ང་ཚོ་ཞིང་ལས་པས་གོ་རེ་ལས་ན་མཁར་གྲོང་དུ་བཙོང་ཐུབ་བམ། གོ་རེ་ལས་པའི་གནས་ཚུལ་དེ་ཁྲི་ཀ་རྫོང་གཡམ་སྡེ་བ་ནས་གླེང་བརྗོད་མང་པོ་བྱུང་།
དེ་ནི་ན་ནིང་ཟླ་བ་དྲུག་པའི་ཟླ་དཀྱིལ་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཀ་རིང་ཞང་གཡམ་སྡེ་བའི་སྡེ་མིའི་ཚོགས་ཆེན་སྟེང་མི་རྣམས་ཀྱིས་བཤད་པའི་སྐད་ཆ་ཞིག་རེད། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་པད་མ་བྱམས་ཀྱིས་སྡེ་བའི་ནང་གོ་རེ་ལས་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་སྐབས། ཚོགས་འདུར་ཞུགས་པའི་སྡེ་མི་རྣམས་ཀྱིས་གླེང་བརྗོད་མང་པོ་བྱས།
དེ་ནི་ཉེ་བའི་ལོ་འགའི་རིང་ལ་གཡམ་སྡེ་བ་ཐེངས་གཉིས་པར་འཕེལ་རྒྱས་ཀྱི་བཞི་མདོ་རུ་ལངས་པ་ཞིག་ཡིན་པ་དང་། ཐེངས་དང་པོ་ནི་ཉིས་སྟོང་བཅུ་དྲུག་ལོ་རེད། སྐབས་དེར། ཞིང་ཕྱུགས་གཉིས་ཀ་གཉེར་བཞིན་པའི་གཡམ་སྡེ་བ་ཡང་ཉེ་འགྲམ་གྱི་ཁྱིམ་མཚེས་སྡེ་བ་མང་པོ་དང་འདྲ་བར་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་འགག་སྒོ་ཞིག་ཏུ་ལངས་ཡོད་པ་དང་། ཁྱིམ་གྱི་ས་ཞིང་མུའུ་གཅིག་གཉིས་ཙམ་ལ་བརྟེན་ཡོད་པས།སྡེ་མི་རྣམས་ཀྱི་ཡོང་སྒོའང་ཤིན་ཏུ་ཉུང་།
རྗེས་ནས་ང་ཚོའི་བསམ་ཕྱོགས་དག་སྒྲིག་བྱས་པ་དང་། སྡེ་མི་རྣམས་སྐུལ་སློང་བྱས་ཏེ་ལོག་དཀར་བཏབ། འགྱུར་ལྡོག་བཏང་བ་ལས་ས་ཞིང་སྟེང་གི་ཡོང་སྒོ་ལྡབ་འགྱུར་གྱིས་ཇེ་མང་དུ་བཏང་། དེ་ལྟར་བྱས་མཐར་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཧྥུའུ་ཀོ་ལ་སྤྲོ་སྣང་མང་པོ་ཁྱེར་ཡོང་། རྒྱལ་ཁའི་གོམ་པ་དང་པོ་སྤོས་རྗེས། ཁོ་ཚོས་བསམ་གཞིགས་གཏོང་མགོ་ཚུགས། གཡམ་སྡེ་བས་ད་དུང་ཅི་ཞིག་ལ་བརྟེན་ནས་འཕེལ་རྒྱས་གཏོང་དགོས་སམ།
