དགེ་གྲོང་རྩྭ་ཐང་དུ་དབུལ་ཐར་མཁྲེགས་གཏོར་གྱི་རི་མོ་གསོན་ཉམས་ལྡན་པ་ཞིག་བྲིས་ཡོད།
2020.07.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

 —རྫ་སྟོད་རྫོང་གི་དབུལ་ཐར་མཁྲེགས་གཏོར་གནས་ཚུལ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ལ“རྫ་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ་དང་། འབྲི་ཆུའི་ལྷོ་མགོའི་རྫོང་དང་པོ། ཀྲུང་གོའི་དབྱར་རྩྭ་དགུན་འབུའི་རྫོང་དང་པོ། ཀྲུང་གོའི་གསའ་ཡི་ཕ་ས། གེ་སར་སྒྲུང་བཤད་པའི་སྒྱུ་རྩལ་གྱི་ཕ་ས། གངས་ལྗོངས་ལ་གཞས་ཀྱི་ཕ་ས། གངས་ལྗོངས་འབྲོང་གི་རིག་གནས་འབྱུང་ཡུལ”སོགས་ཀྱི་མཚན་སྙན་མང་པོ་ཐོབ་ཡོད་མོད། འོན་ཀྱང་མཚན་སྙན་དེ་དག་གི་རྒྱབ་ཏུ་གདུག་རྩུབ་ཆེ་བའི་དོན་དངོས་ཤིག་ཀྱང་སྦས་ཡོད། 2015ལོའི་ལོ་མཇུག་ཏུ། རྫ་སྟོད་རྫོང་དུ་གནད་ཁེལ་ངོས་འཛིན་བྱས་པའི་དབུལ་ཕོངས་ཁྱིམ་ཚང5137དང་མི་ཁྲི་གཅིག་སྟོང་ལྔ་ཉིས་བརྒྱ་དང་དྲུག་ཡོད་ལ།  དབུལ་ཕོངས་འབྱུང་ཚད22.06%རེད།

རྫ་སྟོད་རྫོང་ནི་དཔེ་མཚོན་དུ་རུང་བའི་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དབུལ་ཕོངས་རྫོང་དང་ཡུག་གཅིག་ཏུ་འབྲེལ་བའི་དབུལ་ཕོངས་ས་ཁུལ་ཞིག་རེད། རང་བྱུང་ཆ་རྐྱེན་ཞན་པའི་དབང་གིས་དབུལ་པོར་གྱུར་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་ཚོད་འཛིན་ཐེབས་པ་ལས་དབུལ་པོར་གྱུར་པ། རང་བྱུང་གནོད་འཚེ་དང་ནད་རིགས་ཀྱི་དབང་གིས་དབུལ་པོར་གྱུར་པ། ནང་གནས་སྒུལ་ཤུགས་མི་འདང་བའི་དབང་གིས་བྱུང་བའི“སྣ་མང་དབུལ་ཕོངས”བཅས་གང་ཞིག་ཡིན་རུང་། དེས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་དཀའ་བ་དང་སྒྲིག་བཀོད་ཆ་སྡེབ་བྱེད་དཀའ་བ། ཆ་སྙོམས་འཕེལ་རྒྱས་ཡོང་དཀའ་བ་སོགས་ཀྱི་གནས་ཚུལ་བཟོས་པས། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་འབྱུང་ཚད་ཆེས་མཐོ་ཞིང་། དབུལ་ཕོངས་ཀྱི་ཚད་ཆེས་ཟབ་པ། དབུལ་ཐར་གྱི་དཀའ་ཚེགས་ཆེས་ཆེ་བའི་ས་ཁུལ་དུ་གྱུར་ཡོད།

དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་ཞུགས་རྗེས། རྫ་སྟོད་རྫོང་གིས་ལམ་ཐིག་རི་མོ་དང་ལས་འགན་ཡི་གེ། དུས་ཚོད་རེའུ་མིག་སོགས་བཟོས་ཤིང་། “རིག”སྐྱོར་དང“བློ”སྐྱོར་གཉིས་ཟུང་འབྲེལ་བྱས་ཏེ། རྫ་སྟོད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གནད་ཁེལ་དབུལ་སྐྱོར་གྱི་བགྲོད་ལམ་གསར་པ་ཞིག་བཏོད། སྲིད་ཇུས་རེ་རེ་ཡིས་དམངས་ཚིས་ལས་གཞིར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་པ་དང་། བྱེད་ཐབས་རེ་རེ་ཡིས་དབུལ་ཕོངས་སྡེ་བ་རེ་རེར་འགྱུར་ལྡོག་འབྱུང་དུ་བཅུག་ལ། གྲངས་ཀ་རེ་རེ་ཡི་རྒྱབ་ཏུ་དབུལ་ཕོངས་ཁྱིམ་ཚང་རེ་རེའི་འཛུམ་མདངས་མངོན་དུ་བཅུག མཐའ་ཡས་པའི་དགེ་གྲོང་རྩྭ་ཐང་བརྒལ་རྗེས། རྦ་རླབས་དྲག་ཏུ་འཕྱུར་བའི་རྫ་ཆུ་ལང་ལོང་བཞུར་གྱིན་པ་མཐོང་ཐུབ། རྫ་སྟོད་རྫོང་གིས་ཕྱོགས་གཅིག་ནས“སྐྱེ་ཁམས་ཁོར་སྲུང”དམ་འཛིན་དང་། ཕྱོགས་གཅིག་ནས“དབུལ་ཐར་མཁྲེགས་གཏོར”དམ་འཛིན་བྱས་ཏེ།  དགེ་གྲོང་རྩྭ་ཐང་དུ་དབུལ་ཐར་མཁྲེགས་གཏོར་གྱི་རི་མོ་གསོན་ཉམས་ལྡན་པ་ཞིག་བྲིས།

ལུག་རྫི་ནས་རྩྭ་ཐང་ལྟ་སྲུང་མཁན་དུ་གྱུར་པས། རང་ཉིད་ཀྱི་ཐོབ་ཐང་གི་འགྱུར་ལྡོག་གླེང་སྐབས། རྫ་སྟོད་རྫོང་འབྲོག་པའི་རེ་བའི་གཞིས་ཁྱིམ་གྱི་ཁྱུང་དགའ་ཡིས་ཚོར་སྣང་ཟབ་མོས“གནས་སྤར་བ་དེས་ང་ཚོའི་ལས་དབང་ལ་འགྱུར་ལྡོག་བཏང་སོང”ཟེར།

ཁྱུང་དགའ་ཡི་གདོང་ལ་འཛུམ་གྱིས་ཁེངས་བཞིན་བཤད་རྒྱུར།  “སྔོན་ཆད་ང་ཚོ་ཁྲ་འདམ་ཞང་རྟ་མགོ་སྡེ་བ་རུ་བསྡད་ཡོད་ལ། སྐབས་དེར་ང་ཚོས་ཕྱུགས་འཚོ་བར་བརྟེན་ཡོད་པས། ཁྱིམ་ཚང་གི་བཟའ་མི་ལྔ་པོ་རི་བོ་དེ་དང་ཁ་བྲལ་མ་མྱོང་ལ། ཁྱིམ་ཚང་ལ་དཀའ་ཁག་ཆེ་བས་སྡོད་ཁང་ཞིག་ལས་ཐབས་གཏན་ནས་མེད། རྫོང་མཁར་དུ་གནས་སྤར་རྗེས། ང་རང་སྐྱེ་ཁམས་ལྟ་སྲུང་པའི་དཔུང་སྡེའི་ནང་དུ་ཞུགས་པ་དང་། བྱིས་པ་ཡང་རྫོང་མཁར་དུ་སློབ་གྲྭར་ཞུགས་པས། འཚོ་བ་ཧ་ཅང་སྐྱིད་པོ་འདུག” ཟེར།

