རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་མ་ཡུམ་ཆུ་བོ་རུ་འགྱུར་ངེས།
2020.06.30 ཁུངས། ཀློག་གྲངས། 48

ད་ལྟ། ཁྲིམས་འགལ་གྱིས་རྡོ་ཟེགས་སྔོག་འདོན་བྱེད་མཁན་མེད་ལ། རྨ་ཆུའི་འགྲམ་གཉིས་སུ་སྡོང་ཕྲུག་རྣམ་ལ་ལྗང་མདོག་གི་གསོན་ཤུགས་རྒྱས་ཡོད་པས། གནས་དེའི་མཛེས་ལྗོངས་གསར་བ་ཞིག་ཏུ་གྲུབ་ཡོད།

དཀའ་སྡུག་ཆེ་བའི་བྱ་བའི་ཁོར་ཡུག་གིས་ཀྱང་ཆུ་བོ་སྲུང་སྐྱོབ་ཀྱི་སྤྲོ་སེམས་འགོག་མི་ཐུབ།

གཙང་གསུམ་འབྱུང་ཡུལ་གྱི་ཉ་རིགས་ཀྱི་གྲངས་ཀ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ།

རྩྭ་ཐང་གི་ཆུ་འགྲམ་དུ་རྐང་བཙུགས་ནས། ནུས་ཤུགས་ཡོད་དགུས་ཆུ་བོར་དོ་དམ་དང་སྲུང་སྐྱོབ་བྱེད་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་མཚམས་དང་། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་གཅིག་སྒྲིལ་རྫོང་ནི་ལེ་དབར་ཁྲི་ཡི་རྨ་ཆུ་རྫོང་ཁོངས་སུ་བརྒྱུད་པའི་གནས་ཤིག་ཡིན། མངའ་ཁོངས་སུ་མཚོ་དང་མཚེའུ་མང་ལ། མདོ་དབུས་མཐོ་སྒང་གི་ཆུ་ཁུངས་དང་ལྗང་མདོག་གི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། གཅིག་སྒྲིལ་རྫོང་གིས་ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལག་བསྟར་བྱས་ཏེ།“ཆུ་བོ་བཅུ་དགུ་དང་མཚེའུ་གསུམ། འཁྱགས་རོམ་གཅིག ཆུ་མཛོད་གཅིག ཆུ་ཁུངས་གཅིག”བཅས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་ཆུ་དཔོན་དང་མཚེའུ་དཔོན་དོ་དམ་མ་ལག་བཙུགས་པ་དང་། ཆུ་རྒྱུད་སྟོད་སྨད་གཉིས་བཅོས་སྐྱོང་དང་མཚོ་ངོགས་གོང་འོག་མཉམ་སྐྱོང་། སྡེ་ཁག་མཐུན་སྦྱོར་མཉམ་སྐྱོང་། དམངས་ཡོངས་མཉམ་བཅོས་ནང་ཞུགས་པ་བཅས་ཀྱི་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་ལམ་སྲོལ་བཙུགས། ཆུ་ལམ་གྱི་བདེ་ཐང་ཁོར་ཡུག་དང་ཆུའི་སྤུས་ཚད་བདེ་འཇགས་སྔར་ལས་ལྷག་པའི་སྲུང་སྐྱོབ་བྱས་པས་ཆུ་དྭངས་བ་དང་གཙང་པོ་ཤར་གཏོང་ཐུབ་པ། མཚེའུ་མཛེས་པ། མཚོ་ངོགས་སྔོ་ལྗང་བཅས་ཀྱི་སྐྱེ་ཁམས་རྣམ་པ་བཟང་པོ་རིམ་བཞིན་མངོན་འགྱུར་བྱས་ཡོད།

ཟླ་དྲུག་པའི་མགོ་ལོག་ལ་ཐོག་མའི་མཛེས་སྡུག་གི་རྣམ་པ་མངོན། མཚེའུ་དྭངས་ཤིང་གཙང་བ། ཉ་རིགས་ཀྱིས་ཆུ་ནང་དུ་རྐྱལ་རྩལ་ངོམ་ལ། གངས་རིའི་གྲིབ་གཟུགས་དང་ཆུ་ནང་དུ་མངོན་པ་དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་གཉན་པོ་གཡུ་རྩེ་ཡིན་ལ། “ལྷ་ཡུལ་གྱི་མེ་ཏོག་ལྡུམ་ར”ཞེས་འབོད་ཀྱིན་ཡོད།