ཚང་མ་ཞིང་བ་ཡིན་པ་དང་། ཁེ་ལས་སྒྲུབ་རྒྱུ་དེ་འདྲའི་དོན་དངོས་དང་མཐུན་པ་ཞིག་མ་ཡིན། དེ་ལས་ང་ཚོར་བྱང་ཆ་ལྡན་པའི་ཕྱོགས་ལ་བསམ་གཞིགས་བཏང་ནས་བྱ་བ་སྒྲུབ་ན་བཟང་། པད་མ་བྱམས་ཀྱིས་བལྟས་ན། སྡེ་བའི་ནང་དུ་གོ་རེ་ལས་ན་ཤིན་ཏུ་འཚམ་པར་སྣང་། ཁྱིམ་ཚང་ཚང་མས་གོ་རེ་ལས་ཤེས་པར་མ་ཟད། ཀ་རིང་ཞང་དུ་གཡམ་སྡེ་བའི་གོ་རེ་ལ་སྙན་གྲགས་ཅུང་ཡོད་པ་རེད།
བཤད་ཟིན་པ་སྒྲུབ་དགོས།
ན་ནིང་དཔྱིད་མགོ་ཚེས་དུས། པད་མ་བྱམས་དང་ཁྲིན་ཧྥུའུ་གོ་གཉིས་ཀྱིས་སྔོན་ལ་གོ་རེ་ལས་བ་ནས་མགོ་བརྩམས་བྱུང་། སྔོན་ལ་ཀན་སུའུ་ཡུང་ཅིན་གྱིས་ལྕགས་ཀྱི་སླ་ང་བཟོ་སའི་བཟོ་གྲྭ་ཞིག་བཙལ་ཏེ། སླ་ངའི་ཆེ་ཆུང་དང་། རིན་གོང་སོགས་ཀྱི་ཐད་ལ་ཐེངས་དྲུག་བདུན་ཞིག་ལ་གྲོས་མོལ་བྱས་མཐར།བཟོ་གྲྭ་དེ་རུ་གོ་རེ་ལས་སྤྱད་ཀྱི་ལྕགས་ཀྱི་སླ་ང་ཉིས་བརྒྱ་བཟོ་རྒྱུའི་གྲོས་མཐུན་བཞག་པ་དང་། སླ་ང་གཅིག་པུའི་སྟེང་ལ་སྒོར་མོ་ཁྲི་གསུམ་གྱི་གྲོན་དངུལ་དགོས། སྡེ་བའི་ནང་དུ་སྒོར་མོ་དེ་དག་ཕུད་མི་ཐུབ་པ་ཤེས་རྗེས། ཧྲུའུ་ཅི་དང་པོ་ཡང་ཕའེ་ཧོང་མྱུར་དུ་ཁོའི་སྔོན་ཆད་ཀྱི་ལས་ཁུངས་ཏེ་མཚོ་ལྷོ་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ལ་སོང་ནས་གནས་ཚུལ་དེ་ཡར་ཞུ་བྱས་པ་དང་། སྔོན་ཆད་ཀྱི་ཅུའུ་ཀྲང་མཱ་ཡུས་ཅའེ་ཡིས་ང་ཚོའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་རྒྱུས་ལོན་བྱས་རྗེས། མྱུར་དུ་ང་ཚོའི་དཀའ་ངལ་ཆེན་པོ་དེ་ཐག་གཅོད་བྱེད་རོགས་བྱས་ཞེས་ཁྲིན་ཧྥུའུ་གོ་ཡིས་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད།
རོགས་སྐྱོར་ལས་ཁུངས་ཀྱི་རྒྱབ་སྐྱོར་ཡོད་པས། སླ་ང་ཉིས་བརྒྱ་ལས་བའི་བྱ་བ་མྱུར་དུ་ལག་བསྟར་བྱེད་ཐུབ་པ་བྱུང་། ཡིན་ནའང་། སྒོར་མོ་ལས་ཀྱང་ཐག་གཅོད་བྱེད་དཀའ་བའི་དཀའ་ངལ་ཞིག་སྡེ་བའི་ལས་བྱེད་པ་དང་ཧྲུའུ་ཅི་དང་པོའི་མདུན་དུ་ལྷག་ཡོད་པ་ནི་ཀླད་པ་འགུལ་རྒྱུ་དེ་རེད།