རྫ་སྟོད་རྫོང་དུ་ཁྱུང་དགའ་ལྟ་བུའི་ཏང་གི་སྲིད་ཇུས་ཀྱི་ཉི་འོད་ལོངས་སུ་སྤྱད་དེ། འཚོ་བ་སྐྱིད་པོ་རོལ་མགོ་བརྩམས་པའི་འབྲོག་པ་ཇེ་མང་ནས་ཇེ་མང་རེད། ཁོ་ཚོས་འདི་ལྟ་བུའི་འཚོ་བ་སྐྱིད་པོ་ཞིག་གཏན་ནས་རོལ་མ་མྱོང་།

“མི་གཞི་རིམ་དུ་འགྲོ་བ་དང་བྱ་བ་གཞི་རིམ་དུ་བསྒྲུབ་པ། ནུས་ཤུགས་གཞི་རིམ་དུ་འདོན་པ། སྒོར་མོ་གཞི་རིམ་དུ་བཀོལ་བ་བཅས་བྱས།”རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་དངོས་སུ་སྣེ་ཁྲིད་དེ། རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་གཅིག་གྱུར་འཆར་འགོད་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དེ་དོན་ཆེན་ནང་གི་འགངས་ཆེན་དང་དམངས་ཚིས་བཟོ་འགོད་ཨང་དང་པོར་བརྩིས་ཏེ། གོང་གིས་འོག་ལ་སྣེ་ཁྲིད་དང་སྐུལ་སྤེལ་བྱས་ཤིང་། རྒྱང་ཐག་རིང་ཞིང་གྲང་ངར་ཆེ་བའི་རྫ་སྟོད་རྫོང་དུ་ཏང་གིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་རེ་འདུན་མངོན་འགྱུར་བྱ་རྒྱུའི་དམ་བཅའ་བཞག རྫ་སྟོད་རྫོང་གིས་ངོས་ཟིན་ཇེ་ཟབ་དང་ཐུན་མོང་གི་ངོས་ཟིན་གཅིག་བསྡུས་ཀྱིས“དབུལ་སྐྱོར་ཆེན་མོའི”འདུ་ཤེས་ཆགས་སུ་བཅུག་ཅིང་།“དབུལ་སྐྱོར་ཆེན་མོའི”དཔེ་རིས་བྲིས་ཏེ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་མཐའ་གཅིག་ཏུ་འབད་བརྩོན་བྱས།

དབུལ་ཐར་མཁྲེགས་གཏོར་གྱི་འབོད་སྐུལ་ཀྲུང་ཧྭའི་ཡུལ་གྲུ་ཆེན་མོའི་ག་ས་གང་དུ་ཁྱབ་པའི་སྐབས་སུ། རྫ་སྟོད་རྫོང་གིས“དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་དབུལ་པོ་དབུལ་ནག་ཡིན་པ། དབུལ་ཕོངས་ཀྱི་མི་གྲངས་མང་བ”ཡི་དོན་དངོས་ལ་དམིགས་ནས།“ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་སྲིད་ཇུས་ཀྱིས་འགན་སྲུང་བྱེད་པ། རྨང་གཞི་སྔོན་དུ་འདིང་བ། ཐོན་ལས་ཀྱིས་འདེགས་སྐྱོར་བྱེད་པ”བཅས་ཀྱི་གནད་ཁེལ་དབུལ་ཐར་མཁྲེགས་གཏོར་གྱི་བགྲོད་ལམ་དུ་བློ་ཐག་རྦད་ཆོད་ཀྱིས་བསྐྱོད་དེ།“ས་ཁུལ་ཆེན་པོ་གསུམ་དང་དྲ་བ་ཆེན་པོ་བརྒྱད། དྲ་བ་འབྲིང་བ31དང་དྲ་བ་ཆུང་བ110”བཅས་དྲ་མིག་ཅན་གྱི་མཁྲེགས་གཏོར་བྱེད་ཐབས་འཚོལ་ཞིབ་དང་གཏན་འཁེལ་བྱས་ཤིང་།“གནད་དུ་ཁེལ་བའི་སྒོ་ནས་དབུལ་སྐྱོར་གྱི་ཆུ་ཕྲན་ཡུན་གྱིས་འབབ་པའི”ཁྲོད། དོན་དངོས་ནས་མགོ་བརྩམས་ཏེ། དབུལ་ཐར་ཕྱུག་བསྒྱུར་གྱི་ཐབས་བཀོད་བཟང་པོ་རྙེད།

