རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་ཞང་དང་གྲོང་རྡལ་དང་སྡེ་བ་ཕྱི་ནང་ཀུན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་མིག་མཐོང་ལག་ཟིན་དུ་ཤར་ལ། མི་དམངས་མང་ཚོགས་རྣམས་འཚོ་བ་ལ་སྤྲོ་སེམས་ཀྱིས་འཇུག་བཞིན་པའི་རྣམ་པ་དགའ་འོས་པ་ག་ས་ཀུན་ཏུ་མཐོང་རྒྱུ་འདུག་པས། ང་ཚོ་གསར་འགོད་པས་ཐུན་རིན་རྫོང་གིས་དབུལ་སྐྱོར་དབུལ་ཐར་བྱ་བ་ཇི་ལྟར་བསྒྲུབས་པ་ཤེས་འདོད་ཀྱི་འདུན་པས་ཀུན་ནས་བསླངས་ཏེ། ཐུན་རིན་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དཔལ་མཁར་ལ་ཆེད་དུ་བཅར་འདྲི་བྱས།
ཁོས་བཤད་པ་ལྟར་ན། ཐུན་རིན་རྫོང་གིས2015ལོ་ནས་དབུལ་སྐྱོར་བྱ་བ་དངོས་སུ་སྒྲུབ་པ་དང་། མིག་སྔའི་བར་དུ་རྒྱལ་ཁབ་རིམ་པ་ནས་རྫོང་རིམ་པའི་བར་གྱི་ཆེད་མཁས་པ་དང་འཇོན་མི། ལས་བྱེད་པ་སོགས་མི་བརྒྱ་ལྷག་རྩ་འཛུགས་བྱས་ཏེ། སྡེ་བ་བདུན་ཅུ་དོན་གཉིས་ཀྱི་ཁྱིམ་ཚང་རེ་རེར་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་བ་དང་། ཁྱིམ་ཚང་རེ་རེའི་མགོ་ཡི་ཁང་པ་ནས་འབྱོར་བ་ཡོང་སྒོ། ཁྱིམ་མིའི་བདེ་ཐང་སོགས་ཕྱོགས་མང་པོ་ནས་རྒྱུས་ལོན་བྱས་པ་གཞིར་བཞག་ནས། དབུལ་ཕོངས་དང་ཤིན་ཏུ་དབུལ་བ། དབུལ་པོ་མ་ཡིན་པ་ཙམ་སོགས་ཚད་རིམ་དུ་མར་དབྱེ་ནས་གཏན་འཁེལ་བྱས་རྗེས། ཀྲུང་དབྱང་ནས་རྫོང་རིམ་པ་བར་གྱི་སྲིད་ཇུས་མང་པོ་བརྩོན་ལེན་བྱེད་ཅི་ཐུབ་བྱས་ཏེ། སྡེ་བའི་ངོས་ནས་སྡེ་བ་རེ་ལ་སྒོར་མོ་ས་ཡ་གཅིག་རེ་དང་། དེའི་ཁར་དབུལ་ཕོངས་སྡེ་བར་དབུལ་སྐྱོར་མ་དངུལ་སྒོར་འབུམ་ལྔ་རེ་ལྷག་མ་བཏང་སྟེ། སོ་སོའི་ཁྱད་ཆོས་དང་དགོས་མཁོ་ལྟར་ཐོན་ལས་འཛུགས་སྐྲུན་དང་། ལག་རྩལ་ཟབ་སྦྱོང་། གནས་སྐོར་གསར་སྤེལ། ཚོང་ཁང་ཉོ་བ་དང་མ་རྐང་འཇོག་པ་སོགས་ཀྱིས་བྱེད་ཐབས་སྣ་མང་ལག་བསྟར་བྱས་པ་དང་། བྱེད་ཐབས་དེ་དག་ལག་བསྟར་ནན་མོ་ཡོང་ཆེད། མགོ་ཁྲིད་དང་། ལས་བྱེད་པ། འཇོན་མི་སོགས་སྐོང་འཐེན་བྱས་ཏེ། སྡེ་བ་སོ་སོའི་དབུལ་སྐྱོར་བྱ་བར་འགན་འཁུར་དུ་བཅུག