ནས་ཀྱི་ཐོན་ལས་དར་སྤེལ་ལམ་བུ།
2020.06.15 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 27

 ནས་ནི་མཚོ་བོད་མཐོ་སྒང་དུ་དར་ཁྱབ་ཆེ་བའི་འབྲུ་སྣ་ཉག་ཅིག་སྟེ། ད་བར་དུ་ལོ་ངོ3500ལྷག་གི་ལོ་རྒྱུས་ལྡན་པ་དང་། སྐྱེས་མྱུར་ཞིང་ཚོས་སྔ་བ་གྲང་ངར་ཐུབ་པས་མཐོ་སྒང་དུ་འཚོ་བའི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་གཞི་རྟེན་དུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་ནི་རང་རྒྱལ་གྱི་ནས་འབྲུ་ཐོན་སྐྱེད་ཁུལ་གལ་ཆེན་དུ་ཆགས་ཡོད་སྟབས། ནས་ཀྱི་ཐོན་འབོར་ཆེ་ཆུང་དེ་ཐད་ཀར་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་ལྟོ་རྒྱབ་དང་དཔལ་འབྱོར་ཡོང་འབབ་ལ་འབྲེལ་བ་ཡོད་པར་མ་ཟད། ནས་ཀྱི་ཐོན་སྐྱེད་དང་བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་གཉིས་ཡང་གཅིག་ལ་གཅིག་རྟེན་དུ་འབྲེལ་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནས་ཀྱི་ཐོན་ལས་གོང་སྤེལ་ལ་མཐོང་ཆེན་མཛད་དེ་ནས་དེ་ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་ཆེན་པོ་བཅུའི་གྲས་སུ་བཞག ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་ཝང་ཡུས་ཧུའུ་ཡིས་བཤད་རྒྱུར།  ཐོན་རྫས་ལས་སྣོན་ལ་ཤུགས་བསྣན་ན་ནས་ཀྱི་ཐོན་ལས་འབྲེལ་ལམ་གསར་གཏོད་དང་བོད་ཁུལ་གྱི་ནས་ཐོན་སྐྱེད་བྱེད་ཐབས་བཅོས་སྒྱུར་ལ་ཕན་ཐོགས་ཡོད་པར་མ་ཟད། ཚོང་ལས་གསར་པ་དར་སྤེལ་དང་དབུལ་ཕོངས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བསྐྲུན་ནས་དབུལ་ཕོངས་ལས་ཐར་བར་སྐུལ་འཁྲིད་བྱ་ཐུབ་ཟེར།

ད་ལྟ་ནས་ནི་མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གཙོ་བོར་གྱུར་ཡོད་པ་མ་ཟད་བསྙལ་བཟོའི་བཟོ་ལས་དང་། གཟན་ཆས་ལས་སྣོན་བཟོ་ལས་ཀྱི་རྒྱུ་ཆ་གལ་ཆེན་དང་། བཅུད་ལྡན་ཟས་རིགས་ཀྱི་ཐོན་རྫས་གསར་གཏོད་ཁྲོད་ཀྱི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། མཚོ་སྔོན་གྱི་ནས་ཀྱི་ཐོན་ལས་དར་སྤེལ་ལམ་བུ་ཇེ་ཡངས་སུ་འགྲོ་བཞིན་ཡོད།

ས་བོན་ནི་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་དང་དེང་རབས་ཞིང་ལས་གོང་སྤེལ་གྱི་སྲོག་ཤིང་ལྟ་བུ་ཡིན། ཡིན་ན་ཡང་། ཞིང་ལས་སྐྱེ་དངོས་ཐོན་ལས་གོང་སྤེལ་གྱི་གནད་འགག་དེ་ས་བོན་གྱི་བཟང་ངན་ལ་རག་ལས་ཡོད་པས། ནས་ཀྱི་ཐོན་ལས་དར་སྤེལ་གཏོང་དགོས་ན་ཐོག་མར་ས་བོན་ལ་མཐོང་ཆེན་གང་ལེགས་བྱེད་དགོས།

མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ནས་ལ་ཞིབ་འཇུག་བྱེད་པ་ཆེས་སྔ་བའི་ཞིང་ཆེན་ཞིག་ཡིན་པར་བརྟེན།  ནས་ཞིབ་འཇུག་གི་ཆུ་ཚད་ཡང་རྒྱལ་ཡོངས་ཀྱི་རྩེ་གྲས་སུ་བསླེབས་ཡོད། ཞིབ་འཇུག་ཁང་གིས་ནས་ཀྱི་ས་བོན་སྤུས་ལེགས་སྐོར་ཞིག་བོད་ཁུལ་ནས་རྒྱ་ཁྱབ་ཏུ་བཏབས་ཏེ་ནས་ཐོན་ལས་གོང་སྤེལ་ལ་འདེགས་སྐྱོར་ཆེན་པོ་བྱས།  ནས་སོན་འདེམ་གསོ་ལེགས་འགྲུབ་བྱུང་རྗེས། མུའུ་རེ་ནས་ཐོན་ཚད་རྒྱ་མ་སྟོང་ལས་བརྒལ་ཞིང་། སྐྱེས་མྱུར་ལ་བསྡུ་སྔ་བ། ཐོན་འབབ་མང་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། བོད་ཁུལ་དུ་འདེབས་པར་འཚམ་ལ་ཐོན་འབབ་ཡང་གཏན་འཇགས་ཡིན་པའི་ནས་ཀྱི་སོན་བཟང་དུ་གྱུར་ཡོད།

“མཚོ་སྔོན་ཞིང་ཆེན་དུ་ནས་ཞིང་རྒྱ་ཁྱོན་སྤྱི་ཆིངས་ཁྲི་དྲུག་སྟོང་དྲུག་བདུན་བརྒྱ་ལྷག་ཡོད་ཅིང་། ཐོན་ཚད་ཧ་ལམ་རྒྱལ་ཡོངས་བོད་ཁུལ་གྱི་ནས་སྤྱིའི་ཐོན་ཚད་ཀྱི20%ཡན་ཟིན་ལ། སོན་བཟང་གི་ཚད95%ཟིན་ཡོད”ཅེས་མི་ཚེའི་ཕྱེད་ཀར་ནས་ལ་ཞིབ་འཇུག་བྱས་པའི་ཞིང་ནགས་ཚན་རིག་གླིང་ནས་ཀྱི་རྒྱུད་རྒྱུ་གསོ་སྤེལ་གཙོ་གཉེར་ཉམས་ཞིབ་ཁང་གི་ཀྲུའུ་རིན་ནམ་ཞིབ་འཇུག་པ་ཝུའུ་ཁུན་ལུན་གྱིས་དེ་ལྟར་བཤད་བྱུང་།

བོད་ཁུལ་གྱི་འབྲུ་རིགས་བདེ་འཇགས་ནི་ནས་ཀྱི་བདེ་འཇགས་ཡིན།  མཚོ་སྔོན་ཞིང་ཆེན་གྱིས་ནས་གྱི་སོན་བཟང་མཁོ་འདོན་དང་། ཐོན་རྫས་སྣ་མང་ཞིབ་འཇུག་གསར་བཟོ་བྱེད་པའི་ཁ་ཕྱོགས་གཉིས་གཙོ་བོར་བཟུང་ཡོད། དེ་བཞིན་དུ་ནས་སོན་གྱི་སྣ་ཁ་ཡང་སྲོལ་རྒྱུན་གྱི་ཞིང་ཁྱིམ་སོན་བཟང་འདེམས་གསོ་ནས་སྐྱེ་དངོས་ལག་རྩལ་གཙོ་བྱས་པའི་ཐོན་འབབ་མཐོ་ཤོས་ཀྱི་ས་བོན་རིགས་དང་།  ཐོན་འབབ་དང་སྤུས་ལེགས་ཟུང་ལྡན་གྱི་ས་བོན་རིགས་ནས་ད་ལྟའི་སྣ་མང་དང་སྤུས་ལེགས་པའི་སོན་བཟང་གི་དུས་རིམ་དུ་སླེབས་ཡོད། 

