ཁེ་ལས་ཀྱི་ལམ་ཁར་བསྐྱོད་པའི་བོད་ཇའི་རྟེན་གཞི།
2020.07.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ཉེ་སྔོན། གསར་འགོད་པ་རྨ་ལྷོ་བོད་རིགས་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱི་ལས་བྱེད་མི་སྣའི་འགྲོ་རོགས་འོག མཚོ་སྔོན་གཅན་ཚ་སྐྱེ་ཁམས་སྐྱེ་ལྡན་བོད་ཇ་འདེབས་འཛུགས་ཞིབ་འཇུག་གསར་སྤེལ་རྟེན་གཞི་སྟེ་བོད་ཇ་འདེབས་འཛུགས་ས་ཁུལ་དུ་བཅར་འདྲིར་བྱིན། རྟེན་གཞི་འདི་ནི་ཉེ་ལམ་ཞིང་ཆེན་ཕྱི་ནང་ཀུན་གྱི་ཡུལ་སྐོར་ལྗོངས་ཁུལ་ཚ་ཤོས་སུ་འགྱུར་བཞིན་པའི་གཙན་ཚ་རྫོང་སྣང་ར་ཞང་བདེ་སྐྱིད་སྡེ་བར་ཡོད་ལ། གཙོ་བོ་བོད་ཇ་འདེབས་འཛུགས་དང་ཞིབ་འཇུག གསར་སྤེལ། ཕྱིར་འཚོང་སོགས་གཞི་གཅིག་ཏུ་སྦྲེལ་ནས་གཉེར་བཞིན་པའི་ཁེ་ལས་ཤིག་རེད།

2019ལོར་རྨ་ལྷོ་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡིས་བོད་ཇ་འདེབས་འཛུགས་རྟེན་གཞི་དེ་གཙན་ཚ་རྫོང་གི་ཞིང་ལས་བཅོས་བསྒྱུར་ཚོད་ལྟའི་རྟེན་གཞི་རུ་བདམས་པ་དང་། ལོ་དེར་རྒྱལ་ཁབ་རིམ་པའི་མཛེས་པའི་ཡུལ་གྲོང་སྟེ་བདེ་སྐྱིད་སྡེ་བར་གནས་སྤར། མིག་སྔར་སི་ཁྲོན་དང་མཚོ་སྔོན་དུ་བོད་ཇ་འདེབས་འཛུགས་ཀྱི་རྟེན་གཞི་ཆེན་པོ་བཞི་དང་། “པཎ་ཆེན་གསོལ་ཇ”དང“མདའ་སྟོན་གསོལ་ཇ”ཡིས་མཚོན་པའི་སྤུས་ལེགས་བོད་ཇའི་ཚོང་རྫས་མང་པོ་གསར་སྐྲུན་བྱས་ནས་རྒྱལ་ནང་དང་ཨ་རི་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད།

2005ལོར་སློབ་ཆེན་མཐར་ཕྱིན་པའི་སངས་རྒྱས་དོན་འགྲུབ་ཀྱི་ཕུགས་འདུན་ནི་ཕ་ཡུལ་དུ་ལོག་ནས་བརྟན་འཇགས་ཀྱི་བྱ་བ་ཞིག་རེག་རྒྱུ་ཁོ་ན་ཙམ་མ་ཡིན་པར། རང་ས་དྲོན་མོའི་ས་ཞིང་བེད་སྤྱད་ནས་ལས་སྒོ་གསར་སྤེལ་བྱེད་པའི་འདུན་པ་དྲག་པོ་ཞིག་ཉར་ཡོད། ཞིང་པའི་ཁྱིམ་ཚང་ནས་ནར་སོན་པའི་མི་ཞིག་ལ་མཚོན་ན། ས་ཞིང་ནི་ལྟོ་རྒྱབ་ཀྱི་རྟེན་ས་གཅིག་པུ་ཡིན་པ་ཆོས་ཉིད་ཅིག་ཏུ་གྲུབ་མོད། ཡིན་ཡང་། ས་ཞིང་ཉུང་ལ་ཆུ་གཏོང་དཀའ་བ་དང་། འཕྲུལ་ཆས་ཅན་བཀོལ་སྤྱོད་བྱེད་ཚད་དམའ་བ་སོགས་ཀྱི་ཚད་བཀག་མང་བའི་རྐྱེན་གྱིས་ལོ་གཅིག་གི་ཡོང་སྒོ་ཡིས་འགྲོ་སོང་འདང་བ་ཙམ་ལས་མ་འདས་པས། ཕ་ཡུལ་གྱི་སྲོལ་རྒྱུན་ཞིང་ལས་ཀྱི་གནས་ཚུལ་སྐྱོ་པོ་དེ་བསྒྱུར་འདོད་ཀྱི་འདུན་པ་ཞིག་ནམ་ཡང་ཁོའི་སེམས་ནས་ཡལ་མ་མྱོང་། ལས་སྒོ་གསར་སྤེལ་བྱེད་འདོད་ན་ཐོག་མར་ཐོན་ལས་ཀྱི་ཁ་ཕྱོགས་ཡང་དག་ཅིག་འཚོལ་རྒྱུ་ནི་རྩ་བ་ཡིན་པས། ཁོས་བསམ་གཞིག་དང་རྩད་ཞིབ། ཡུལ་དངོས་རྟོག་ཞིབ་གང་མང་བྱས་མཐར། ཕ་ཡུལ་གྱི་ཞིང་ས་བེད་སྤྱད་དེ་ཇ་ལོ་འདེབས་རྒྱུ་ཐག་བཅད།

