ཆུ་དམར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འཕེལ་རྒྱས།
2020.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

 དབྱར་མགོ་མའི་རྩེ་ཆུ་རྩྭ་ཐང་དུ་ལྗང་མདོག་གིས་ཁེངས་ཡོད་ནའང་རྒྱང་རིང་ན་བརྗིད་ཆགས་ཀྱིས་འགྲེང་པའི་རི་བོ་དག་གི་རྩེ་མོ་ཁ་བས་ཡོངས་སུ་བཀླུབས་འདུག

མཐོ་སྒང་གི་དྭངས་གཙང་གི་མཁའ་དབུགས་རྔུབ་བཞིན་ཆུ་དམར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཕྱོགས་སུ་གོམ་སྟབས་བསྒྱུར་བཞིན་པའི་རྡོ་དཀར་མོ་ཞང་གི་ཞང་གཙོ་གཞོན་པ། གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་བྱེད་པ་ཆོས་འབུམ་རྒྱལ་གྱི་གདོང་ལ་ཡིད་ཆེས་དང་རྒྱལ་ཁའི་མདངས་ཤིག་ཤར་འདུག

ཕྱོགས་བཞི་ལ་བལྟས་ཚེ་ཕྱུགས་སྤྱིལ་དང་རྩྭ་ར།  འཕྲུལ་ཆས་ཁང་བཅས་ཚང་མ་གཅིག་གྱུར་སྒོས་གྲལ་དུ་བསྒྲིགས་འདུག་པ་དང་། མཉམ་ལས་ཁང་དེའི་གསར་དུ་ལས་པའི་གཞུང་ལས་ཁང་ལའང་མཛེས་སྤྲོས་བྱས་ཚར་ནས་ལེགས་པར་གྲུབ་འདུག

རྩྭ་ཐང་དུ་སྔོ་རྩྭ་སྐྱེས་རྗེས་སུ་མཉམ་ལས་ཁང་དེར་ནོར2500ལྷག་ཙམ་ཡོད་པ་ཚང་མ་ཕྱུགས་ཁང་ནས་ཕྱིར་ཕུད་དེ་སྤྱི་ཆིང་7000ལྷག་ཙམ་ཡོད་པའི་མཉམ་ལས་ཁང་གི་རྩྭ་རའི་ནང་བརྒྱབ་ཡོད་པས་མཉམ་ལས་ཁང་གི་ཕྱི་ནང་ཡོངས་སུ་ཁུ་སིམ་མེར་གནས་འདུག ཆུ་དམར་སྡེ་བ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་གི་སྡེ་བ་དབུལ་བོ་ཞིག་ཡིན་ཞིང་། སྡེ་བ་དེའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྒྱུ་ནི་ཞང་དེའི་ངོས་ནས་བཤད་ན་ཁ་ཚ་དགོས་གཏུག་གི་དོན་དག་གལ་ཆེན་ཞིག་རེད།  སྔོན་ཆད་སྡེ་བ་དེའི་རྩྭ་ས་ཆུང་བ་དང་ཕྱུགས་རིགས་ཀྱི་ཁ་གྲངས་ཅུང་མང་པས་རྩྭ་ས་ཞན་འགྱུར་ཚབས་ཆེ་ཞིང་།  ཡུལ་དེའི་འབྲོག་པ་རྣམས་ཀྱིས་སྔར་སྲོལ་རྒྱུན་འཛིན་བྱས་ཏེ་མི་རབས་ནས་མི་རབས་བར་རྩྭ་ཆུའི་དབང་གིས་ཕྱུགས་ཟོག་དེད་དེ་གནས་སྤོར་གྱི་འཚོ་བ་རོལ་བཞིན་པའི་དབུལ་ཕོངས་ཀྱི་སྡེ་བ་ཞིག་རེད།