ཞོགས་པར་རྩྭ་ཐང་དུ་ཆར་བ་ཆུང་ཆུང་ཞིག་བབས་བྱུང་། གཅིག་སྒྲིལ་རྫོང་སོག་རུ་མ་ཞང་སོག་རུ་སྡེ་བའི་དབང་ལྡན་གྱིས་ལྭ་རིང་ཞིག་གྱོན་ནས་ལྷིང་འཇགས་ཀྱི་གནས་དེར་བསྐྱོད།

ནགས་ཚལ་ལ་སྐོར་ཞིབ་དང་ཆུ་བོར་སྲུང་སྐྱོབ། ཆུ་ལམ་གྱི་གད་སྙིགས་སོགས་གཙང་སེལ་བྱེད་བཞིན་ཡོད། ཅུང་མ་འགོར་བར་སྐམ་ཞིང་རིད་པའི་དབང་ལྡན་གྱི་ལྭ་བ་ཚང་མ་རློན་པར་གྱུར། “ཆར་པ་བབས་ཀྱང་ང་ཚོ་ཆུ་བོར་སྐོར་གཡེང་དང་གད་སྙིགས་འཐུ་རུ་འགྲོ་རྒྱུར་ཤུགས་རྐྱེན་མི་ཐེབས། རྒྱུ་མཚན་ནི་ང་ནི་སྐྱེ་ཁམས་བདག་སྐྱོང་བ་ཡིན་ལ། གནས་འདིའི་རྩྭ་ཐང་དང་མཚེའུ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ངའི་འགན་འཁྲི་ཡིན”ཟེར།

2018ལོའི་སྔོན་ལ། ལོ་ཉེར་བརྒྱད་ལ་སླེབས་པའི་དབང་ལྡན་ནི་ཡུལ་སྐོར་གཉེར་མཁན་ཞིག་ཡིན་པ་དང་། གཉན་པོ་གཡུ་རྩེའི་མཛེས་ལྗོངས་ས་ཁུལ་ལ་བརྟེན་ནས་ཁྱིམ་ཚང་གང་བོས་འཚོ་བ་སྐྱིད་པོ་ཞིག་རོལ་བཞིན་ཡོད། དབང་ལྡན་གྱིས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། “མཛེས་ལྗོངས་ས་ཁུལ་དུ་སྐྱོད་སྐབས་རྟ་ཐོག་ནས་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་དགོས། སྐབས་དེ་དུས་ང་ཚོའི་སྡེ་བའི་ཁྱིམ་ཚང་འགས་མཉམ་དུ་ཞོན་རྟ་གླ་བའི་ལས་ཀ་ཞིག་གཉེར་བ་དང་། ཡུལ་སྐོར་བ་མང་བའི་དུས་སུ་ཟླ་རེར་ཡོང་འབབ་སྒོར་ཁྲི་ཡན་ལེན་ཐུབ”ཟེར།

སོག་རུ་སྡེ་བ་ནི་གཉན་པོ་གཡུ་རྩེ་དང་ཆེས་ཉེ་བའི་སྡེ་བ་ཞིག་ཡིན་ལ། ལོ་འགའི་སྔོན་ལ། དབང་ལྡན་དང་སྡེ་མི་ཚོས་མཛེས་ལྗོངས་ས་ཁུལ་ལ་བརྟེན་ནས་ཡོང་སྒོ་བཙལ་བཞིན་ཡོད། ཡུལ་སྐོར་བ་ཇེ་མང་དུ་སོང་བས་རྩྭ་ཐང་ལ་གཏོར་བརླག་ཐེབས་པ་དང་། རྩྭ་ས་ཉམས་ཞན་དུ་འགྱུར་ཚབས་ཆེ་རུ་སོང་བས། 2018ལོའི་ཟླ་བཞི་བར་གཉན་པོ་གཡུ་རྩེ་སྒོ་འབྱེད་མཚམས་བཞག