ད་ལྟ་མཁར་གྲོང་གི་མི་རྣམས་ང་ཚོའི་སྔར་ཡོད་ཀྱི་བྲོ་བ་ཉམས་མེད་པའི་གོ་རེ་བཟའ་རྒྱུར་དགའ་བ་དང་། ཁ་ལ་ཞིམ་ན་ཚོང་ར་ཡོད་པ་ཁོ་ཐག་ཡིན། སྡེ་བའི་ནང་གི་མི་རྣམས་ཀྱིས་གནས་ཚུལ་དེ་དང་ལེན་བྱེད་མི་ཐུབ་པའི་སྐབས་སུ། ཡང་ཕའེ་ཧོང་གིས་ས་གནས་དེ་གའི་ཕྱེ་དང་། གཡིས། སྲོལ་རྒྱུན་བཟོ་རྩལ་གྱིས་ལས་སྣོན་བྱས་པའི་གོ་རེ་ལ་ཚོང་རའི་ནང་དུ་དགའ་བསུ་ཆེན་པོ་བྱེད་བཞིན་འདུག་ཅེས་འགྲེལ་བཤད་བྱས་པ་དང་། གོ་རེ་ལས་པའི་རྨང་གཞི་ཡོད་པས། ལམ་ཕྱོགས་འདི་ལ་གཡམ་སྡེ་བས་སྙིང་སྟོབས་ཆེན་པོས་ཚོད་ལྟ་ཞིག་བྱེད་དགོས་ཟེར།
ན་ནིང་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར། ཐེངས་གཉིས་པའི་སྐུལ་སློང་ཚོགས་ཆེན་བསྡུས་པ་དང་། དབུལ་ཕོངས་ཁྱིམ་ཚང་ཐུབ་བསྟན་རྒྱ་མཚོ་དང་། ཡིད་འཕྲོག་ལྷ་མོ་བཟའ་ཟླ་གཉིས་སྔོན་ལ་ཚོད་ལྟ་བྱེད་རྒྱུར་འཐད་པ་བྱུང་།
ལས་བྱེད་པས་སེམས་རྩེ་གཅིག་གིས་ང་ཚོ་བསམ་བཞིན་ཡོད་པས། ང་རང་འཕེལ་རྒྱས་འགྲོ་བར་ཡིད་ཆེས་ཡོད། སྡེ་བས་རྒྱབ་སྐྱོར་ཡོད་ན། ད་གཟོད་ང་ཚོས་དཀའ་བ་འདི་དང་དུ་ལེན་འདོད་ཟེར།
ཉིན་བཅུ་ལྷག་ལ་སྦྱོང་བརྡར་བྱས་པ་བརྒྱུད། ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། དམིགས་བསལ་གྱི་འགྲན་བསྡུར་ཞིག་གཡམ་སྡེ་བ་ནས་སྤེལ། ཁྱིམ་ཚང་བཞི་བཅུ་ཞེ་དགུས་ལས་པའི་གོ་རེ་ལ་རིམ་པ་བཞིན་འགྲན་སྡུར་བྱས་པ་བརྒྱུད། ཆེས་མཐའ་མར་ཁྱིམ་ཚང་དགུ་འབུར་དུ་ཐོན་པ་དང་། ཁྱིམ་ཚང་རེ་རེས་ཚད་ཐིག་གཏན་འཁེལ་བྱས་ནས་ལས་པའི་ལྕགས་ཀྱི་སླ་ང་བཅུ་ལེན་ཐུབ་པ་བྱུང་བ་དང་། དེ་ནི་སྡེ་བའི་ནང་སྐོར་ཐེངས་དང་པོར་གོ་རེ་ལས་པའི་ཐོན་ལས་འཕེལ་རྒྱས་བཏང་བ་ཞིག་རེད།