རྫ་སྟོད་རྫོང་གིས“འབྲོག་པའི་ཁྲིད་སྦྱོང་ཁང”དང“རྫ་སྟོད་སློབ་ཁང་ཆེན་མོ”སོགས་ཀྱི་སློབ་སྦྱོང་དང་སྒྲོག་འགྲེལ་བྱ་འགུལ་སྣ་ཚོགས་སྤེལ་བ་བརྒྱུད་དེ། མང་ཚོགས་ནང་དུ་ཞུགས་ཤིང་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ཟིལ་ཤུགས་ཆེན་པོ་དང་སྣང་ཚུལ་ལེགས་པོ་ཞིག་བསྐྲུན། དུས་མཉམ་དུ་འགོ་ཁྲིད་པ་གཙོ་བོས་ས་ཁུལ་འགན་ལེན་བྱེད་པ་དང་རྒྱུན་ཨུས་ཞང་འགན་ལེན་བྱེད་པ། རྫོང་རིམ་པའི་འགོ་ཁྲིད་དང་ཞང་གྲོང་གི་འགོ་ཁྲིད་ཀྱིས་སྡེ་བ་འགན་ལེན་བྱེད་པར་སྐུལ་སྤེལ་བྱས་ཏེ། རྫོང་ཐད་གཏོགས་སྡེ་ཚན་གྱི་ཁའོ་རིམ་པའི་ལས་བྱེད་པས་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་དང་། ཞང་དང་གྲོང་རྡལ་ལས་བྱེད་པས་ཚན་ཆུང་འགན་ལེན་བྱེད་པའི་དབུལ་སྐྱོར་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། དབུལ་སྐྱོར་མ་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ། རོང་འབྲོག་ཁུལ་གྱི་ཆུ་བེད་དང་གློག་ཤུགས། འགྲིམ་འགྲུལ། སྡོད་ཁང་། འཕྲིན་སྐྱེལ། སྨན་བཅོས་འཕྲོད་བསྟེན་དང་སྤྱི་པའི་རིག་གནས་ཞབས་ཞུ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསྐངས།

 རྫ་སྟོད་རྫོང་གིས་མཐོ་གནས་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་། ལོ་ངོ་གསུམ་གྱི་རིང་ལ།“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ཐག་གཅོད་པ་ཁྲིད་ཕྱོགས་སུ་འཛིན་ཚད་ཇེ་དྲག་ཏུ་བཏང་ནས།  རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། དབུལ་ཐར་དམིགས་འབེན་ལ་དམ་པོར་དམིགས་ནས། དབུལ་ཕོངས་སྡེ་བ9དབུལ་ཐར་བྱུང་ཞིང་། དབུལ་ཕོངས་མི་གྲངས2015ལོའི་ཁྲི་གཅིག་སྟོང་ལྔ་ཉིས་བརྒྱ་དྲུག་ནས3045ལ་མར་བབས་པ་དང་།དབུལ་ཕོངས་འབྱུང་ཚད22.06%ནས4.41%ལ་མར་བབས།

རྫ་སྟོད་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་ཕྱིར་དྲན་བྱེད་སྐབས། དབུལ་ཕོངས་མང་ཚོགས་ཡོད་པའི་ས་ཁུལ་དུ་སྡེ་སྡོད་དབུལ་སྐྱོར་ལས་བྱེད་རུ་ཁག་ཡོད་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཡོད་པའི་ས་ཁུལ་དུ་ཏང་ཡོན་ལས་བྱེད་པས་ཁ་གཏད་རོགས་སྐྱོར་བྱས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡོད་ལ། དཀའ་ཁག་ཆེ་བའི་མང་ཚོགས་ཡོད་པའི་ས་ཁུལ་དུ་ཏང་དང་སྲིད་གཞུང་གི་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་ཡོད་པ་ཚོར་ཐུབ། རྫ་སྟོད་རྫོང་ཏང་ཨུ་དང་སྲིད་གཞུང་གི་སེམས་སུ་དབུལ་ཕོངས་མང་ཚོགས་ཀྱི་འགྲོ་སྒོ་ཇེ་ཉུང་དུ་བཏང་ནས། ཁོ་ཚོའི་འཚོ་བའི་མ་རྩ་ཇེ་དམའ་རུ་གཏོང་རྒྱུ་དེ་ཡང་དབུལ་སྐྱོར་བྱ་བའི་ལས་འགན་གལ་ཆེན་ཞིག་རེད། དེ་བས་རྫ་སྟོད་རྫོང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་དམངས་ཚིས་“གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར”སྐུལ་འདེད་བཏང་།

རྫ་སྟོད་རྫོང་གིས་རིགས་སོ་སོའི་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་ཡིན་པ། ཆེས་མངོན་སུམ་གྱི་གནད་དོན་ཐག་གཅོད་པ་ནས་མགོ་བརྩམས་ཏེ།“སྲིད་ཇུས་མཐིལ་བརྟོལ་དང་སྡོད་ཁང་འགན་སྲུང་། སྨན་བཅོས་རོགས་སྐྱོར།  སློབ་གསོར་འགན་སྲུང་། མ་དངུལ་འགན་སྲུང”བཅས་ཀྱི་དམངས་ཚིས་སྡེབ་སྒྲིག“ཟས་རིགས”བཤམས་ཏེ།  དབུལ་ཕོངས་ཁྱིམ་ཚང་ལ་དམངས་ཚིས“གསོལ་སྟོན་ཆེན་མོ”བསྐྱལ།

“སྲིད་ཇུས་མཐིལ་བརྟོལ”གྱིས་དབུལ་ཐར་བྱ་བ་མཐོ་གནས་གསར་པ་རུ་སྤར། རྫ་སྟོད་རྫོང་གིས་སྤྱི་ཚོགས་འགན་སྲུང་གཅིག་གྱུར་འཆར་འགོད་བྱས་ཏེ། སྲིད་ཇུས་མཐིལ་བརྟོལ་ལེགས་པར་སྒྲུབ་པ་དང་། སྤྱི་ཚོགས་འགན་སྲུང་གི་མ་ལག་མྱུར་དུ་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་ཇི་བཞིན་དུ་དངོས་འབེབས་བྱས་པས། མཁར་གྲོང་གི་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་རྒན་གསོ་ཉེན་ཚབ་ནང་ཞུགས་པའི་མི་གྲངས་ཀྱིས་ཕལ་ཆེར་ཡོངས་སུ་ཁེབས་ཡོད། སྤྱི་ཚོགས་ཀྱི་འགན་སྲུང་ལམ་ལུགས་བསྟུད་མར་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་མཐིལ་བརྟོལ་འགན་སྲུང་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་བཏང་བ་དང་། རིམས་བསགས་ཀྱིས་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་སོགས་སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ཁ་བཤད་ལག་བསྟར་བྱས།