མཛེས་ལྗོངས་ས་ཁུལ་སྒོ་བརྒྱབ་པ་དང་བསྟུན་ནས། དབང་ལྡན་གྱི་ཐོབ་ཐང་ལའང་འགྱུར་ལྡོག་བྱུང་། དེ་སྔོན་གྱི་ཡུལ་སྐོར་གཉེར་མཁན་ནས་སྐྱེ་ཁམས་བདག་སྐྱོང་བར་གྱུར་པ་རེད། སྐྱེ་ཁམས་བདག་སྐྱོང་བའི་ཐོབ་ཐང་འདི་ལས་སླ་པོར་ཐོབ་པ་ཞིག་མིན། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་ཡོད་པ་དང་མི་འདེམས་སྐབས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོར་ཁ་གཏད་ཡོད་ལ། མིའི་བྱང་ཚད་ལའང་བསམ་བློ་གཏོང་དགོས།      སྔོན་ཆད་གཉན་པོ་གཡུ་རྩེ་ལ་བརྟེན་ནས་ཡོང་སྒོ་བཙལ་བ་དང་ད་ལྟ་སྲུང་སྐྱོབ་བྱེད་བཞིན་ཡོད།

མཛེས་ལྗོངས་ས་ཁུལ་ལ་སྒོ་བརྒྱབ་པ་དང་སྐྱེ་ཁམས་དོ་དམ་མི་སྣ་འདེམས་པས། དབང་ལྡན་ཡང་མི་གྲངས་སྟོང་གཅིག་སུམ་བརྒྱ་ཡོད་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་གྲས་ཀྱི་གཅིག་རེད། རྫོང་ཡོངས་ཀྱིས་དམངས་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ནས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་སུ་བཅུག་པ་དང་། མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ལྟར་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། ཁོང་ཚོའི་འགན་འཁྲི་ནི་ཉིན་ལྟར་རང་ཉིད་ཀྱི་བདག་སྐྱོང་བྱེད་སའི་ས་ཁོངས་སུ་ནགས་ཚལ་སྐོར་གཡེང་དང་ཆུ་བོར་སྲུང་སྐྱོབ་བྱེད་པ། ཆུ་ལམ་གྱི་གད་སྙིགས་གཙང་སེལ་བཅས་བྱ་རྒྱུ་དེ་ཡིན་ལ། ཁྲིམས་འགལ་གྱིས་སྔོག་འདོན་བྱེད་རིགས་གཏན་འགོག་བྱ་དགོས། དབང་ལྡན་གྱིས“མཛེས་ལྗོངས་ས་ཁུལ་སྒོ་བརྒྱབ་ནའང་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་རེད། ང་ཚོས་མྱངས་བའི་དཀའ་སྡུག་ཚང་མ་རིན་ཐང་ཡོད་པ་ཞིག་རེད”ཟེར།

“མང་ཚོགས་ཚང་མས་ཡང་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁ་ཐོབ་ཚེ་དཔལ་འབྱོར་ལ་གཞི་ནས་རྒྱལ་ཁ་ཐོབ་པ་ཤེས་ཀྱིན་ཡོད། དཔལ་འབྱོར་གྱི་ཁེ་ཕན་བློས་བཏང་བ་ལས་མང་ཚོགས་ཀྱིས་རྩྭ་ཐང་དེའི་མ་འོངས་པའི་ཁེ་ཕན་ལ་དེ་བས་མཐོང་ཆེན་བྱེད་ཀྱིན་ཡོད་ཅེས་སོག་རུ་མ་ཞང་མི་དམངས་དྲག་ཆས་པུའུ་ཡི་པུའུ་ཀྲང་ཀུན་བཟང་གིས་དེ་ལྟར་བཤད། སྐྱེ་ཁམས་སྲུང་སྐྱོབ་མཁན་མང་པོ་ཞིག་གིས་གླ་ཆ་མི་བསམ་པར། རང་མོས་ཀྱིས་རི་ལ་སྐོར་གཡེང་དང་མཚོ་ལ་ལྟ་རྟོག་བྱེད་བཞིན་ཡོད། ཉིན་རེར། ཁོ་ཚོས་གཉན་པོ་གཡུ་རྩེ་ཡི་དོ་དམ་ས་ཁོངས་སུ་སྐོར་ཞིབ་བྱེད་བཞིན་ཡོད་ལ། རྩྭ་ཐང་དང་ནགས་གསེབ་ཏུ་ཞིབ་བཤེར་ནན་ཏན་བྱས་ཏེ་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་བཞིན་ཡོད།

