དྲི་བཟང་སྨན་གྱིས་ཕྱུག་འགྱུར་རྨི་ལམ་མངོན་དུ་བསྒྱུར།
2020.06.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ཟླ5པའི་ཚེས21ཉིན། གསར་འགོད་པ་ཁྲི་ཀ་རྫོང་བཻཌཱུརྱ་སྨན་རྫས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་འཇིགས་མེད་དང་མཉམ་དུ་དཀར་བརྗིད་ཞང་གི་ལྕང་ར་ལུང་པར་ཁོས་འདེབས་འཛུགས་བྱས་པའི་སྨན་རྩྭ་ལ་ལྟ་རུ་ཕྱིན་པ་ཡིན། མུའུ2700ཡས་མས་ཡོད་པའི་སྡོང་རྒན་ཐང་དང་མགོན་སྡེ་བའི་ཞིང་སའི་སྟེང་དུ་ཁོས་བཏབ་པའི་ལྩུམ་རྩ་དང་གསེར་མེ། ཏང་ཀུན། འོལ་མོ་སེ་སོགས་སྨན་རྩྭའི་རིགས་མྱུ་གུ་འབུས་ཏེ་སྔོ་ལྗང་ལྗང་བྱེད། འཇིགས་མེད་ཀྱིས་ཞིང་ནང་གི་སྨན་རྩྭ་དག་ལ་བལྟས་ནས“སྨན་རྩྭ་འདི་དག་ལས་སྐོར་ཞིག་སྔོན་ཆད་མིའི་ཐབས་ལ་བརྟེན་ནས་བཏབ་མ་མྱོང་ཞིང་། ད་ལོར་ཐེངས་དང་པོར་བཏབ་པ་ཡིན། དེ་བས་སྨན་རྩྭའི་སྐྱེ་ཚད་ལ་སེམས་ཁྲལ་ཆེ་མོད། ཡིན་ནའང་མིག་སྔའི་རྣམ་པ་ལ་བལྟས་ན་སྐྱེ་མི་སྐྱེ་འདང་རྒྱག་མེད་པ་འདྲ”ཞེས་གདོང་ལ་རྒྱལ་ཁའི་འཛུམ་མདངས་ཤིག་རྣམ་པར་རྒྱས་འདུག

འཇིགས་མེད་ནི་ཁྲི་ཀ་རྫོང་དཀར་བརྗིད་ཞང་སྔོ་རྒྱ་སྡེ་བའི་ཧྲུའུ་ཅི་ཟུར་པ་ཡིན་ལ། ཁོས2005ལོ་ནས་བཟུང་ཁྲི་ཀ་རྫོང་ཁོངས་དང་དེ་མིན་ཡུལ་གཞན་དུ་སྨན་རྫས་སྣ་ཚོགས་རྐོ་སྡུད་བྱས་ཤིང་། སྨན་རྫས་དེ་དག་ཟི་ལིང་གི་ཅིའུ་ཁང་སྨན་ལས་སོགས་སུ་ཏུན30ལྷག་བཙོངས་ནས་ལོ་རེར་ཡོང་སྒོ་རྐྱང་པ་སྒོར་ཁྲི20ལྷག་བཙལ། 2015ལོར་ཁོས་ཁྲི་ཀ་རྫོང་གི་བཟོ་ལས་གླིང་ཁུལ་དུ་སྤྱིའི་ལས་གཞི་ལ་སྒོར120ལྷག་བཏང་ནས་བཻཌཱུརྱ་སྨན་རྫས་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ཤིང་། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་དང་རང་གི་འབད་འབུངས།དེ་མིན་དེང་རབས་ལག་རྩལ་གསར་པ་དང་ལག་རྩལ་གསོ་སྦྱོང་། ལག་རྩལ་བརྗེ་རེས་བཅས་བྱས་པར་བརྟེན། ཉེ་བའི་ལོ་འདི་དག་གི་རིང་སྔར་གྱི་སྨན་རྫས་ཉོ་སྡུད་ཁོ་ན་བྱེད་པ་ནས་དེང་གི་ཉོ་སྡུད་དང་། འདེབས་འཛུགས། ལས་སྣོན། ཕྱིར་འཚོང་། གནས་སྐོར་ཐོན་རྫས་གསར་སྤེལ་སོགས་ཁྱབ་ཁོངས་རྒྱ་ཆེར་བསྐྱེད་པ་དེས་ཁེ་ལས་ཀྱི་མདུན་ལྗོངས་ཇེ་ཡངས་དང་འཕེལ་རྒྱས་ཀྱི་ལམ་ཁ་གསར་པ་ཞིག་ཏུ་སླེབས།

འཇིགས་མེད་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོས་ལོ་འདི་དག་གི་རིང་སྨན་རྩྭ་འདེབས་འཛུགས་བྱས་པར་བརྟེན་ནས་འཚོ་བའི་ཐད་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ན་ནིང་ལྟ་བུར་དཔེ་བླངས་ན་ཡོང་སྒོ་སྒོར་ཁྲི500ལྷག་ཡོད་ལ། མ་འོངས་པར་ཁོས་འདེབས་འཛུགས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་ཚེ། ཡོང་སྒོ་སྔར་བས་མང་པོ་ལོན་པའི་ཡིད་ཆེས་ཡོད། ཁོའི་རྣམ་རིག་བཀྲ་བའི་གདོང་ལ་རྒྱལ་ཁའི་འཛུམ་མདངས་ལྷུག་པོར་གྲོལ།