སྡེ་སྡོད་ལས་བྱེད་པ་ཆེད་མངགས་ཀྱིས་མང་ཚོགས་ལ་སྲིད་ཇུས་སྒྲོག་འགྲེལ་བྱེད་དུ་བཅུག་པ་དང་། སྲིད་ཇུས་ལག་བསྟར་གྱི་གོ་རིམ་ཁྲོད་དུ་མང་ཚོགས་ལ་སེམས་ཁྲལ་དང་དཀའ་ཁག་ཅི་ཡོད་དུས་ཐོག་ཏུ་སེལ་རོགས་བྱས་པ་སོགས་ལ་བརྟེན་ནས་ད་ལྟའི་དབུལ་ཐར་གྱི་རྣམ་པ་བཟང་པོ་འདི་ཤར་བ་རེད་ཟེར།
ཐུན་རིན་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དཔལ་མཁར་གྱིས་མུ་མཐུད་དུ་ད་ལྟ་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཡོངས་སུ་གྲུབ་ཟིན་ནའང་། ཐུན་རིན་རྫོང་གིས་སྔར་བཞིན་མང་ཚོགས་ལ་བྱ་བ་སྣ་ཚོགས་སྒྲུབ་སྟེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། ཡིད་ཚིམ་ཚད་ཇེ་མཐོར་གཏོང་བར་མུ་མཐུད་དུ་འབད་པ་བྱེད་བཞིན་ཡོད་དེ། ད་སྐབས་ཀྲུང་དབྱང་གིས་སྲིད་ཇུས་ཡག་པོ་རབ་དང་རིམ་པ་ལག་བསྟར་བཞིན་ཡོད་པ་ལ། རྫོང་རིམ་པ་ནས་དེ་བཞིན་དུ་སྲིད་ཇུས་དང་གོ་སྐབས་བརྩོན་ལེན་བྱེད་ཅི་ཐུབ་བྱས་ཏེ། མང་ཚོགས་ལ་ཕན་བདེ་སྣ་ཚོགས་བསྐྲུན་དང་སྐྲུན་བཞིན་ཡོད། མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ན་དེ་ནི་ང་ཚོའི་གཟི་བརྗིད་དང་གྲུབ་འབྲས་ཡིན་ལ། མང་ཚོགས་ཀྱིས་ཁས་ལེན་ཐོབ་པ་དེ་ནི་ད་གཟོད་བྱ་བ་ཡོད་ཚད་ཀྱི་ཚད་ཤིང་ཡིན་ཞེས་བཤད།
དབུལ་ཐར་གྱི་བྱ་བ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཐུན་རིན་རྫོང་ཆུ་ཁོག་ཞང་ཀོའུ་སྡེ་སྡེ་བ་དབུལ་ཐར་བྱུང་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། ཤ་བོ་ཚེ་རིང་དང་གྲགས་པ་གཉིས་ཀྱིས2014ལོ་ནས་ཀོའུ་སྡེ་སྡེ་བའི་ཧྲུའུ་ཅི་དང་སྡེ་དཔོན་གྱི་འགན་ཁུར་ཅིང་། དེའི་རིང་གོང་རིམ་གྱི་སྲིད་ཇུས་བརྩོན་ལེན་བྱས་ཏེ། སྡེ་བར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་མོ་འབུམ་ལྔ་དང་ཕན་ཚུན་རོགས་རེས་མ་དངུལ་སྒོར་མོ་འབུམ་ལྔ་བརྩོན་ལེན་བྱས་ཤིང་། དེའི་ཁར་སྡེ་བ་རང་ནས་མ་དངུལ་གྲབས་གསོག་བྱས་ནས་ཚོང་ཁང་ཉོས་ཏེ་སྡེ་བའི་ཐུན་མོང་ཐོན་ལས་གཉེར། 