དྭངས་གཙང་གི་ཆུ་མོའི་ནང་དུ་ཉ་མོའི་རྐྱལ་རྩལ་ངོམ་བཞིན་མཆིས། ལོ་གཉིས་རིང་ལ། སྲུང་སྐྱོང་ནན་མོ་བྱས་པས་གནས་དེའི་ལྷིང་འཇགས་སླར་གསོ་བྱུང་བ་མ་ཟད། དེ་སྔའི་མཛེས་སྡུག་ཀྱང་རིམ་བཞིན་མི་རྣམས་ཀྱི་མིག་ལམ་དུ་མངོན་བཞིན་ཡོད། གཉན་པོ་གཡུ་རྩེ་ཡི་ཆུ་དྭངས་བ་དང་རྩྭ་ཐང་སྔོ་ལྗང་དུ་གྱུར་བ་དེ་ནི་རྫོང་ཡོངས་ཀྱི་ཆུ་སྤུས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་པའི་བསྡུས་རིས་ཤིག་རེད།

གསའ་ཁོག་ཆུ་བོ་ནི་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་གྱི་མངའ་ཁོངས་སུ་ཅུང་ཆེ་བའི་རྨ་ཆུའི་ཆུ་ལག་ཅིག་ཡིན། རྫོང་ཁོངས་ཀྱི་བརྡར་ཚང་ཆུ་མཛོད་ནས་བྲ་མ་གོང་མ་བར་སྤྱི་ལེ་ཉེར་བདུན་ཡོད་པའི་ཆུ་ཁོངས་ནི་གསའ་ཁོག་སྡེ་བའི་དོ་དམ་སྲུང་སྐྱོང་བྱེད་ཁོངས་སུ་གཏོགས།

དབྱར་མགོ་ཚུགས་སྐབས། གསའ་ཁོག་ཆུ་བོའི་འགྲམ་ངོགས་ཀྱི་སྐལ་བཟང་མེ་ཏོག་ལྡེམ་མེར་གཡོ་ཞིང་། ཆུ་བོ་སྔོ་ཐིང་ཐིང་དུ་དལ་གྱིས་ཤར་དུ་བཞུར་ལ། ཆུ་བྱ་མཚམས་མཚམས་སུ་འཕུར་བའམ་ཡང་ན་ཆུ་ངོས་སུ་འཇམ་པའི་ཆུ་རིས་ཆགས་པར་བྱེད་ལ། དགུང་སྔོན་དབྱིངས་སུ་མཛེས་སྡུག་ལྡན་པའི་གཞུ་ཐིག་ཅིག་བྲིས།

“ད་ལྟ་ཆུ་བོའི་གཡས་གཡོན་གཉིས་སུ་ཆུ་དྭངས་ལ་རྩྭ་སྔོ་བ་དང་། ཁྲིམས་དང་མི་མཐུན་པའི་བྱེ་མ་སློག་པའི་བྱ་སྤྱོད་ཉུང་བས། ཆུ་བོ་སྔར་ལས་དྭངས་ཤིང་གསལ་ལ། རྩྭ་ས་སྔར་ལས་རྒྱས་ཡོད། རྩ་ཆེའི་རི་སྐྱེས་སྲོག་ཆགས་མཐོང་ཐུབ་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་དུ་གྱུར་ཡོད། དྲུག་ཆེན་སུམ་མདོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བདེ་ལེགས་དཔལ་ལྡན་གྱིས་བཤད་རྒྱུར། “དྭངས་བའི་ཆུ་བོ་ནི་མི་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བྱུང་བ་རེད། གཙང་པོ་དང་མཚེའུ་དྭངས་ཤིང་གཙང་བ་དེ་ཆུ་བོ་དང་མཚོ་དཔོན་ལམ་ལུགས་ཁྱབ་སྤེལ་དང་དོན་འཁྱོལ་བྱས་པར་ཁ་འབྲལ་ཐབས་མེད་ཟེར།