རྩེ་ཆུ་རྩྭ་ཐང་ཡོངས་སུ་ཕྱུགས་ལས་མཉམ་ལས་ཁང་འཛུགས་པའི་དམངས་ཕན་སྲིད་ཇུས་བཟང་བོ་ལག་བསྟར་བྱས་པ་ནས་བཟུང་། གནས་དེའི་འབྲོག་པ་རྣམས་ཀྱིས་ཀྱང་སྲོལ་རྒྱུན་གྱི་ཕྱུགས་ལས་ཁོ་ན་གཉེར་བའི་འཚོ་བ་རོལ་སྟངས་ཀྱི་རྣམ་པ་དེ་བསྒྱུར་ནས་འཚོ་བ་གསར་བའི་འབྱོར་ཕྱུག་གི་ལམ་དུ་བསྐྱོད་མགོ་བརྩམས།

ཆུ་དམར་སྡེ་བའི་མཉམ་ལས་ཁང་གི་རྩྭ་སྤྱིལ་གྱི་གྱང་ངོས་སུ་“རྩྭ་ཐང་ལ་གཞིགས་ནས་མ་རྐང་འཇོག་རྒྱུ་དང་ཕྱུགས་གྲངས་ལྟར་གཟན་རྩྭ་བསྡུ་བ། རྩྭ་ས་བགོས་ནས་རེས་སྐོར་གྱིས་ཕྱུགས་འཚོ་བ། རུ་མི་རྣམས་ཁག་བགོས་ལས་བགོས་བྱེད་པ། ཡོང་འབབ་ལ་གཞིགས་ནས་མ་རྐང་ལྟར་བགོ་བཤའ་རྒྱག་རྒྱུ།”ཞེས་གསལ་བོར་བྲིས་ཡོད་པ་དང་། དེ་ནི་ཆུ་དམར་སྡེ་བའི་ལྷ་དཀར་མཉམ་ལས་ཁང་གི་བྱ་བ་གཙོ་བོ་ཡིན་པར་མ་ཟད། ཆུ་དམར་སྡེ་བའི་འབྲོག་དམངས་རྣམས་ཀྱིས་དངོས་སུ་ལག་ལེན་དུ་བསྟར་བའི་རྩྭ་ཐང་གི་ཁྱད་མཚར་བའི་གཏམ་རྒྱུད་ཅིག་ཀྱང་རེད།