2018ལོ་ནས་དེ་ལ་ཕན་འབྲས་ཐོན་མགོ་ཚུགས་ཤིང་། ཚོང་ཁང་གཞན་ལ་གླས་པའི་ཡོང་སྒོ་སྒོར་མོ་འབུམ་གཉིས་དང་ཁྲི་གཅིག་སྟོང་དགུ་ལྷག་ལ་སླེབས་པ་སྡེ་བའི་མི་རེར་སྒོར་མོ་དྲུག་བརྒྱ་དང་ལྔ་བཅུ་རེ་བགོ་རྒྱུ་བྱུང་ལ། བཟའ་མི་མང་བའི་ཁྱིམ་ཚང་ཞིག་ལ་སྒོར་མོ་སྟོང་གཉིས་དང་བརྒྱ་དང་དྲུག་ཅུ་རེ་ཡོད། དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་འགན་ལེན་ཁྱིམ་ཚང་ཉེར་བརྒྱད་ལ་རྫོང་ཐོག་ནས་ཚོང་ཁང་ཉོས་ཏེ། ཁང་གླའི་ཡོང་སྒོ་སྒོར་མོ་འབུམ་གཅིག་ལྷག་ལ་སླེབས་པ་མི་རེར་སྒོར་མོ་དགུ་བརྒྱ་དང་བདུན་རེ་བགོ་རྒྱུ་བྱུང་། སྐྱེལ་འདྲེན་ལས་རིགས་གཉེར་བའི་དབུལ་ཕོངས་ཁྱིམ་ཚང་དགུ་ལ་ཁྱིམ་རེར་སྒོར་མོ་སྟོང་བརྒྱད་རེ་དང་། ཚོང་ཁང་གཉེར་བའི་ཁྱིམ་ཚང་གཉིས་ལ་ཁྱིམ་རེར་སྒོར་མོ་སྟོང་བཞི་རེའི་ཡོང་སྒོ་བྱུང་། དེ་མིན་མཉམ་ལས་ཁང་གི་ཡོང་སྒོ་ལས་ཁྱིམ་ཚང་རེ་ལ་སྒོར་སྟོང་ལྔ་རེ་བགོ་རྒྱུ་ཡོད་པ་སོགས་མདོར་ན་སྡེ་བའི་གནས་ཚུལ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་།
སྡེ་སྡོད་ལས་བྱེད་པ་ལྷ་ལུང་རྒྱ་མཚོས་བཤད་རྒྱུར། སྡེ་བར་ཡིག་ཚགས་བཙུགས་པ་བྱང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ང་བདུན་དང་མི་གྲངས་ཉིས་བརྒྱ་དང་སོ་བརྒྱད་ཡོད་པ་ལ། རིམ་པ་གསུམ་དུ་དགར་ནས་རིམ་པ་དང་པོར་མི་རེར་སྒོར་མོ་སྟོང་བཞི་དང་བརྒྱད་བརྒྱ་དང་རིམ་པ་གཉིས་པ་མི་རེར་སྒོར་མོ་སྟོང་བཞི་དང་སུམ་བརྒྱ་ཞེ་བཞི་དང་རིམ་པ་གསུམ་པ་མི་རེར་སྒོར་མོ་སྟོང་གསུམ་དང་བརྒྱ་དང་ཞེ་བཞི་བཅས་ཡོད་པར་མ་ཟད། སྡེ་བའི་ཁྱིམ་ཚང་བདུན་གནས་སྤོ་བར་མ་དངུལ་སྒོར་མོ་འབུམ་གཅིག་དང་ཁང་བ་གསར་བ་ལས་སྤྱད་ཀྱི་མ་དངུལ་ཁྱིམ་ཚང་རེར་སྒོར་ཁྲི