མིག་མདུན་གྱི་གསའ་ཁོག་ཆུ་བོ་ནི་གསའ་ཁོག་སྡེ་བར་ཆེས་ཉེ་བའི་ཆུ་བོ་ཞིག་ཡིན། གསའ་ཁོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་ནི་སྡེ་བ་རིམ་པའི་ཆུ་དཔོན་ཡིན་ལ། ཆུ་བོ་འདི་དང་མཐའ་འཁོར་གྱི་གྲོག་རོང་ནང་གི་མཚེའུ་ཆེ་ཆུང་ལ་བདག་སྐྱོང་བྱེད་རྒྱུ་འགན་འཁུར་ཡོད།

2018ལོའི་ཟླ་བཞི་ཚེས་ལྔ་ཉིན་ནི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་རིག་འཛིན་གྱིས་ཆེས་བརྗེད་དཀའ་བའི་ཉིན་ཞིག་རེད། རྒྱུ་མཚན་ནི་ཉིན་དེར་ཁོ་རང་ཆུ་དཔོན་ལ་བདམས།

རིག་འཛིན་རྩྭ་ཐང་འདི་ལ་བརྩེ་བ་ཟབ་མོ་ཡོད་ལ། གསའ་ཁོག་ཆུ་བོ་ནི་དེ་བས་ཀྱང་ཁོ་དང་འགྲོགས་ནས་འཚར་ལོངས་བྱུང་བའི་ཆུ་བོ་ཞིག་རེད། ཁོས་ཆུ་བོ་འདི་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་རྩེད་གྲོགས་ཤིག་ཡིན་ལ། ཁོ་རང་ཆུ་བོ་འདི་ལ་ཐུན་མོང་མ་ཡིན་པའི་བརྩེ་སེམས་ཡོད་ཟེར།

ཁོའི་དྲན་ཤེས་སུ་ཆུ་བོ་འདི་ལ་འགྱུར་ལྡོག་ཆེན་པོ་ཐེངས་གསུམ་བྱུང་། ཆུང་དུས་སུ་ཆུ་དྭངས་ཤིང་གཙང་ལ་རྩྭ་ས་བཟང་། ལོ་བཅུ་ལྷག་གི་ཡར་སྔོན་དུ། ཕྱུགས་འཚོ་རྒྱུ་མང་དྲགས་པའི་རྐྱེན་གྱིས་རྩྭ་ཕྱུགས་དོ་མཉམ་མིན་པ་དང་། གང་བྱུང་དུ་འཛུགས་སྐྲུན་བྱེད་པ་དང་བྱེ་རྡོ་གང་བྱུང་དུ་སྔོག་པའི་སྣང་ཚུལ་ཚབས་ཆེ་བས་ཆུ་ལམ་གཡས་གཡོན་གྱི་གད་སྙིགས་རིམ་བཞིན་ཇེ་མང་དུ་སོང་ལ། ཆུ་བོ་དྭངས་གཙང་མིན་པར་གྱུར། ལོ་གཉིས་ཀྱི་རིང་ལ། ལས་བཟོ་ཡོངས་བཅོས་སྐྱོང་ནང་ཞུགས་པ་དང་ཆུ་ལམ་གཙང་མར་གྱུར་ཡོད། ཆུ་བོ་དྭངས་ཤིང་གསལ་ལ་ཕྱུགས་རྩྭ་ཡག་པོ་སྐྱེས་ཡོད་པས་ཆུང་དུས་ཀྱི་གསའ་ཁོག་ཆུ་བོ་སླར་ཡང་མི་རྣམས་ཀྱི་མིག་ལམ་དུ་མངོན་བཞིན་ཡོད།

གསའ་ཁོག་ཆུ་བོ་ཆུང་དུས་ཀྱི་དྭངས་གཙང་གི་རྣམ་པ་དེ་སླར་ཡང་མི་རྣམས་ཀྱི་མིག་ལམ་དུ་མངོན་རྒྱུའི་རེ་བ་ཡོད། ལོ་བཅུ་ལྷག་གི་སྔོན་ལ། རིག་འཛིན་གྱི་སེམས་སུ་ཕུགས་འདུན་འདི་འདྲ་ཞིག་ཡོད།