“སྡོད་ཁང་འགན་སྲུང”གིས་དངོས་གནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་རོགས་བྱས། རྫ་སྟོད་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་གཉིས་འབུམ་གཉིས་བཏང་ནས་ཡུལ་གཞན་དུ་གནས་སྤོ་བར་བཀོལ་བ་དང་།  ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང711གི་མི3139ལྷག2018ལོའི་ཟླ11པར་ཚང་མ་སྡོད་ཁང་གསར་པའི་ནང་གནས་སྤར། མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་དྲུག་ས་ཡ་ལྔ་བཏང་ནས་ལས་པའི་ཁང་རྙིང་བསྒྱུར་བཀོད་དང་འབྲེལ་བའི་ལས་གཞིའི་ཁྱིམ་ཚང8911ཡོད། མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་གསུམ་ས་ཡ་དྲུག་བཏང་བའི་གནོད་ཤུལ་སླར་གསོ་འཛུགས་སྐྲུན་ལས་གཞི་དེ་ཞང་གྲོང5དང་རྫོང་མཁར་གྱི་སྡེ་ཁུལ9ཡི་ཁྱིམ་ཚང3712ལ་འབྲེལ་ཡོད། སྡོད་ཁང་གི་ལས་གཞི་སྣ་ཚོགས་གོ་རིམ་ལྡན་པའི་ངང་ནས་ལག་བསྟར་བྱས་པས། དབུལ་ཕོངས་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་འགན་སྲུང་བྱེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་གི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་རོགས་བྱས།

“སྨན་བཅོས་རོགས་སྐྱོར”གྱིས་དབུལ་ཕོངས་ཁྱིམ་ཚང་ལ་སྨན་བཅོས་ཐད་ཀྱི་རྒྱབ་རྟེན་འདོན་སྤྲོད་བྱས། མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་པོ་དབུལ་ནག་སོགས་དབུལ་ཕོངས་མི་སྣ་ཡོངས་རྫོགས་སྨན་བཅོས་རོགས་སྐྱོར་གྱི་གཙོ་གནད་ཁྱབ་ཁོངས་སུ་བཞག་པ་དང་། དབུལ་ཕོངས་ཁྱིམ་ཚང་གི“གན་རྒྱ་གཉིས་འཇོག”ཞབས་ཞུའི་ལམ་ལུགས་ལག་བསྟར་བྱས་ཏེ། ཡིག་ཚགས་དང་བྱང་བུ་ལས་ཡོད་པའི་ནད་པ་ལྕི་མོ་དང་དལ་གཤིས་ནད་པར་རོགས་སྐྱོར་བྱས་ཤིང་།  རོགས་སྐྱོར་བྱ་ཡུལ་གཙོ་བོ་རྣམས་གཏན་འཁེལ་བྱས་ཡོད་པའི་སྨན་ཁང་དུ་བསྡད་པ་ལས་བྱུང་བའི་གྲོན་དངུལ་དག་སྲིད་ཇུས་ལྟར་ཉུང་འཕྲི་དང་གཞི་རྩའི་སྨན་བཅོས་ཉེན་སྲུང་དང་ནད་རིགས་ལྕི་མོའི་སྨན་བཅོས་ཉེན་སྲུང་ལྟར་འགྲོ་སོང་རྩིས་ཞུ་བྱས་པས། དབུལ་ཕོངས་ཁྱིམ་ཚང་ནད་ཀྱི་དབང་གིས་དབུལ་པོར་གྱུར་པ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་པོར་འགྱུར་བའི་གནད་དོན་དངོས་གནས་ཐག་གཅོད་བྱས།