ཟླ4པའི་ཟླ་མཇུག་ཏུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་གྱི་སན་ཅའོ་ཐང་དུ་ཡོད་པའི་ཞིང་ཆེན་རྨ་འབྲི་རྫ་གསུམ་སྡེ་ཚོགས་མང་ར་རྩྭ་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སིས་ད་ལོའི་ནས་ཞིང་བཏབ་ཚར། ཀུང་སི་དེའི་སྤྱི་གཉེར་བ་ཀྲོའུ་ཝན་ཧྲུའུ་ཡིས་གསར་འགོད་པར་བཤད་རྒྱུར། ད་ལོར་ང་ཚོས་བཏབ་པའི་ནས་སོན་ནི་ཐན་པ་ཐུབ་པའི‘ཁུ་ནུ14དང’‘ཁུ་ནུ15’གཙོ་བྱས་ནས་བཏབ་ཡོད། ས་བོན་དེ་གཉིས་ནི་ས་བོན་མང་པོ་ནང་ནས་མིག་སྔར་སྤུས་ལེགས་རྨོ་ཞིང་ལ་འཚམ་ཞིང་ནས་ཀྱི་ཐོན་འབབ་གཏན་འཇགས་ལ་འགན་སྲུང་ཐུབ་པའི་སོན་བཟང་ཡིན་ཟེར།

ཀོས་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ནས་ཞིང་གཞི་ཁྱོན་ཆེས་ཆེ་བའི་རྟེན་གཞི་ཡིན་པས། ཀོས་ནན་རྫོང་རྩྭ་ལས་ཀུང་སིས་མཚོ་སྔོན་ཞིང་ཆེན་ཞིང་ལས་ནགས་ལས་ཚན་རིག་གླིང་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ། རྨོ་འདེབས་ནས་ཐོན་སྐྱེད་བར་གྱི་གནད་འགག་གི་ལག་རྩལ་ལ་ཤུགས་སྣོན་དང་གསོ་སྤེལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཤུགས་བསྣན།

མཚོ་སྔོན་ཞིང་ཆེན་ཞིང་ལས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡའོ་ཡོའུ་ཧྭ་ཡིས་བཤད་རྒྱུར། “ཉེ་ལམ་ང་ཚོས་ཀོས་ནན་རྫོང་རྩྭ་ལས་ཀུང་སིའི་ནས་ཚོད་ལྟ་བྱེད་སར་ལྷད་མེད་ཐོན་མང་གི་བསྲེས་འདེབས་ལག་རྩལ་དང་ནས་ཀྱི་སོན་བཟང་གསལ་འབྱེད་གཏན་འབེབས་ལ་ཉམས་ཞིབ་བྱས་ཏེ། ས་རྒྱུ་ཞན་སར་བཏབ་པའི་ནས་ཀྱི་སྐྱེས་ཚད་ལ་གཤིབ་བསྡུར་བྱས་ནས་སོན་བཟང་འདེམ་གསོ་ལ་སྟབས་བདེ་བཟོས་པ་ཡིན” ཟེར།

ཞིང་ལས་ཐོན་རྫས་གང་ཞིག་དར་སྤེལ་གཏང་དགོས་ན་ཐོན་རྫས་ཀྱི་རིན་ཐང་ཆེན་པོ་སྔོག་འདོན་བྱས་ནས་ལས་སྣོན་བཟང་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད། ནས་ཕྱེ་དང་རྩམ་པ་ལྟ་བུ་སྲོལ་རྒྱུན་གྱི་ལས་སྣོན་བྱེད་སྟངས་ཁོ་ནས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་མི་ཐུབ་པས་ནས་ཀྱི་རིན་ཐང་མུ་མཐུད་དུ་སྔོག་འདོན་བྱ་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱིས་ནས་ཀྱི་ཐོན་ལས་གོང་སྤེལ་ལ་འཕྲད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད།