གོ་རེ་འཚོང་ས་མེད་པའི་རྐྱེན་གྱིས་གོ་རེ་དེ་དག་སྡེ་བའི་ལས་བྱེད་པས་དྲིལ་སྒྲོག་ལ་བརྟེན་དགོས། དེ་བས། ཉིན་གཅིག་གི་སྔོན་ལ་ཁོ་ཚོས་སྐད་འཕྲིན་ཚོགས་པ་ནང་གོ་རེ་ལས་རྒྱུའི་བརྡ་སྦྱོར་ཞིག་སྤེལ། ང་ཚོས་དགོང་མོར་ཕྱེ་གྲ་སྒྲིག་བྱས་ནས་ཉིན་གཉིས་པའི་སྔ་མོའི་དུས་ཚོད་ལྔའི་སྟེང་དུ་གོ་རེ་ལས་བཞིན་ཡོད། གོ་རེ་ཇི་ལྟར་ལས་པ་དང་དུས་ཚོད་ཅི་ཙམ་གྱི་རིང་ལ་མེ་འོག་ཏུ་འཇོག་དགོས་པ་སོགས་ཞིབ་ཆ་མང་པོ་ཡོད་པ་རེད། བརྒྱུད་རིམ་འདི་དག་ལ་འགྲན་སྡུར་གྱི་ཁྲོད་ནས་ཨང་དང་པོ་ཐོབ་པའི་ཡིད་འཕྲོག་ལྷ་མོར་ཆ་རྒྱུས་ཤིན་ཏུ་གསལ་བོ་ཡོད།
དེ་ལྟར་ཡིན་ཡང་། གོ་རེ་ཡི་རྒྱུ་སྤུས་ལ་ཁག་ཐེག་བྱེད་ཆེད། པད་མ་བྱམས་ཀྱིས་གོ་རེའི་ཚོང་ལེན་དུ་མ་ཡོང་བའི་སྔོན་ལ་བདམས་གསེས་བྱས་ནས་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། ད་དུང་རྗེས་འདེད་བྱེད་པའི་མ་ལག་ཅིག་ཀྱང་བཙུགས།
དང་ཐོག་ང་ཚོས་ལྕགས་ཀྱི་སླ་ང་བཟོ་དུས། དེའི་སྟེང་གཡམ་སྡེ་བ་ཞེས་པའི་ཡི་གེ་བྲིས་ཡོད་པ་མ་ཟད། ད་དུང་ལྕགས་ཀྱི་སླ་ང་ཉིས་བརྒྱ་བོ་སྐོར་བཞི་རུ་དགར་བ་དང་། སྐོར་རེ་རེར་སོ་སོར1.3.6.9ཡི་ཨང་རྟགས་བཀོད་ཡོད། གལ་ཏེ་གོ་རེ་ལ་རྒྱུ་སྤུས་ཐད་ནས་གནད་དོན་བྱུང་ཚེ། གོང་གི་ཨང་རྟགས་བརྒྱུད་དེ་གོ་རེ་དེ་སུ་ཚང་གི་བཟོས་པ་གསལ་བོར་ཤེས་ཐུབ་ཟེར།
དེ་ལྟར་སྡེ་མི་སངས་རྒྱས་སྒྲོལ་མ་གོ་རེ་ཕྱིར་སློག་པའི་བྱ་བར་ཡང་འཕྲད།
ཐེངས་ཤིག་ལ་གོ་རེ་ལསས་ཚར་རྗེས་གོ་རེ་བཞི་ཡར་སྤྲད་པ་དང་། དེ་ནས་ཅང་མ་འགོར་བར་ཧྲུའུ་ཅི་ཡིས་གོ་རེ་ཁྱེར་ནས་ངེད་ཚང་དུ་ཡོང་། ངོ་མ་ངས་ལས་པའི་གོ་རེ་དེ་གཞན་གྱི་གོ་རེ་དང་བསྡུར་ཚེ་མདོག་ཅུང་སྐྱ་བོ་ཞིག་ཏུ་སྣང་ཡོད་པས་ཕྱིར་སྤྲད་པ་རེད། སྔར་ལས་ལྷག་པའི་སྒོ་ནས་མེ་ཡི་ཆེ་ཆུང་ལ་ཚོད་འཛིན་བྱེད་ཤེས་ཆེད། སངས་རྒྱས་སྒྲོལ་མ་ཆེད་དུ་ཡིད་འཕྲོག་ལྷ་མོའི་སར་ཡོང་ནས་ཐོན་རྫས་དམིགས་ཚད་ལ་ཐོན་རག་བར་དུ་སློབ་སྦྱོང་བྱས་པས། སྡེ་བའི་ནང་ད་གཟོད་མོ་རང་ལ་གོ་རེ་འདོན་སྤྲོད་བྱེད་དུ་བཅུག