2017ལོའི་དཔྱིད་ཀའི་ཞོགས་པ་ཞིག་ལ་མཉམ་ལས་ཁང་དེར་མ་རྐང་འཇོག་མཁན་མི་749ཡི་འཛུམས་མདངས་དང་ཐལ་མོ་རྡེབ་སྒྲའི་ཁྲོད་རྩྭ་ས་སྤྱི་ཆིང7000ལྷག་ཙམ་དང་འབྲི་གཡག་2000ལྷག་ཙམ་མ་རྐང་དུ་བཞག་པའི་མཉམ་ལས་ཁང་དེའི་མགོ་དངོས་སུ་ཚུགས་པ་དང་། མཉམ་ལས་ཁང་དེ་འཛུགས་པའི་བརྒྱུད་རིམ་ཁྲོད་དུ་དཀའ་ཚེགས་ཤིན་ཏུ་མང་པོར་འཕྲད་ཡོད་ནའང་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་སྟེ།   ན་ནིང་གི་ལོ་མཇུག་ནས་ད་ལོའི་ཟླ་གཉིས་པའི་ཟླ་མཇུག་བར། འོ་མ་ཕྱིར་གཏོང་བྱས་པར་ཁེ་སྤོགས་སྒོར་ཁྲི་7ལྷག་ཙམ་བླངས་ཡོད་པ་དང་།  གནས་ཚུལ་དེར་བལྟས་ན་ད་ལོའི་ལོ་མཇུག་ཏུ་ང་ཚོས་མཉམ་ལས་ཁང་གི་ཡོང་འབབ་ཁྲོད་ནས་དངུལ་མང་ཙམ་བཏོན་ནས་མཉམ་ལས་ཁང་གི་རུ་མི་རྣམས་ལ་ཁེ་སྤོགས་ཉིས་བརྩེགས་སྤྲོད་ཐུབ་ཀྱི་ཡོད་ཅེས་མཉམ་ལས་ཁང་དེའི་ཕན་འབྲས་སྐོར་ནས་ཆོས་འབུམ་རྒྱལ་ཅུང་ཡིད་ཚིམ་པའི་སྒོ་ནས་བཤད།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བར། མཉམ་ལས་ཁང་དེས་མ་དངུལ་བསྡུ་སྒྲིག་བྱས་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཉེ་འགྲམ་གྱི་རོང་བོ་གྲོང་རྡལ་དུ་སྨི་གྲུ་བཞི་མ་ལྔ་བརྒྱ་དང་ཞེ་གཉིས་ཡོད་པའི་ཁང་པ་ཞིག་ཉོས་ནས་ཁང་པ་ཕྱིར་གླས་པ་དང་། ཁང་པ་ཕྱིར་གླས་པར་བརྟེན་ནས་མུ་མཐུད་དུ་ལོ་གསུམ་ལ་སྒོར་མོ་ཁྲི་ཉེར་བརྒྱད་རེ་བགོ་བཤའ་བརྒྱབ། ད་ལྟ་མཉམ་ལས་ཁང་དེ་སྤྱི་ཕྱོགས་ནས་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ཡོད་ནའང་མ་རྐང་དུ་ཞུགས་པའི་རུ་མི་རྣམས་ཀྱི་བློ་ཡིད་དེ་འདྲ་ཞིག་ཚིམ་གྱི་ཡོད་པ་མ་རེད།  དེའི་སྟབས་ཀྱིས་ཁོ་ཚོས་ཕྱུགས་ལས་མཉམ་ལས་ཁང་གི་ཡོང་འབབ་ཚང་མ་མཉམ་ལས་ཁང་དེ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཕྱོགས་སུ་བཏང་བ་དང་། ན་ནིང་ནོར་གནག་ཉིས་བརྒྱ་གསོ་ཁ་ནས་བུད་པ་དང་དེར་མཐུད་ནས་རྒྱུད་བཟང་ནོར་གནག་སུམ་བརྒྱ་ནང་འདྲེན་བྱས་པ་ཡིན་ཞེས་ཆོས་འབུམ་རྒྱལ་གྱིས་བཤད།  དེ་ལྟར་མཉམ་ལས་ཁང་གི་བཅོས་བསྒྱུར་དང་འཕེལ་རྒྱས་སྐོར་ལ་འབད་པ་ལྷུར་ལེན་བྱས་ན་ད་གཟོད་མ་འོངས་པའི་གོ་སྐབས་གསར་བ་བསུ་ཐུབ།

ཕན་འབྲས་མཐོན་པོ་ནི་དམིགས་འབེན་ཡིན་པ་དང་རྩྭ་ཐང་གི་སྐྱེ་ཁམས་ལེགས་པོ་ནི་སྔོན་འགྲོ་ཡིན། རྩྭ་ཐང་གི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ཁྲོད་ཀྱི་རྩྭ་ས་དང་ནོར་ལུག་གཅིག་སྡུད་ཀྱིས་མ་རྐང་དུ་འཇོག་པ་དང་གཅིག་གྱུར་སྒོས་དོ་དམ་བྱས་པ་དེས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ཚན་རིག་དང་མཐུན་པའི་ལམ་བུ་ཞིག་ཀྱང་གསར་དུ་བཏོད། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱས་པ་ནས་བཟུང་རྩྭ་ཡི་སྐྱེ་ཚུལ་སྔར་ལས་ཇེ་ལེགས་སུ་སོང་།  ལོ་ན་ཆུང་དུས་རྟ་ནོར་ལུག་གསུམ་འཚོས་ཤིང་ད་ལྟའི་དུས་སུ་མཉམ་ལས་ཁང་དུ་ཕྱུགས་སྨན་གྱི་ལས་ཀ་གཉེར་བཞིན་པའི་བློ་བཟང་གིས་རང་གི་དུས་ཡུན་རིང་བོའི་ཉམས་མྱོང་དང་སྦྲེལ་ནས་བཤད་རྒྱུར།  རྩྭ་སའི་བཟང་ངན་དེ་ཕྱུགས་ཟོག་གི་བཟང་ངན་ལ་བལྟས་ཚེ་གསལ་བོར་རྟོགས་ཐུབ།  ལོ་འདི་ཚོར་མཉམ་ལས་ཁང་གི་ཕྱུགས་ཟོག་གི་ཤ་ཤེད་སོགས་ཧ་ཅང་བཟང་། དེ་ནི་ཕྱུགས་རྒྱུད་ལེགས་བཅོས་བྱས་པར་འབྲེལ་བ་ཡོད་པར་མ་ཟད། གཙོ་བོ་རྩྭ་ཐང་གི་སྐྱེ་ཁམས་མུ་མཐུད་དུ་སླར་གསོ་བྱས་པའི་གནས་ཚུལ་དང་འབྲལ་ཐབས་མེད་པ་ཞིག་རེད།

སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱས་པ་དེས། རྩྭ་སའི་སྐྱེ་ཁམས་སླར་གསོ་བྱུང་བ་མ་ཟད་ཆུ་དམར་སྡེ་བའི་ངལ་རྩོལ་ནུས་ཤུགས་ཐད་ལའང་ནུས་པ་ཆེན་པོ་ཐོན། ད་ལྟ་མཉམ་ལས་ཁང་དུ་ཞུགས་པའི་མི་བདུན་བརྒྱ་དང་ཞེ་དགུའི་ཁྲོད་དུ་བྱ་བའི་དོ་དམ་པ་དང་ཕྱུགས་ཟོག་འཚོ་མཁན། འོ་མ་བཞོ་མཁན་བཅས་ལས་ཀ་གཉེར་བཞིན་པའི་མི་བཅོ་བརྒྱད་ཡོད་པ་དང་། ཁོ་ཚོ་ཚན་ཆུང་བཅུ་གཉིས་ལྟར་བགོས་ནས་རྩྭ་སའི་སྟེང་ཕྱུགས་འཚོ་སྐྱོང་བྱེད་ཀྱི་ཡོད་པ་དང་། ད་ལྟ་མཉམ་ལས་ཁང་དེའི་ཕྱོགས་སོ་སོར་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད། ངལ་རྩོལ་བ་ལྷག་མ་རྣམས་ད་ལྟ་གཞི་ནས་སྲོལ་རྒྱུན་ལྟར་ཕྱུགས་ཟོག་ཁོ་ན་འཚོ་བའི་ལས་ཀ་དང་བྲལ་ནས་རང་རང་ས་ན་ཁེ་ལས་སྣ་ཚོགས་གཉེར་བཞིན་ཡོད་པ་སྟེ། ཁོ་ཚོའི་ཁྲོད་ཀྱི་མི་སྐོར་ཞིག་གིས་ཚོང་རྒྱག་པ་དང་ལ་ལ་ཞིག་གིས་གནས་སྐབས་ཀྱི་ཞོར་ལས་གཉེར་བ། ཡང་ལ་ལ་ཞིག་གིས་རླངས་འཁོར་ཁ་ལོ་བའི་ལག་རྟགས་བླངས་རྗེས་སུ་གླ་གཏོང་རླངས་འཁོར་རྒྱུགས་བཞིན་ཡོད། སྡེ་བའི་ནང་གི་འཇམ་དབྱངས་བསྟན་འཛིན་བཟའ་མི་གཉིས་ནི་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་ཏེ། ཁྱིམ་གྱི་ནོར་ལུག་དང་རྩྭ་ས་སྡེ་བའི་མཉམ་ལས་ཁང་གི་མ་རྐང་དུ་བཞག་རྗེས་སུ། བཟའ་མི་གཉིས་ཀྱིས་མཉམ་དུ་རླངས་འཁོར་ཁ་ལོ་བས་ལག་རྟགས་བླངས་ཤིང་། ད་ལྟ་སྡེ་བ་དང་ཁ་བྲལ་ནས་རྨ་ལྷོ་ཁུལ་གྱི་རོང་བོ་གྲོང་རྡལ་དུ་སོང་ནས་གླ་གཏོང་རླངས་འཁོར་རྒྱུགས་བཞིན་ཡོད།  ལོ་འདི་དག་གི་རིང་ལ་ཁོ་ཚོའི་དབུལ་ཕོངས་ཀྱི་རྣམ་པ་དེ་རྩ་བ་ནས་བསྒྱུར་ཡོད་པ་རེད།

                                                                            ལོ་ཙཱ་བ། གཡང་འབུམ་རྒྱལ།