ཉེ་སྔོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་། སློབ་གསོ་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ཁྱབ་གཞུང་ལས་ཁང་སོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དང་དྲིལ་སྒྲོག་གི་བྱ་བ་སྤེལ་བར་བཀོད་སྒྲིག་བྱས།
བརྡ་ཐོའི་ནང་བསྟན་དོན། དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་དུ“ཁྲིམས་གཞུང”ཞེས་པའི་མིང་བཏགས་པའི་བཅའ་ཁྲིམས་ཐོག་མ་ཡིན་པ་དང་། དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཁྲོད་གོ་གནས་གལ་ཆེན་ལྡན་ཡོད་ཅིང་། རྩ་བ་བརྟན་ཞིང་སྔོན་དཔག་བརྟན་ལ་ཡུན་རིང་ཕན་པའི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཤིག་རེད། རྒྱལ་ཡོངས་སུ་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་། ཁྱད་པར་དུ་དམངས་དོན་ཁྲིམས་གཞུང་སྐོར་གྱི་མཛུབ་སྟོན་དགོངས་པ་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ། དམངས་དོན་ཁྲིམས་གཞུང་གི་གཞི་རྩའི་རྩ་དོན་དང་ནང་དོན་གཙོ་བོ་གཏིང་ཟབ་སྒོས་སློབ་སྦྱོང་དང་དྲིལ་སྒྲོག་བཅས་བྱས་ཏེ། དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་མདུན་དང་སེམས་སུ་ངེས་བར་བྱེད་དགོས།
བརྡ་ཐོའི་ནང་བསྟན་དོན། དྲིལ་སྒྲོག་གི་རྣམ་པ་གསར་དུ་བསྐྲུན་ཏེ། སྤྱི་ཚོགས་ཡོངས་སུ་ནུས་ཤུགས་ཡོད་རྒུས་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན་དགོས། རྒྱུན་རྣམ་ཅན་གྱི་པྲོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱ་བའི་བླང་བྱ་ལྟར། རང་ས་གནས་དང་སྡེ་ཁག་གི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་བྱེད་པའི་སློབ་གསོའི་བྱ་འགུལ་རྩ་འཛུགས་བྱས་ནས། དམངས་དོན་ཁྲིམས་གཞུང་དེ་ལས་ཁུངས་དང་གྲོང་སྡེ། སྡེ་ཁུལ། སློབ་གྲྭ། ཁེ་ལས་དང་སྡེ་ཚན་བཅས་སུ་བསྐྱོད་པར་སྐུལ་འདེད་བྱེད་པ་དང་། དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་བྱེད་པ་དེ་ཁྲིམས་སྐྱོང་དྲིལ་སྒྲོག་གི་གཡུལ་ས་སོ་སོར་འདྲེས་པར་བྱས་ནས། དམངས་དོན་ཁྲིམས་གཞུང་དེ་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་འདྲེས་པར་བྱེད་པ་དང་། གསར་འགྱུར་དྲིལ་སྒྲོག་ཤུགས་ཆེན་པོས་སྤེལ་ཏེ། གཅིག་སྡུད་ཀྱི་དྲིལ་སྒྲོག་དང་རྒྱུན་རྣམ་ཅན་གྱི་དྲིལ་སྒྲོག་ཕན་ཚུན་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། རིམ་པ་སོ་སོའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ། རྒྱང་སྒྲོག བརྙན་འཕྲིན་དང་དེ་གའི་ཁོངས་གཏོགས་དྲ་ཚིགས། སྨྱན་གསར་གྱི་ཞིབ་ཚགས་ཇུས་འགོད་དང་གཅིག་སྡུད་ཀྱིས་སྒྲོག་སྤེལ་བྱེད་པ་རྩ་འཛུགས་བྱས་ནས། མཁས་དབང་ལ་བཅར་འདྲིའི་གླེང་མོལ་དང་ཆེད་བསྒྲིགས་ལེ་ཚན། དཔྱད་གཏམ་གཏམ་བརྗོད་དང་གཞུང་ལུགས་རྩོམ་ཡིག་རབ་དང་རིམ་པ་སྤེལ་གཏོང་བྱེད་དགོས། དྲ་རྒྱའི་དྲིལ་སྒྲོག་ཧུར་ཐག་གིས་སྤེལ་ཏེ། དྲ་ཚིགས་དང་པོད་འཕྲིན། སྐད་འཕྲིན། ལག་ཁྱེར་ཁ་པར་གྱི་སྤྱོད་སྣེ་སོགས་དེང་རབས་ཀྱི་བརྒྱུད་སྒྲོག་ལས་སྟེགས་མི་འདྲ་བར་བརྟེན་ནས། ཡི་གེ་དང་འདྲ་པར། བརྙན