ཁོས་ཁྲི་ཀ་རྫོང་དཀར་བརྗིད་ཞང་གི་ལྕང་རར་ས་མུའུ་བརྒྱད་བརྒྱ་ལྷག་ལ་ཏང་ཀུན་དང་མ་ནི། འོལ་མོ་སེ། ཀླུ་བདུད་རྡོ་རྗེ། ལྕུམ་རྩ། གསེར་མེ་སོགས་སྨན་རྫས་སྣ་ཁ་བཅུ་ལྷག་བཏབ་ཡོད། ལྕང་ར་ནི་སའི་མཐོ་ཚད་དང་གནམ་གཤིས་དྲོ་གྲང་སོགས་གང་ཐད་ནས་སྨན་རྫས་འདེབས་འཛུགས་ལ་ཤིན་ཏུ་འཕྲོད་པའི་ས་ཆ་ཞིག་ཡིན། ཁོས་ས་དེར་སྨན་རྫས་འདེབས་འཛུགས་མ་བྱས་གོང་ཡུལ་དེར་སྨན་རྫས་འདེབས་འཛུགས་མཁན་གཅིག་ཀྱང་མེད་མོད། ད་ལྟ་ཡུལ་དེར་ཁོའི་སྣེ་ཁྲིད་འོག་མི་མང་པོས་སྨན་རྫས་བཏབ་ནས་ཕྱུག་བསྒྱུར་གྱི་ལམ་ཁ་གསར་པ་ཞིག་སྙེག་བཞིན་ཡོད།

སྨན་རྫས་འདེབས་འཛུགས་བྱེད་པ་དེ་མི་རེ་གཉིས་ཀྱིས་ནུས་པ་ཞིག་མིན་པས། སྨན་རྫས་འདེབས་འཛུགས་དང་ཡུར་མ་ཡུར་བ། འབྲས་བུ་བཏོག་པ། རྩ་བ་རྐོ་བ་སོགས་ཀྱི་སྐབས་སུ་མི་མང་པོ་མཁོ་བས། ས་གནས་དེའི་ངལ་རྩོལ་པ་ལྷག་མ་རྣམས་སྨན་རྫས་འདེབས་འཛུགས་ཁྲོད་ཞུགས་ནས་ཡོང་སྒོ་འཚོལ་བཞིན་ཡོད། ན་ནིང་ཁོ་ནར་ལས་ཀ་པའི་གླ་ཕོགས་རྐྱང་རྐྱང་ཁོས་སྒོར་མོ་ཁྲི100ལྷག་བཏང་ཟིན། དེས་ཚད་ངེས་ཅན་ཞིག་ནས་དབུལ་ཕོངས་ཁྱིམ་ཚང་སྐོར་ཞིག་གི་དཀའ་ཁག་སེལ་རོགས་བྱས་ཡོད།

ཁོས་རང་གི་ཐབས་དང་བློ་གྲོས། འཇོན་ཐང་སོགས་ལ་བརྟེན་ནས་རང་ལམ་རང་གིས་གཤགས་ཤིང་། རང་གི་ལག་ཟུང་གིས་རང་གི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ་རེད། ད་ལྟ་རྫོང་ཐོག་དང་ཟི་ལིང་སོགས་སུ་ཁང་པ་ཉོས་ནས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད་ལ། འདས་ཟིན་པའི་ལས་སྐྲུན་གྱི་གོ་རིམ་ཁྲོད་ཁོ་ཡང་དཀའ་ཁག་རབ་དང་རིམ་པར་འཕྲད་པ་དང་། དགའ་བའི་འཛུམ་མདངས་དང་སྐྱོ་བའི་མིག་ཆུ་ཡང་ཡོད་མོད། ཡིན་ནའང་སྨུག་མདོག་གདོང་ལ་ཡིད་ཆེས་ཀྱི་མདངས་བྱུགས་པའི་ཕོ་གསར་དེས་དཀའ་ཁག་གི་སྔུན་ནས་ནམ་ཡང་མགོ་མ་བསྒུར་ཞིང་སེམས་མ་ཕམ་པར་མ་ཟད། དེ་དག་ལས་སྐྲུན་གྱི་སྒུལ་ཤུགས་སུ་བརྩིས་པས་ད་ལྟའི་གྲུབ་འབྲས་འདི་ལྟ་བུ་སྨིན་པ་རེད། ཁོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་གསར་པའི་ཞིང་པ་མང་ཚོགས་མང་པོའི་ཁྲོད་ཀྱི་དཔེ་སྟོན་ཡིན་ལ། ན་གཞོན་མང་པོའི་ལས་སྐྲུན་གྱི་མིག་དཔེར་འཛིན་སའང་ཅི་ལ་མིན།

ད་ལྟ་ཁོའི་སྨན་རྫས་རྣམས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་། ཨ་རུ་བོད་སྨན། འཇིགས་མེད་བོད་སྨན། ཅིའུ་ཁང་སྨན་ལས། མཚོ་ལྷོ་ཁུལ་བོད་སྨན་ཁང་སོགས་སུ་འཚོང་བཞིན་ཡོད། ། 

                                                                                                               རྩོམ་སྒྲིག་པ། གཡང་འབུམ་རྒྱལ།