“སློབ་གསོའི་འགན་སྲུང”གིས་དབུལ་ཕོངས་མང་ཚོགས་ཀྱི་བྱིས་པར་དངོས་གནས་རོགས་སྐྱོར་བྱས། རྫ་སྟོད་རྫོང་གིས་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། སློབ་གསོའི་ཐད་མ་དངུལ་གཏོང་ཚད་བསྟུད་མར་ཆེ་རུ་བཏང་སྟེ། འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱིས་ཁོད་སྙོམས་ཁ་གསབ་བྱས་པ་དང་བྱོལ་འགོག་སློབ་སྲུང་གི་བྱ་བ་དེ་གོ་སྐབས་སུ་བརྩིས་ནས། བྱིས་སྙོར་ཁང16གསར་དུ་ལས་པས། སློབ་སྔོན་སློབ་གསོར་རྨང་གཞི་བརྟན་པོ་བཏིངས། མ་དངུལ་སྒོར་ས་ཡ་གཅིག་གྲབས་གསོག་བྱས་ཏེ་མཐོ་འབྲིང་དང་སློབ་ཆེན་དུས་རིམ་གྱི་དབུལ་ཕོངས་སློབ་མའི་ཐེབས་རྩ་བཙུགས་ནས། སློབ་གྲྭར་ཞུགས་པར་འགན་སྲུང་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་ཞིང་། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་བརྒྱ་ཆའི་བརྒྱ་སློབ་གྲྭར་ཞུགས་པ་མངོན་འགྱུར་བྱུང་།

“མ་དངུལ་འགན་སྲུང”གིས་དབུལ་ཕོངས་ཁྱིམ་ཚང་གི་ལས་སྐྲུན་སྤྲོ་སེམས་ཇེ་ཆེར་བཏང་། རྫ་སྟོད་རྫོང་གིས་དངུལ་བུན་གཏོང་བའི་ཆ་རྐྱེན་ཇེ་ལྷོད་དུ་བཏང་བ་དང་། མ་དངུལ་གྱི་བྱེད་ནུས་ཇེ་དྲག་ཏུ་བཏང་སྟེ། སྒོར་བྱེ་བ་གཅིག་གི་ཉེན་ཁ་འགོག་སྲུང་གི་གཏའ་མའི་དངུལ་བཞག་ནས། རིམ་བསགས་ཀྱིས་འབོར་ཆུང་དངུལ་བུན་སྒོར་བྱེ་བ་བདུན་ལྷག་བཏང་བར་མ་ཟད། དབུལ་ཕོངས་སྡེ་བ12ཀྱི་སྡེ་བ་རིམ་པའི་རོགས་རེས་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གཉིས་དངོས་འབེབས་བྱས་ཤིང་། རིམ་བསགས་ཀྱིས་དངུལ་བུན་སྒོར་བྱེ་བ་གཅིག་ས་ཡ་བདུན་ལྷག་བཏང་བས། དངུལ་བུན་བཏང་བའི་ཚད142%ལ་སླེབས།

རྫ་སྟོད་རྫོང་གི་ཐོན་ལས་ཆེན་པོ་ལྔ་ཡི་ལས་གཞི་ཡོངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཅིག་ལྷག་བཏང་། ཐོན་ལས་འཕེལ་རྒྱས་ཀྱི“སྙོར་སྐྱོང་རྟེན་གཞི”འདི་ནི་དཔེ་མཚོན་ཡིན་པའི་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན། ཚད་གཞི་ཅན། ཐོན་ལས་ཅན་གྱི་གླིང་ཁུལ་དཔལ་འབྱོར་མ་ལག་ཚོགས་པ་ཞིག་རེད།“སྲིད་གཞུང་གིས་སྟེགས་བུ་སྐྲུན་པ་དང་ཁེ་ལས་ཀྱིས་ནུས་པ་འདོན་པ། མང་ཚོགས་ཀྱི་ཡོང་སྒོ་འཕར་བ”ཡི་འཁོར་སྐྱོད་བྱེད་སྟངས་སྤྱད་དེ། ཐོན་ཁུངས་ལེགས་པོ་ཧྲག་སྡེབ་བྱས་པ་བརྒྱུད་དེ་དབུལ་ཕོངས་ཁྱིམ་ཚང་ལ་ཞབས་ཞུ་བྱེད་པ་དང་། ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་དང་ལྡོག་འཕྲོ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།“ཐོན་ལས་གླིང་ཁུལ་དང་སྣེ་ཁྲིད་ཁེ་ལས། ཆེད་ལས་མཉམ་ལས་ཁང་གི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང”གི་འཕེལ་རྒྱས་སྦྲེལ་ཐག་ཆགས་སུ་བཅུག་སྟེ། ཕྱོགས་གཅིག་ནས་རྫ་སྟོད་རྫོང་གི་ཐོན་ལས་རིགས་བསྒྱུར་རིམ་སྤར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་དང་། ཕྱོགས་གཅིག་ནས་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་དང་ཁེ་ལས་བར་ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་བཏང་བ་དང་། ཐོན་ལས་ཀྱིས་གནད་ཁེལ་དབུལ་སྐྱོར་ལ་སྐུལ་སྤེལ་བྱེད་པའི་རྣམ་པ་བཟང་པོ་ཆགས་སུ་བཅུག

རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བསོད་དཔལ་གྱིས་བཤད་རྒྱུར“དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་འདིའི་ཁྲོད་དུ་ཐོན་ལས་དར་ཞིང་རྒྱས་སུ་འཇུག་རྒྱུ་ནི་གནས་ལུགས་ལྡོག་མེད་ཅིག་ཡིན་པས། རྫ་སྟོད་རྫོང་གི་གོང་འོག་ཀུན་གྱིས་མུ་མཐུད་དུ་ཤུགས་འདོན་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་དབུལ་ཐར་གྱི“གསང་གྲངས”གཏོར་ཏེ། ཁྱད་ལྡན་ཐོན་ལས་རོགས་སྐྱོར་ཆེན་པོ་ལྔ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། རྒྱུ་ནོར་མ་རྐང་དུ་བསྒྱུར་བ། འབྲོག་པ་མ་རྐང་འཛིན་མཁན་དུ་བསྒྱུར་བ་བཅས་ཀྱིས། ངལ་རྩོལ་ནུས་པ་ཡོད་པའི་དབུལ་ཕོངས་མི་གྲངས་ཐོན་ལས་དབུལ་སྐྱོར་གྱིས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཞིང་། དབུལ་ཕོངས་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་འཐུས་ཚང་དུ་བཏང་།”

ཐོན་ལས་དར་ཞིང་རྒྱས་ན་དབུལ་ཕོངས་ལས་ཐར་བར་རེ་བ་ཡོད། ཐོན་ལས་དབུལ་ཐར་བྱེད་དགོས་ན། གནད་དུ་ཁེལ་བའི་སྒོ་ནས་ཐོན་ལས་གདམ་གསེས་བྱེད་རྒྱུ་དེ་གཙོ་གནད་ཡིན་པས། རྫ་སྟོད་རྫོང་གིས་རང་སྟེང་གི་ལེགས་ཆར་དམ་པོར་དམིགས་ཏེ། རི་སྔོ་ཆུ་དྭངས་ཀྱི་ཐབས་ལམ་བཙལ་བ་དང་། སྔར་ཡོད་ཀྱི་ཕྱུགས་ལས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་མཉམ་དུ། ཇུས་བསྟར་གནད་ཁེལ་དང་ཐོན་ལས་ཁྱབ་ཚུལ་ལུགས་མཐུན་བཀོད་སྒྲིག ཐོན་ལས་ཀྱི་དཔེ་རིས་འབྲི་བ་བཅས་བྱས་ཏེ། དབུལ་སྐྱོར་ཐོན་ལས་དངོས་གནས་མང་ཚོགས་དང་ཉེ་བར་བཅར་དུ་བཅུག་ཅིང་། དུས་མཚུངས་སུ་དབུལ་ཕོངས་མང་ཚོགས་ཕྱུག་པོར་འགྱུར་བའི་ལམ་དུ་བསྐྱལ། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།