2018ལོར། རྫོང་ཡོངས་སུ་ཆུ་དཔོན་དང་མཚོ་དཔོན་གྱི་ལས་ཀའི་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་པ་དང་། དེ་ལས་ཀྱང་སྟབས་ལེགས་པ་ཞིག་ལ་རིག་འཛིན་མཚོ་དཔོན་ཞིག་ཏུ་གྱུར་ཡོད།

རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝེ་ཕུན་གྱིས་བཤད་རྒྱུར།“རྫོང་ཡོངས་སུ‘ཆུ་བོ་བཅུ་དགུ་དང་མཚེའུ་གསུམ། འཁྱགས་རོམ་གཅིག ཆུ་མཛོད་གཅིག ཆུ་ཁུངས་གཅིག’གི་རྫོང་དང་ཞང་རིམ་པ་གཉིས་ཀྱི་ཆུ་དཔོན་དང་མཚོ་དཔོན་དོ་དམ་མ་ལག་བཙུགས་ཡོད་ལ། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་སྤྱི་ཁྱབ་ཆུ་དཔོན་གྱི་འགན་ཁུར། རྫོང་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ་དྲུག་གིས་རྫོང་རིམ་པའི་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁུར་བཞིན་ཡོད། ཞང་དང་གྲོང་རྡལ་གྱི་ཆུ་དཔོན་དང་མཚོ་དཔོན་བཅུ་གཉིས་དང་། སྡེ་བ་རིམ་པའི་ཆུ་དཔོན་ཉེར་གཉིས། སྡེ་བ་རིམ་པའི་སྐོར་གཡེང་བ་སུམ་བརྒྱ་གོ་དྲུག ཁེ་ལས་ཀྱི་ཆུ་དཔོན་1བཅས་བཙུགས་ཡོད། རིམ་པ་དང་རིམ་པ་བགོས་ནས་ཆུ་བོ་དང་མཚེའུ་ཡི་འགོ་འཛིན། ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་ལས་འགན་དང་འགན་འཁྲི་དོན་འཁྱོལ་བྱེད་བཞིན་ཡོད།

འཕྲུལ་རྟ་ཞོན་ནས་ཆུ་བོ་དང་མཚེའུ་ལ་སྲུང་སྐྱོབ་བྱེད་པ་དང་། ཆུ་འགྲམ་གྱི་གད་སྙིགས་འཐུ་རྒྱུ་དེ་རིག་འཛིན་གྱི་རྒྱུན་ལྡན་གྱི་བྱ་བའི་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད། དགུན་ཁར། ས་མཐོའི་གྲང་རླུང་གིས་གདོང་ན་ཞིང་། དབྱར་ཁར། ཉི་མས་སྐྱི་པགས་འཚིག་རྨས་བཟོ་སྲིད། སྤྱི་ལེ་ཉེར་བདུན་ཡོད་པའི་ཆུ་བོ་ལ་སྐོར་གཡེང་བྱེད་པར་ལན་རེར་ཉིན་གཅིག་དགོས་ལ། ལྟོག་ན་ཟས་ཁམ་གང་ཡང་ཟ་རྒྱུ་མེད་ལ་སྐོམ་ན་ཆུ་ཁམ་གང་ཡང་འཐུང་རྒྱུ་མེད་མོད། འོན་ཀྱང་དེ་ལྟ་བུའི་དཀའ་སྡུག་གི་བྱ་བའི་ཁོར་ཡུག་གིས་ཀྱང་རིག་འཛིན་གྱི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་གཏོང་ཐུབ་མེད།

