་ཕན་ཐོགས་ཡོད། རྨ་ཆུའི་མགོ་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་མཚོ་སྔོན་གྱི་འདོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཏུ་གྱུར་ཡོད།
རྨ་ཆུའི་མགོ་ཁུངས་སྲུང་སྐྱོང་བྱས་ནས་སྔོ་ཁེབས་འདེབས་འཛུགས་དང་རྩྭ་འབོར་མང་དུ་གཏོང་བ། སྣོད་བཅུད་སླར་གསོ་བཅས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་རེད། རྩྭ་ཐང་གི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད་རང་ཞིང་གིས་ཧུར་ཐག་སྒོས་བྱེད་ཐབས་སྤྱད་དེ་རྩྭ་ས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བྱས། དེའི་རྗེས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་ཚུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དོན་དངོས་ལ་གཞི་ཚུགས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་དབུལ་ཐར་མཁྲེགས་གཏོར་གཅིག་གྱུར་འཆར་འགོད་བྱེད་པ། ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་འཚོལ་ཞིབ་བྱས་ཏེ་འབྲོག་པ་མང་ཚོགས་ཁྲི་ལྷག་ཙམ་རང་འགུལ་ངང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ནང་ཞུགས་ཡོད་པས་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྟོབས་ཤུགས་བསྣན།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གསར་འགོད་པས་འབྲོག་པ་བསོད་བསོད་མཐོང་སྐབས། ཁོས་ལུས་ལ་སྣོད་བཅུད་བདག་སྐྱོང་མཁན་ཞེས་པའི་ཡི་གེ་བྲིས་པའི་སྟོད་ཀོར་ཞིག་གྱོན་ནས་ཆུ་འགྲམ་དུ་སྐོར་གཡེང་བྱེད་བཞིན་ཡོད་པ་དང། ལག་ཏུ་གད་སྙིགས་ཀྱི་སྣོད་ནག་པོ་ཞིག་བཟུང་ནས་འགྲོ་ཞོར་དུ་ལམ་འགྲམ་གྱི་གད་སྙིགས་འཐུ་བཞིན་འདུག 2012ལོར་ང་རང་དངོས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་མཁན་ཞིག་ཏུ་གྱུར། རྒྱལ་ཁབ་དང་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོང་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་པ་དང་བསྟུན་ནས། ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་པ་དང་མང་ཚོགས་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཀྱང་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅེས་བསོད་བསོད་ཀྱིས་གསར་འགོད་པར་བཤད།
ཆུ་ལམ་གཙང་མ་བཟོ་རྒྱུ་དེ་དུས་རྒྱུན་རྨ་ཆུའི་ལམ་རྒྱུད་ཀྱི་སྣོད་བཅུད་དོ་དམ་དང་སྲུང་སྐྱོང་བྱེད་པའི་བྱ་བ་གལ་ཆེན་ཞིག་རེད། སྣོད་བཅུད་དོ་དམ་སྲུང་སྐྱོང་བ་ཚོ་སྒོ་ཕྱི་རུ་འགྲོ་དུས་གད་སྙིགས་བླུགས་སྣོད་བཟུང་ནས་འགྲོ་བཞིན་ཡོད། བསོད་ནམས་ཀྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་གད་སྙིགས་ལྡུག་སའི་ས་ཚིགས་བསྐྲུན་ཡོད་པས་གད་སྙིགས་ཐག་རིང་དུ་འཁྱེར་མི་དགོས་པར་སྟབས་ཧ་ཅང་བདེ། དེ་བས་ཞང་དང་གྲོང་རྡལ་སྲིད་གཞུང་གིས་དུས་ལྟར་གད་སྙིགས་བརྒྱུད་འདྲེན་རླངས་འཁོར་བཀོད་སྒྲིག་བྱས་ཏེ་གད་སྙིགས་སྣ་ཚོགས་གད་སྙིགས་ལྡུག་སའི་ས་ཚིགས་སུ་སྐྱེལ་བཞིན་ཡོད་པ་དང་། སྡེ་བ་སོ་སོས་ཀྱང་རྟག་ཏུ་མང་ཚོགས་རྩྭ་འཛུགས་བྱས་ནས་ཆུ་ལམ་གྱི་གད་སྙིགས་སྣ་ཚོགས་འཐུས་ནས་རིགས་དབྱེ་སྒོས་གད་སྙིགས་ལྡུག་སའི་ས་ཚིགས་སུ་སྐྱེལ་བཞིན་ཡོད་ཟེར།
བསོད་ནམས་རིན་ཆེན་ནི་ཆུ་དམར་ལེབ་རྫོང་གི་འབྲོག་པ་ཞིག་རེད། རྨ་ཆུའི་མགོ་ཁུངས་ཀྱི་སྣོད་བཅུད་བདག་སྐྱོང་པར་གྱུར་རྗེས་ཁོས་དུས་རྒྱུན་དུ་སྐོར་སྲུང་དང་གད་སྙིགས་གཙང་སེལ། ལྟ་སྐུལ་ཁྲིམས་འཛིན། སྣོད་བཅུད་ལྟ་ཞིབ་ཚད་ལེན་སོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཡོད་པས་ལོ་གཅིག་གི་དུས་ཚིགས་བཞི་བོར་བྲེལ་བ་ཤིན་ཏུ་ཆེ།
དཀའ་སྤྱད་འབད་བརྩོན་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་དེ། ཉེ་བའི་ལོ་ཤས་རིང་རྨ་ཆུའི་མགོ་ཁུངས་ས་ཁུལ་སྲུང་སྐྱོབ་ལེགས་པོ་བྱས་པ་བརྒྱུད། ཕ་ཡུལ་གྱི་རྩྭ་ཐང་སྔར་ལས་སྔོ་ལ་ཆུ་མོ་དྭངས་པ་དང་སྔོ་ཁེབས་ཀྱི་ཚད་གཞི་ཆེ་རུ་སོང་པ་དང་བསྟུན་ནས་རྨ་ཆུའི་ནང་གི་བྱེ་འདམ་ཡང་ཉུང་དུ་ཕྱིན་ཡོད།
སྣོད་བཅུད་སྲུང་སྐྱོང་མཁན་དེ་དག་ཉིན་གཅིག་ལའང་ལམ་ཐག་སྤྱི་ལེ་བཅུ་ཕྲག་ཁ་ཤས་ལྷག་ལ་འགྲོ་དགོས་པ་དང་། སྐོར་སྐྱེད་བྱེད་པའི་ས་ཁོངས་རྒྱ་ཆེ་ནའང་ཁོ་ཚོ་རྐང་ཐང་དང་ཡང་ན་རྟ་ལ་ཞོན་ནས་འགྲོ་བཞིན་ཡོད་ཅིང་། བཟའ་བཏུང་དུ་རྩམ་པ་དང་ཤ་སྐམ་ཙམ་ལས་ཁྱེར་མེད་ཀྱང་ཁོ་ཚོས་ཡང་དང་བསྐྱར་དུ་མཐོང་བཞིན་པའི་རི་ཆུ་དེ་དག་ལ་སུན་སྣང་གཏན་ནས་བྱེད་ཀྱི་མེད་པར་མ་ཟད། སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་སྤྲོ་སྣང་གིས་ཁེངས་ཤིང་། སྙན་འཇེབས་ལྡན་པའི་བོད་གཞས་གཏོང་ཞོར་མཐའ་ཡས་པའི་རུ་ཆུ་གོམ་པས་གཞལ་གྱི་ཡོད།
ད་ལྟའི་བར་དུ་རྨ་ཆུ་ལ་བརྟེན་ནས་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱིས་ཆུ་མོའི་དྭངས་གཙང་ལོངས་སུ་སྤྱོད་བཞིན་ཡོད། ཡིན་ནང་རྨ་ཆུའི་མགོ་ཁུངས་སུ་སྐྱེ་ཁམས་སྲུང་སྐྱོང་མཁན་རེ་རེ་ཡིས་འཁྱགས་གྲང་གི་མཐོ་སྒང་དུ་དབྱང་རླུང་དཀོན་པ་དང་ལམ་ཐག་རིང་བ། གྲང་ངར་ཆེ་ཞིང་ཚ་གདུག་ཆེ་བ། ཁ་བ་བུ་ཡུག་འཚུབ་པ་བཅས་ལ་མི་འཛེམ་པར་དཀའ་སྤྱད་འབད་བརྩོན་སྒོས་རང་འཁྲིའི་ལས་འགན་ཕྲག་ཏུ་ཁུར་ཡོད་པ་དང་། ཁོ་ཚོར་དམིགས་ཡུལ་གཅིག་ལས་མེད་པ་སྟེ། དེ་ནི་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རྨ་ཆུའི་མགོ་ཁུངས་སྲུང་སྐྱོང་ཡག་པོ་བྱས་ཏེ་དྭངས་གཙང་གི་ཆུ་མོ་ཤར་དུ་བཞུར་བར་འགན་སྲུང་བྱེད་རྒྱུ་དེ་རེད།
ལོ་ཙཱ་བ། གཡང་འབུམ་རྒྱལ།