ཚད་གཞི་མཐོ་བ་དང་རེ་བ་ནན་མོ་ཡིན། འདིའི་རྒྱབ་ཕྱོགས་སུ་གཡམ་སྡེ་བས་ཐོན་ལས་འདི་ཆེས་ཆེར་དང་སྟོབས་ལྡན་དུ་སྒྲུབ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད། ཐོག་མར་མགོ་བརྩམས་པའི་དུས་སུ་གནས་ཡོད་ཀྱང་། ཚང་མས་གོ་རེ་ཆུང་ཆུང་གིས་སྒོར་མོ་མང་པོ་བཙལ་ཐུབ་པ་རྟོགས། སྔོན་ཆད་རང་ཉིད་ཀྱིས་ལས་པའི་གོ་རེ་རང་ཉིད་ཀྱིས་བཟའ་བཞིན་ཡོད་པ་དང་། གོ་རེ་བཙོང་བ་ལ་བརྟེན་ནས་སྒོར་མོ་བཙལ་རྒྱུ་ཞིག་སེམས་ལའང་དྲན་མ་མྱོང་། ད་ལྟ་ཉིན་གཅིག་ལ་གོ་རེ་བཞི་བཅུ་ཡས་མས་ལས་བཞིན་ཡོད། ཡིད་འཕྲོག་ལྷ་མོས་རྩིས་ཤིག་བརྒྱབ་རྗེས། རང་ཉིད་ཀྱིས་ཟླ་རེར་སྒོར་མོ་སྟོང་བཞི་ལྔ་ཡི་ཡོང་སྒོ་ལེན་བཞིན་ཡོད་ཟེར།
ད་ལྟ་ང་ཚོའི་གོ་རེ་ཡིས་དགོས་མཁོ་སྐོང་ཐུབ་བཞིན་མེད་དེ། སྡེ་བའི་ནང་གི་མི་ཚང་མས་ཕལ་ཆེར་མིང་ཐོ་བཀོད་ཡོད། ཡིན་ནའང་། དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་གཞི་རྒྱ་བསྐྱེད་ན་རྒྱུ་སྤུས་ལ་གནད་དོན་འབྱུང་བར་སྐྲག་པའི་དབང་གིས་གོ་རེ་བཟོ་མཁན་གྱི་མི་སྣ་ཁ་སྣོན་མ་བྱས་ཞེས་ཡིད་འཕྲོག་ལྟ་མོས་དེ་ལྟར་བཤད། གོམ་རིམ་རྗེས་མ་ཇི་ལྟར་བགྲོད་དགོས་པའི་ཐད་ལ་སྡེ་བ་འགའི་ལས་བྱེད་པར་བསམ་ཚུལ་ཡོད་པ་ནི་པད་མ་བྱམས་ཀྱིས་བཤད་པ་ནང་བཞིན་ཚོང་རྟགས་ཐོ་འགོད་དང་། ཐུམ་བཟང་པོར་བཟོ་པ། གོམ་གང་མདུན་སྤོས་སྒོས་གཡམ་སྡེ་བའི་གོ་རེ་ཚོང་རྟགས་ཅན་དུ་བསྒྱུར་རྒྱུ་དེ་རེད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།