་ལྔ་རེ། ཁང་རྙིང་ཞིག་གསོ་བྱེད་སྤྱད་ཁྱིམ་ཚང་རེར་མ་དངུལ་སྒོར་མོ་ཁྲི་གཉིས་དང་སྟོང་ལྔ་རེ་བཅས་ཡོད་པ་རེད། ཁོས་བཤད་པ་ལྟར་ན། ཀོའུ་སྡེ་སྡེ་བར་ཁ་གཏད་རོགས་སྐྱོར་བྱེད་མཁན་ནི་ཞིང་ཆེན་རིག་གནས་ཐིན་ཡིན་པས། ཁོ་ཚོས་ལོ་རེར་སྡེ་བར་སྲིད་ཇུས་སྒྲོག་འགྲེལ་གྱི་བྱ་འགུལ་སྣ་ཚོགས་སྤེལ་བར་མ་ཟད། ཏང་འཛུགས་རྒྱལ་འཛུགས་ཀྱི་དུས་སྟོན་དང་། དམག་འཛུགས་བདུན་གཅིག་སོགས་ཀྱི་དུས་ཆེན་དང་བསྟུན་ནས་རིག་གནས་ཐིན་གྱིས་འཁྲབ་སྟོན་རུ་ཁག་གདན་འདྲེན་ཞུས་ནས་སྡེ་བར་སྲིད་ཇུས་སྒྲོག་འགྲེལ་དང་རྒྱལ་གཅེས་བསམ་བློ་སྒྲོག་འགྲེལ་གྱི་འཁྲབ་སྟོན་བྱ་འགུལ་ཡང་ཐེངས་གང་མང་ལ་སྤེལ་བ་དང་། དེ་མིན་སྡེ་མི་རྩ་འཛུགས་བྱས་ནས་རྒྱལ་ཁབ་དང་ཏང་ལ་བསྟོད་གླུ་འབུལ་བའི་རིག་རྩལ་འཁྲབ་སྟོན་བྱས་ཏེ། སྡེ་མིའི་ཐོབ་སྣང་དང་། སྐྱིད་སྣང་། ཡིད་ཚིམ་ཚད་བཅས་ཇེ་མཐོར་བཏང་ཞིང་། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པ་དང་བསམ་བློ་ཡར་སྐྱེད་ཡོང་བའི་ཕྱོགས་ལ་ནུས་པ་གལ་ཆེན་བཏོན།
ལྷ་ལུང་རྒྱ་མཚོས་མུ་མཐུད་དུ་བཤད་རྒྱུར། ཁོ་ཚོ་སྡེ་སྡོད་ལས་བྱེད་པ་དང་ཧྲུའུ་ཅི་དང་པོ་སོགས་ཀྱིས་ཧུར་ཐག་གིས་བརྩོན་ལེན་བྱས་པས། རིག་གནས་ཐིན་གྱིས་སྔ་ཕྱིར་སྒོར་འབུམ་གཅིག་དང་ཁྲི་ལྔ་བཏང་ནས་ས་མུའུ་བརྒྱད་ལ་སྡོང་ཕྲུག་བཙུགས་པ་སོགས་སྡེ་མིའི་ཡོང་སྒོ་འཕར་བ་དང་བདེ་ཐང་ཡོང་བའི་ཕྱོགས་སོགས་དཀའ་ཁག་གང་ཡོད་ལ་དེ་མཐུན་གྱི་སྲིད་ཇུས་བརྩོན་ལེན་བྱས་ཏེ། མཁོ་དངོས་དང་སྨན་བཅོས་འདོན་སྤྲོད་བྱེད་པ་དང་། འཚམས་འདྲི་བྱས་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་མང་ཚོགས་ལ་སྒོར་མོ་འབུམ་ལྔ་ལྷག་གི་རོགས་སྐྱོར་བྱས། དེ་དང་དེ་སོགས་སྣ་སྒོ་མོ་ནས་མང་ཚོགས་ཀྱི་བདེ་སྐྱིད་ལ་རག་ལས་པའི་དབུལ་ཐར་བྱ་བ་སྣ་ཚོགས་གང་ནུས་ཅི་ཐུབ་ཀྱིས་བསྒྲུབས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།