“གང་བྱུང་དུ་འཛུགས་སྐྲུན་བྱེད་མཁན་ཡོད་མེད་དང་ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་བྱེད་མཁན། ཆུ་ལམ་འགྲམ་དུ་གད་སྙིགས་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ཞིབ་ལྟ་བྱེད་རྒྱུ་ནི་རིག་འཛིན་གྱིས་གཙོ་གནད་དུ་དོ་ཁུར་བྱེད་པའི་བྱ་བ་ཞིག་རེད། ཕལ་ཆེར་གཟའ་འཁོར་གཅིག་ལ་ཐེངས་གཅིག་གི་སྐོར་ཞིབ་བྱ་བ་སྤེལ་བཞིན་ཡོད་ལ། རིག་འཛིན་ཆུ་བོ་འདི་ལ་རྒྱུས་མངའ་ཡོད་པ་དང་གང་དུ་གད་སྙིགས་ཅུང་མང་བ། ས་ཆ་གང་གི་ཆུ་རྒྱུན་དྲག་ཏུ་འབབ་པ། ས་ཆ་གང་དུ་རྩྭ་སྐྱེས་པ་བཟང་བ་ཚང་མ་ཁོའི་སེམས་སུ་གསལ་ལེར་ཡོད།

ལོ་གཉིས་ཀྱི་རིང་ལ། རིག་འཛིན་གྱིས་གནས་འདིའི་རྩྭ་དང་རྩི་ཤིང་ཐམས་ཅད་ལ་སྲུང་སྐྱོབ་བྱས་པ་དང་། གནས་དེའི་མི་རྣམས་ལ་ཡང་བརྩེ་དུང་ཟབ་མོ་ཡོད།

ཐེངས་ཤིག ཁོས་གསའ་ཁོག་ཆུ་བོར་སྐོར་ཞིབ་བྱེད་སྐབས། བྱིས་པ་ཞིག་ཆུའི་ནང་དུ་ལྷུང་བ་མཐོང་། སྐབས་དེར་ཁོས་ཆུ་འགྲམ་དུ་གད་སྙིགས་འཐུ་བཞིན་ཡོད། ཆུ་བོའི་ནང་གི་བྱིས་པས་འུར་སྒྲ་སྒྲོག་པ་མཐོང་དུས། བསམ་བློ་ཅི་ཡང་མ་བཏང་བར་ཆུ་ནང་དུ་ལྡིང་ནས་བྱིས་པ་དེ་བསྐྱབས།

“བྱིས་པ་དེ་ལོ་བཅུ་ཡིན་ལ་ཁྱིམ་ཚང་ཆུ་འགྲམ་དུ་ཡོད། རྩེད་མོ་རྩེད་སྐབས་རྐང་འདྲེད་ཤོར་ནས་ཆུ་ནང་དུ་ལྷུང་། ཆུ་འགྲམ་གྱི་འདས་དོན་སྐོར་གླེང་སྐབས། རིག་འཛིན་གྱིས་བཤད་རྒྱུར།“སྐབས་དེ་དུས་ནི་ཟླ་བ་བཅུ་པའི་རྒྱལ་སྟོན་དུས་ཆེན་ཡིན་ལ། ཆུ་བོ་ཧ་ཅང་འཁྱགས་ལ་ངའི་སྐེད་པར་སླེབས། ལོ་བཅུ་ལ་སོན་པའི་བྱིས་པ་ཞིག་ལ་མཚོན་ན་གཅན་གཟན་གཏུམ་པོ་ཞིག་དང་འདྲ་ལ། སྐབས་དེར་ངའི་སེམས་སུ་བྱིས་པ་དེ་སྐྱོབ་རྒྱུ་ཁོ་ན་ལས་ཅི་ཡང་མ་དྲན། རྗེས་སུ་བྱིས་པའི་ཕ་མ་གཉིས་ཆེད་དུ་ཡོང་ནས་ང་ལ་ཁ་བཏགས་འཐེན་པ་དང་ཐུགས་རྗེ་ཆེ་ཞུས་ཟེར།

ཆུ་བོར་སྐོར་ཞིབ་དང་ཆུ་བོར་དོ་དམ། ཆུ་བོར་སྲུང་སྐྱོབ། ཆུ་བོ་བཅོས་སྐྱོང་བཅས་བྱེད་སྐབས། ཡར་རྒྱུག་མར་རྒྱུག་དང་ཆར་རླུང་ལ་མ་འཛེམས་པར་རིག་འཛིན་གྱིས་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་ཕྲག་ཏུ་བླངས་བ་དང་། ཆུའི་འགྲམ་ངོགས་གཉིས་ཀྱི་སྐྱེ་སྟོབས་སླར་གསོ་བྱུང་བ་མ་ཟད། ཆུ་བོ་དྭངས་གཙང་དང་འགྲམ་ངོགས་སྔོ་ལྗང་གི་ཕུགས་འདུན་ཡང་རིམ་བཞིན་མངོན་འགྱུར་བྱུང་ཡོད།