བོད་ཇར་དྲི་ཞིམ་ལ་རོ་ནུས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པར་མ་ཟད། ཁྲག་ཤེད་དང་ཁྲག་ཚིལ། ཁྲག་ཧྭགས་མཐོ་བ་སོགས་ད་ལྟ་རྒྱུག་ཆེ་བའི་ནད་རིགས་དང་། མཆིན་མཁྲིས་ཕོ་རྒྱུ་སོགས་ཀྱི་ནད་རིགས་མང་པོར་ཕན་ཞིང་། ཁྱད་པར་དུ་བོད་རིགས་མང་ཚོགས་ཀྱི་བཏུང་བྱ་གཙོ་བོའང་ཡིན། རང་ས་གནས་སུ་ཁེ་ལས་རང་བཞིན་གྱི་བོད་ཇ་འདེབས་འཛུགས་རྟེན་གཞི་ཆེན་པོ་ཞིག་མེད་པའི་ཁྲོམ་རའི་དགོས་མཁོར་དམིགས་ཏེ། གཅན་ཚ་རྫོང་མཁར་དང་སྤྱི་ལེ་ལྔ་ཙམ་གྱི་མཚམས་སུ་ཆགས་པའི་མར་ཁུ་ཐང་གྲོང་རྡལ་ཡོ་ཆེ་སྡེ་བ་རུ་ཇ་ལོ་འདེབས་འཛུགས་ཀྱི་ལས་ལ་ཞུགས་ཏེ་ཐོག་མའི་རྟེན་གཞི་དང་པོ་དང་གཉིས་པ་བཙུགས། ཇ་ལོ་འདེབས་འཛུགས་རྟེན་གཞི་ལེགས་པོ་ཡོང་ཆེད། སངས་རྒྱས་དོན་འགྲུབ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་དུ་སོང་ནས་ཇ་སྡོང་འདེབས་འཛུགས་ཀྱི་ཤེས་བྱ་དང་ཉམས་མྱོང་སློབ་སྦྱོང་བྱས།

གོ་སྐབས་ནི་ནམ་ཡང་མི་བརྩོན་འགྲུས་ཅན་ལ་དབང་ཞེས་པའི་དཔེ་ལྟར། སངས་རྒྱས་དོན་འགྲུབ་ཀྱིས་རྒྱལ་ཁབ་ཀྱི་དབུལ་ཐར་སྲིད་ཇུས་ཀྱི་གོ་སྐབས་ལ་བརྟེན་ནས་ཁེ་ལས་དོ་དམ་དང་འཆར་འགོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། རྨ་ཆུའི་འགྲམ་དུ་གནས་པའི་བདེ་སྐྱིད་སྡེ་བ་ནི་ས་ཆ་གཞན་དང་བསྡུར་ན་ས་གཤིས་གཤིན་ལ་དྲོད་གྲང་སྙོམས་པ། ཉི་འོད་ཀྱིས་འདང་བ། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་བོད་ཇའི་ཇ་སྡོང་འདེབས་འཛུགས་ཀྱི་རང་བྱུང་ཁོར་ཡུག་ཆ་རྐྱེན་ལེགས་པོ་ཡོད་པས། ས་ཆ་དེར་ཇ་ལོ་འདེབས་འཛུགས་རྟེན་གཞི་གསུམ་པ་བཙུགས། སྲོལ་རྒྱུན་གྱི་ཁེ་ལས་གཉེར་སྟངས་ལས་ཐོལ་བརྒལ་དང་བསྒྱུར་བཅོས་བཏང་སྟེ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི“ཀུང་སི་དང་། མཉམ་ལས་ཁང་། དབུལ་ཕོངས་ཁྱིམ་ཚང་། དྲ་ལམ”བཅས་ཀྱི་རྣམ་པ་གསར་པའི་ཁེ་ལས་བཙུགས། ད་ལྟ་འདེབས་འཛུགས་ཀྱི་རྟེན་གཞི་དེར་ཁྱོན་བསྡོམས་ས་མུའུ་དྲུག་བརྒྱ་ལྷག་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་བྱར་བཟུང་ནས་ཚད་གཞི་ལྟར་འདེབས་འཛུགས་བྱས་ན་ལོ་གཅིག་ལ་ཇ་ལོ་ཐེངས་གསུམ་བཏོག་ཆོག་པ་དང་། ས་མུའུ་གཅིག་གི་སྟེང་ནས་ཇ་ལོ་སྐམ་པོ་རྒྱ་མ་ལྔ་བཅུ་ཡོང་ཐུབ།