་ལམ་སོགས་ཀྱི་རྣམ་པ་བརྒྱུད་དེ་གསོན་ཉམས་ལྡན་པའི་དྲ་ཐོག་དྲིལ་སྒྲོག་བྱེད་དགོས་ལ། ཞིབ་ཚགས་ཀྱིས་དམངས་དོན་ཁྲིམས་གཞུང་གི་དྲ་རྒྱའི་རིག་གནས་ཐོན་རྫས་གསར་སྐྲུན་བྱེད་པ་དང་། དྲ་ཐོག་འཆད་ཁྲིད་དང་དྲ་སྟེང་གླེང་མོལ། དྲ་སྟེང་འགྲེམ་སྟོན་སོགས་སྤེལ་ནས། དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་བྱེད་པའི་འདྲེན་ཤུགས་དང་འགུག་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཚོགས་སྤྱི་གཙོ་བོའི་དྲིལ་སྒྲོག་སློབ་གསོ་དམ་འཛིན་བྱས་ཏེ་དམངས་དོན་ཁྲིམས་གཞུང་དེ་འགོ་ཁྲིད་ལས་བྱེད་པའི་ངེས་སྦྱོང་སློབ་ཚན་དུ་འཇོག་པ་དང་། འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་མོའི་ཁྲིམས་བརྗོད་ནང་དོན་གཙོ་བོར་འཇོག་པ། དམངས་དོན་ཁྲིམས་གཞུང་དེ་རྒྱལ་དམངས་སློབ་གསོའི་མ་ལག་ཁྲོད་འཇོག་དགོས་པ་དང་། དམངས་དོན་ཁྲིམས་གཞུང་གིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཁྲིམས་སྐྱོང་སློབ་གསོའི་ཁྲོད་ཀྱི་ནང་དོན་ཟིན་ཚད་ཇེ་ཆེར་བཏང་ནས། གཞུང་ལུགས་ཀྱི་ཞིབ་འཇུག་འཆད་འགྲེལ་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་མང་ཚོགས་ཀྱིས་དང་ལེན་བྱེད་པ་དང་གོ་སླ་བའི་གཞུང་ལུགས་ཀློག་དེབ་རྩོམ་དགོས། ལག་ལེན་ཐོག་སྣེ་ཁྲིད་པར་དངོས་གནས་ཤུགས་སྣོན་བྱས་ཐོག “སུས་ཁྲིམས་ལག་བསྟར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ”ཡི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། དམངས་དོན་ཁྲིམས་གཞུང་གི་དྲིལ་སྒྲོག་དེ་ཁྲིམས་སྐྱོང་ལག་ལེན་གྱི་བརྒྱུད་རིམ་ཡོངས་སུ་འདྲེས་པར་བྱེད་པ་དང་། ཁྲིམས་དཔོན་དང་ཁྲིམས་དཔྱོད་དཔོན། སྲིད་འཛིན་ཁྲིམས་བསྟར་མི་སྣ་དང་ཁྲིམས་རྩོད་པ་བཅས་ཀྱིས་གྱོད་གཞིར་བརྟེན་ནས་འགྲེལ་བཤད་བྱེད་པའི་ལམ་ལུགས་ཁྱབ་སྤེལ་བཏང་ནས། མི་རྣམས་ལ་གནད་དོན་ཐག་གཅོད་ཁྲོད་དམངས་དོན་ཁྲིམས་གཞུང་གི་ཤེས་བྱ་སློབ་སྦྱོང་བྱེད་དུ་བཅུག་སྟེ། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་སློབ་གསོའི་ཚ་རླབས་ཤིག་མྱུར་བར་འཕྱུར་དུ་འཇུག་དགོས།
བརྡ་ཐོའི་ནང་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་བའི་ཁྲོད། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་གཏིང་ཟབ་ཀྱིས་ངོས་འཛིན་བྱེད་པར་སྐུལ་ཁྲིད་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་པོར་གཏོང་དགོས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ཁྲིམས་སློབ་པ་དང་ཁྲིམས་སྤྱོད་པ། སྨྱན་གསར་དང་འབྲེལ་དྲའི་སྤྱི་ཕན་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་སོགས་ཀྱི་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། བྱ་བའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་དགོས་ལ། ཁག་བགོས་ཅན་དང་དམིགས་འབེན་ཅན་གྱི་དྲིལ་སྒྲོག་བྱ་བ་སྤེལ་བ་དང་། མང་ཚོགས་ཞུགས་སུ་འཇུག་པར་མཐོང་ཆེན་བྱས་ནས། སློབ་སྦྱོང་དང་དྲིལ་སྒྲོག་གི་དམིགས་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། །
ལོ་ཙཱ།སྒྲོལ་མ་སྐྱིད།