ཆུ་མོ་དྭངས་ཤིང་གཙང་བ་རྒྱུན་དུ་བཞུར་དགོས་ན། ཆུ་བོ་དང་མཚེའུ་ཡུན་རིང་བཅོས་སྐྱོང་བྱེད་དགོས། གསའ་ཁོག་ཆུ་བོའི་ཆུ་ལྗོངས་ཀྱི་འགྱུར་ལྡོག་ནི་ཆུ་དཔོན་གྱིས་རང་འགན་གཙང་སྒྲུབ་བྱས་ཏེ་ལས་ཀར་འབད་པ་བྱས་པའི་གྲུབ་འབྲས་རེད།

གལ་ཏེ་རི་བོ་ནི་ས་གཞི་ཆེན་པོའི་གདུང་མ་ཡིན་ན། ཆུ་བོ་ནི་ས་གཞི་ཆེན་པོའི་གདུང་རྒྱུད་ཡིན། ཏང་སྲིད་འགན་འཁུར་བར“ཆུ་བོ་དང་མཚེའུ་དཔོན”གྱི་འགན་འཁུར་དུ་བཅུག་པ་དེ་ཆུ་བོ་དང་མཚེའུ་ལ“བདག་པོ”རྙེད་པ་དང་གཅིག་མཚུངས་རེད།     ཝེ་ཕུན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་ལ་བརྟེན་ནས་རྫོང་སྐྱོང་བའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རྫོང་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་བྱ་བ་དེ་མིང་གྲགས་ཆེ་བ་ནས་དོན་དངོས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། “ཆུ་དཔོན་མཐོང་བ་དང་མཚོ་དཔོན་མཐོང་བ”ནས“བྱ་སྤྱོད་མཐོང་བ་དང་ཕན་འབྲས་ཐོན་པའི”ཕྱོགས་སུ་བསྒྱུར། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་རྗེས། དེ་སྔོན་ཕྱོགས་མང་པོའི་དོ་དམ་གྱི་ཞན་ཆ་བསྒྱུར་ནས་འགན་འཁྲི་དེ་བས་ཁ་གསལ་དུ་བཏང་བས་ཆུ་ལམ་བཅོས་སྐྱོང་གི་མཉམ་ཤུགས་ཤིག་གྲུབ་ཡོད།

ཡང་ཡང་བཅོས་སྐྱོང་དང་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱས་ནས་ཆུ་བོ་གཅིག་ལ་ཐབས་ཇུས་རེ་ཡོད་པ་དང་། ཆུ་བོ་རེ་རེར་དོ་དམ་དང་བཅོས་སྐྱོང་བྱེད་མཁན་ཡོད་པ། ཆུ་བོ་དང་མཚོ་དཔོན་ལམ་ལུགས་ཀྱིས་གཅིག་སྒྲིལ་གྱི་སྣེ་ཁྲིད་དེ་ཆུ་བོར་བཅོས་སྐྱོང་དང་དོ་དམ་བཅས་རྒྱུན་རྣམ་ཅན་གྱི་ལམ་བུའི་སྟེང་སྐྱོད་བཞིན་ཡོད།

རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པས། བདེ་སྡོད་ལས་བརྩོན་ལས་མངོན་པའི་རི་མོ་བྲིས་པ་ལྟ་བུའི་མཛེས་ལྗོངས་མངོན་ཡོད་པ་མ་ཟད། དར་རྒྱས་ཆེ་བའི་དཔལ་འབྱོར་དང་རིག་གནས་ཀྱང་སྐྱེད་སྲིང་བྱས་ཡོད་ལ། གཅིག་སྒྲིལ་ས་ཆའི་ཆུ་ངོགས་རྒྱུན་ལྗང་དང་གཙང་ཆུ་རྒྱུན་དྭངས་ཡོང་ངེས་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།