བཅར་འདྲི་བྱེད་པའི་གོ་རིམ་ཁྲོད། སངས་རྒྱས་དོན་འགྲུབ་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཤིང་མཛུབ་མོས་ཇ་སྡོང་བསྟན་ནས་བཤད་རྒྱུར“གལ་སྲིད་ཡོད་ཚད་ལེགས་འགྲུབ་བྱུང་ཚེ། མུའུ་གཅིག་གི་ནང་ཁེ་ཉིས་བརྒྱ་བཞི་བཅུ་ཅན་གྱི་ལེགས་སྐྱེས་ཇ་བག་བརྒྱ་དང་བཞི་ཐོན་ཐུབ་པ་དང་ཇ་བག་གཅིག་གི་རིན་གོང་སྒོར་མོ་བཞི་བརྒྱ་དང་ང་བཞི་ལྟར་བརྩིས་ན། ས་མུའུ་གཅིག་གི་ལོ་གཅིག་གི་ཡོང་སྒོ་སྒོར་མོ་ཁྲི་བཞི་དང་སྟོང་བདུན་ཉིས་བརྒྱ་བཅུ་དྲུག་ཡིན”ཟེར།

ཁེ་ལས་ཤིག་གཉེར་བ་ནི་རང་ཉིད་ལ་ཡོང་སྒོ་འཚོལ་རྒྱུ་ཁོ་ནའི་ཆེད་མ་ཡིན་པར། ས་གནས་དབུལ་ཕོངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ས་གནས་དཔལ་འབྱོར་གོང་འཕེལ་གཏོང་བའི་ཐད་རང་ནུས་འདོན་རྒྱུ་ནི་ཧ་ཅང་གལ་ཆེ། 2019ལོར། དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་ཉི་ཤུ་ལྷག་གི་ཁྱིམ་མི་ས་གཤིས་བཅོས་བསྒྱུར་དང་ཇ་སྡོང་འདེབས་འཛུགས། ཡུར་མ་ཡུར་བ་སོགས་ཀྱི་རྟེན་གཞིའི་ལས་ཀར་ཞུགས་ཏེ་ལས་ཞུགས་གནད་དོན་ཐག་གཅོད་བྱས་པར་མ་ཟད། ཇ་ལོ་འདེབས་འཛུགས་ཀྱི་ལག་རྩལ་སྦྱངས་ཏེ་ཡོང་སྒོ་འཚོལ་བའི་སྣེ་ཁྲིད་ཁེ་ལས་སུ་གྱུར། གཞན་ཡང་དབུལ་སྐྱོར་ཁྱིམ་ཚང་གཉིས་ཀྱིས་མ་རྐང་བཞག་ཡོད་ལ་ལོ་གཅིག་ལ་ཁྱིམ་ཚང་རེར་སྒོར་མོ་སྟོང་ལྔ་ལྷག་གི་ཁེ་སྤོགས་བགོ་བྱ་བརྒྱབ་པ་རེད།

ད་ལོར་རྒྱལ་ཁབ་ཞིང་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་དབུལ་སྐྱོར་འཛད་སྤྱོད་ཀྱི་གྲས་སུ་ཚུད་པ་དང་། ལྔ་གཅིག་གུང་གསེང་གི་ཉིན་གསུམ་གྱི་རིང་ལ་ཕྱིར་འཚོང་གི་ཚད་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་ལས་བརྒལ། སྐྱེ་ཁམས་དཔལ་ཡོན་དང་ལྗང་མདོག་འཕེལ་རྒྱས་བརྗོད་གཞི་ཡིན་པའི་ཁོར་ཡུག་གི་རྒྱབ་ལྗོངས་དང་། རྒྱལ་ཁབ་ཀྱི་ཞིང་ཕན་སྲིད་ཇུས་ཀྱི་ཤུགས་ཆེན་པོའི་རོགས་སྐྱོར། ས་གནས་རང་གི་ལེགས་ཆ་བེད་སྤྱད་དེ་བོད་ཇ་འདེབས་འཛུགས་རྟེན་གཞི་བཙུགས་པ་ལ་བརྟེན་ནས་ས་གནས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་དང་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བ་བཅས་ཀྱི་ཐད་ནུས་པ་གང་ཡོད་འདོན་བཞིན་ཡོད།

                                                                                                     རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།