མིག་སྔར་ནས་ཀྱི་ལས་སྣོན་གྲངས་ཀ་རྒྱལ་ཡོངས་ནས་སྤྱིའི་ཐོན་འབོར་གྱི1/3ཟིན་ཏེ་བོད་ཁུལ་གྱི་ནས་ལས་སྣོན་བྱེད་ཚད་ཆེས་མཐོ་བའི་ཞིང་ཆེན་དུ་གྱུར། ནས་ཐོན་སྐྱེད་དང་ལས་སྣོན་བྱེད་མཁན་ཁེ་ལས18ཡོད་པ་དང་། ནས་ཐོན་རྫས་ཅན་དུ་བསྒྱུར་ཚད83%ཡན་དུ་བསླེབས་ཡོད།

མཚོ་སྔོན་ཨ་ཆེན་གངས་རྒྱབ་དངོས་ལས་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ནས་ཐོན་ལས་གླིང་དུ་འཕྲུལ་ཆས་ཀྱི་སྒྲ་དང་སྦྲགས་ནས་དྲི་ཞིམ་འཐིལ་བའི་མར་རྩམ་གྱི་བག་ལེབ་བཟོ་བ་ནས་བསྲེག་པ། ཐུམ་རྒྱག་པ་སོགས་ལས་སྣོན་གྱི་གོ་རིམ་ལེགས་པོར་སྒྲུབ་ཏེ། མཚོ་སྔོན་གྱི་སྒོ་རྩིས་ཚོང་ཁང་དང་སིལ་ཚོང་ཁང་དུ་སྐྱེལ་བཞིན་ཡོད།

ནས་ཆང་དང་ནས་འབྲས། ནས་ཕྱེ། ནས་ཀྱི་བག་ལེབ་སོགས་ལས་སྣོན་ལ་བརྟེན་ནས་རིན་ཐང་ཇེ་མཐོར་གཏང་ཆེད་མུ་མཐུད་དུ་ནས་ཀྱི་རིན་ཐང་སྔོག་འདོན་དང་འཚོལ་ཞིབ་བྱས།

ནས་ཀྱི་ནང་དུ་བཟའ་བཅའི་ཚི་སྣ་དང་གཞི་རྒྱུ་ཕུན་སུམ་ཚོགས་པོ་འདུས་ཤིང་།   ཟས་བཅུད་ཀྱི་སྡུར་ཚད་གྲོ་ལས་ལྡབ50ཡིས་མཐོ་བས། ལས་སྣོན་ཐད་ཐོན་རྫས་ཞིབ་འཇུག་གསར་བཟོ་བྱ་ཆོག་པ་མ་ཟད་བདེ་ཐང་བཟའ་བཅའི་ཁྱབ་ཁོངས་སུ་ནས་ཀྱི་ཐོན་རྫས་རྩེ་གྲས་གསར་སྤེལ་བྱས་ཆོག་པ་རེད།

རིན་ཐང་རིམ་སྤར་བྱས་ནས་ཚོང་རྟགས་གཏོད་རྒྱུ་ནི་རྩ་བ་ཡིན།

ལས་སྣོན་ལག་རྩལ་དང་ཐོན་རྫས་ཞིབ་འཇུག་གསར་བཟོ་སོགས་ཀྱི་གནད་དོན་ཐག་བཅད་རྗེས། ནས་ཀྱི་ཐོན་རྫས་དེ་དག་ཚོང་ར་ནས་ཅི་ལྟར་རྐང་ཚུགས་པ་དང་ཚོང་རྟགས་ཅི་ལྟར་གཏོད་པ་སོགས་ཀྱི་གནད་དོན་མང་པོར་འཕྲད་པས་ཚོང་རྟགས་ཀྱིས་ཚོང་རའི་ས་ཟིན་མིན་དེ་ཐོན་རྫས་རིམ་སྤར་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད།

ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ནས་ཐོན་རྫས་ཅན་དུ་འགྱུར་ཚད83%ལ་བསླེབས་ཡོད་ལ།“ནས་རིགས”ཐོན་རྫས་སྣ་མང་ཕུན་སུམ་ཚོགས། མཚོ་སྔོན་ཧོར་གྲོང་གི་ནས་ཆང་ནི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སུ་གྱུར་ཡོད། དཔེར་ན“ཐིན་ཡོའུ་ཏེ། 天佑德”“ཧྲི་དབྱི་ཏེ། 世义德”“ཡུང་ཆིང་ཧོ永庆和”སོགས་ལྟ་བུ་དང་། དེ་བཞིན་དུ་ཕྱི་ཐུམ་ཡག་པོ་བརྒྱབ་པའི་ནས་ཀྱི་ཀ་ར་གོ་རེ་དང་ནས་ཀྱི་སྒོང་ལེབ། ནས་ཆག  ནས་ཀྱི་འོ་ཇ་སོགས་ཡང་མཚོ་སྔོན་ཞིང་ཆེན་གྱི་སྒོ་རྩིས་ཚོང་ཁང་མང་པོར་བཀྲམས་འདུག་ལ།  རིན་གོང་དམའ་བས་མཚོ་སྔོན་དུ་ཡོང་མཁན་ཡུལ་སྐོར་བ་རྣམས་ཀྱིས“ལེགས་སྐྱེས”སུ་ཉོ་བའི་འོས་འདེམ་ཐོན་རྫས་སུ་གྱུར་ཡོད།

ད་ལོའི་ནད་ཡམས་ཀྱི་དབང་གིས་ཟླ2པ་ནས་བཟུང་སྒོ་ཕྱེ་བའི་ཞིན་ལུའུ་ཁང་བཟའ་ཆས་ཚད་ཡོད་འགན་ལེན་ཀུང་སིས་ད་ལོའི་ཕྱིར་འཚོང་དྲ་ཐོག་ནས་བྱས། སྤྱི་གཉེར་བ་ཀྲུའུ་ཞིན་མེན་གྱིས་གཞི་གྲངས་ལ་བལྟ་ཞོར་བཤད་རྒྱུར། ཀུང་སིས་ད་ལོར་ཨ་ལི་པ་པའི་ཚོང་འཕྲིན་དུ་འཚོང་བའི་ཐོན་རྫས་གྲངས་ཀ་དེ་ལོ་སྔོན་མའི་དུས་མཉམ་ལས་ལྡབ10ཙམ་འཕར་ ཡོད།   དྲ་ཐོག་ཕྱིར་འཚོང་གི་ཆ་འཕྲིན་བརྗེ་སྤེལ་གྱི་དུས་དང་ཡུལ། བར་སྟོང་། འབྲེལ་འདྲིས་སོགས་ཚད་བཀག་མེད་པའི་དབང་གིས་ང་ཚོའི་ཐོན་རྫས་དག་མ་རྩ་མང་པོ་གཏང་མ་དགོས་པར་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་འཛད་སྤྱོད་པས་བཀོལ་སྤྱོད་ཐུབ་པ་བྱུང་། དྲ་ཐོག་གི་བྲིན་ཚོང་འཕེལ་ཕྱོགས་གནས་བབ་དང་བསྟུན་ནས་ཀུང་སིས་མགྱོགས་འཕྲིན་ཐད་གཏོང་གི་ཚབ་ཚོང་བེད་སྤྱད་དེ་ཤར་བྱང་གི་ཚོང་ར་ཕྱེས་པ་ཡིན། ད་ལོར་མུ་མཐུད་ནས་དྲ་ཐོག་གི་བྲིན་ཚོང་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཤེས་གསལ་ལྟར་ན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཞིང་གྲོང་སྡེ་ཚན་གྱིས་ནས་ཀྱི་ཐོན་ལས་མཉམ་ལས་མནའ་འབྲེལ་དང་། ནས་ཀྱི་ཐོན་རྫས་ལས་སྣོན་ཁེ་ལས་དང་མཉམ་དུ“མཚོ་སྔོན་གྱི་ནས”འདེབས་གསོ་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་དང་། ཁེ་ལས་ཚོང་རྟགས། ནས་ཐོན་རྫས་ཀྱི་ཚོང་རྟགས་གསུམ་གཞི་གཅིག་ཅན་ཏུ་སྐུལ་སྤེལ་བྱས་ནས་“ཁེར་རྐྱང་ཁེར་གཉེར”ནས“མཐུན་སྒྲིལ་འཕེལ་རྒྱས”ཕྱོགས་སུ་སྙེག་བཞིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།