ཚེ་མཇུག་གི་བདེ་སྐྱིད་འཚོ་བ།
2020.07.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

དབྱར་ཟླ་དྲུག་པའི་ཟླ་སྨད་ཀྱི་ཉིན་ཞིག་ལ་ང་ཚོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་རྨ་ཆུའི་སྲང་ལམ་གྱི་རྡོ་སྣུམ་སྡོད་ཁུལ་དུ་ཐོན་དུས། མེ་ཏོག་གི་དྲི་བསུང་ཕྱོགས་བཞིར་ལྡང་བའི་ཁྲོད་ན་ལྟད་མོ་བ་མང་པོ་ཞིག་འདུ་འགོད་ལང་ལོང་བྱེད་ཀྱི་འདུག དེ་འདྲའི་བདེ་སྐྱིད་ཀྱི་རྣམ་པའི་ཁྲོད་དུ་དགའ་སྐྱིད་ཀྱི་དགོད་སྒྲ་རེ་རེ་ང་ཚོའི་རྣ་ལམ་དུ་བར་མེད་དུ་རྒྱུ་ཡོང་གི་འདུག

རྡོ་སྣུམ་སྡོད་ཁུལ་གྱི་ཀྲུའུ་རིན་སུན་ཡན་ཞ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།  རྡོ་སྣུམ་སྡོད་ཁུལ་ནི་མཚོ་སྔོན་སྣུམ་ཞིང་ན་གོར་མོ་རྡོ་སྣུམ་གྱི་རྟེན་གཞི་དང་ན་གོར་མོ་ཁུ་ནུ་དཔལ་འབྱོར་གསར་སྤེལ་ས་ཁུལ་གཉིས་ཀྱིས་གྲུབ་པ་དང་། རྒྱུན་སྡོད་བྱེད་པའི་མི་གྲངས་ཁྲི་གཅིག་ལྷག་ཡོད་པས་ན་གོར་མོ་གྲོང་ཁྱེར་ཡོངས་སུ་གཞི་རྒྱ་ཆེས་ཆེ་ཞིང་རྒྱུན་སྡོད་མི་གྲངས་ཆེས་མང་པའི་སྡོད་ཁུལ་ཞིག་ཡིན། སྡོད་ཁུལ་དེ་འཛུགས་སྐྲུན་བྱས་པ་ནས་བཟུང་སྡོད་ཁུལ་དེས་ཐོག་མཐའ་བར་གསུམ་དུ་ཏང་ལ་དགའ་ཞིང་རྒྱལ་ཁབ་ལ་དགའ་བའི་སྡོད་ཁུལ་དང་མི་རིགས་མཐུན་སྒྲིལ་གྱི་སྡོད་ཁུལ། དཔལ་ཡོན་གསར་སྐྲུན་གྱི་སྡོད་ཁུལ། རིག་གནས་དར་རྒྱས་ཀྱི་སྡོད་ཁུལ། དྲིལ་སྒྲོག་དཔེ་སྟོན་གྱི་སྡོད་ཁུལ། ཕྱོགས་ཡོངས་འབྱོར་འབྲིང་གི་སྡོད་ཁུལ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྡོད་ཁུལ་ཞིག་གྲུབ་རྒྱུ་དེ་འཕེལ་རྒྱས་ཀྱི་དམིགས་འབེན་དུ་བཟུང་ཡོད།

ལས་འཁྱུར་ངལ་གསོ་བྱས་ནས་ལོ་བདུན་འགོར་བའི་ཚེའི་ཧེ་ཕེན་ལ་མཚོན་ན་རྡོ་སྣུམ་སྡོད་ཁུལ་དུ་ཏག་ཏག་ལོ་ཉེར་གཅིག་ལ་བསྡད་པ་དང་། ཁོ་མོར་མཚོན་ནས་བཤད་ན་ལས་འཁྱུར་ངལ་བྱས་རྗེས་ཀྱི་འཚོ་བ་ནི་དེ་འདྲའི་ཁེར་རྐྱང་ཞིག་མིན་པར་དེ་ལས་ལྡོག་སྟེ་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་ཏེ། ཁོ་མོས་རྒྱུན་དུ་རང་གི་ཚ་མོར་གཉོར་སྐྱོང་བྱེད་པ་ལས་གཞན་ད་དུང་སྡོད་ཁུལ་གྱིས་སྒྲུབ་བཞིན་པའི་རིག་གནས་བྱ་འགུལ་སྣ་ཚོགས་ལའང་དུས་ལྟར་ཞུགས་བཞིན་ཡོད་པ་རེད།

ལོ་ངོ་དེ་དག་གི་རིང་གི་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས། ཁོ་མོས་བཤད་རྒྱུར། སྔོན་ཆད་ཡིན་ན་ཕོ་བ་འགྲངས་ནས་རྒྱབ་དྲོས་ཚེ་ང་ཚོས་འབྱོར་འབྲིང་འཚོ་བར་སླེབས་ཡོད་པར་འདོད་ཀྱི་ཡོད་མོད།  ད་ལྟ་དེ་འདྲ་མ་ཡིན་པར་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་གཅིག་ཏུ་འབྱོར་འབྲིང་གི་ཚད་གཞིར་བསླེབ་ཚེ་ད་གཟོད་དངོས་གནས་འབྱོར་འབྲིང་འཚོ་བའི་ཚད་གཞིར་སླེབས་པ་ཡིན། ལོ་ལོན་ན་རིག་གནས་སྦྱང་རྒྱུ་ཡོད་པ་དང་ལོ་ལོན་ན་སྤྲོ་སྐྱིད་ལ་རོལ་ཐུབ་པ་དེ་ནི་ང་ཚོ་ལོ་ལོན་རྣམས་ཀྱི་བསམ་པའི་དཔལ་ཡོན་གྱི་འབྱོར་འབྲིང་ཡིན། སྡོད་ཁུལ་འདི་རུ་ང་ཚོས་སློབ་སྦྱོང་གི་གོ་སྐབས་དང་འཁྲབ་སྟོན་གྱི་གོ་སྐབས་ལེགས་པོར་བསྐྲུན་པ་དེ་ཡིས་ང་ཚོར་བསམ་པའི་རྒྱུ་ནོར་གསར་སྐྲུན་བྱས་པ་ཡིན།

ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ལོ་ཡིན་པ་དང་གཞི་རིམ་མང་ཚོགས་ཀྱི་སྤྱི་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཡང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་བའི་ཕྱོགས་གལ་ཆེན་ཞིག་ཡིན།

སྔོན་ཆད་ངེད་ཚང་གི་ང་གཅིག་པུ་སྡོད་ཁུལ་གྱི་རིག་གནས་བྱ་འགུལ་ལ་ཞུགས་བཞིན་ཡོད་པ་དང་ད་ལྟ་ངེད་ཚང་གི་ཁྱིམ་མི་རྣམས་ལ་ཁོམ་སྐབས་ཤིག་བྱུང་ཚེ་ཚང་མ་ཡོང་ནས་སྡོད་ཁུལ་གྱི་རིག་གནས་བྱ་འགུལ་སྣ་ཚོགས་ལ་ཞུགས་བཞིན་ཡོད་པས་སྡོད་ཁུལ་གྱི་རིག་གནས་བྱ་འགུལ་གྱི་ཞུགས་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པར་མ་ཟད། ང་ཚོའི་བསམ་བློའི་རིག་གནས་ཀྱི་བྱང་ཚད་ཀྱང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་ཅེས་སྡོད་ཁུལ་དེའི་སྡོད་དམངས་ཞའེ་མེ་ཡིས་བཤད།

སྡོད་ཁུལ་དེ་ནི་རིག་གནས་གོང་འདུས་ཀྱི་སྡོད་ཁུལ་ཞིག་ཡིན་པའི་ཆ་ནས་དགེ་མཚན་ལྡན་པའི་སྒོ་ནས་མཉམ་ལེན་རུ་ཁག་དང་འཁྲབ་སྟོན་རུ་ཁག མདའ་འཕེན་རུ་ཁག བྱ་སྒྲོ་སྤོ་ལོའི་རུ་ཁག་སོགས་བཙུགས་ཡོད་པ་དང་། དེ་མིན་དམངས་ཕན་ཞབས་ཞུ་དང་འཕྲོད་བསྟེན་ཞབས་ཞུ་སོགས་དང་བླངས་པའི་རུ་ཁག་ཀྱང་བཙུགས་ཡོད།  སྡོད་ཁུལ་དེར་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་རིག་ནས་སྔོན་ཐོན་སྡོད་ཁུལ་དང་རྒྱལ་ཡོངས་ཀྱི་རྒན་བཀུར་དཔེ་སྟོན་སྡོད་ཁུལ་སོགས་ཀྱི་བྱ་དགའ་བདུན་ཅུ་ལྷག་ཐོབ་མྱོང་། སྡོད་ཁུལ་གྱི་སྡོད་དམངས་ཀྱི་བསམ་པའི་སྣང་བརྙན་དང་འཚོ་བའི་ཆུ་ཚད་ཐད་མཐོར་འདེགས་ཆེན་པོ་བྱུང་། སྐྱིད་སྣང་དང་ཐོབ་སྣང་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་སྡོད་ཁུལ་གྱི་ལས་བྱེད་མི་སྣས་སྡོད་དམངས་ཀྱི་འཚོ་བར་ཞབས་འདེགས་ཞུ་བའི་དམིགས་འབེན་ཡིན། ང་ཚོས་རིག་གནས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་རིག་གནས་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་མ་ཟད་རིག་གནས་པའི་དཔུང་སྡེ་སྒྲིག་འཛུགས་བྱེད་དགོས། དེ་མིན་ད་དུང་ང་ཚོས་སྒྲིག་འཛུགས་བྱས་པའི་སྟེགས་བུ་བརྒྱུད་ནས་འབད་བརྩོན་ཆེན་པོས་ང་ཚོའི་སྡོད་དམངས་རེ་རེ་རིག་གནས་ཀྱི་མི་སྣ་གཙོ་བོར་འགྱུར་བར་བྱས་ཏེ། ཁོ་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཞེས་རྡོ་སྣུམ་སྡོད་ཁུལ་གྱི་ཀྲུའུ་རིན་སུན་ཡན་ཞ་ཡིས་ཡིད་ཆེས་ཆེན་པོས་བཤད།

ད་ལོ་ལོ་ན་རེ་དྲུག་ཡིན་པའི་སྒྲོལ་ལྷ་སྐྱབས་ནི་རྡོ་སྣུམ་སྡོད་ཁུལ་གྱི་སྐལ་བཟང་མདའ་འཕེན་རུ་ཁག་གི་རུ་གཙོ་ཡིན་པར་མ་ཟད་དང་བླངས་རུ་ཁག་གི་རུ་མི་ཞིག་ཀྱང་རེད། སྔོན་ཆད་ན་གོར་མོ་གྲོང་ཁྱེར་ཁུ་ནུ་མདའ་འཕེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཁོ་རང་ལ་མཚོན་ན་མདའ་འཕེན་པའི་དགའ་ཕྱོགས་འདི་ཉིད་གཏན་ནས་དོར་མ་མྱོང་། སྔོན་ཆད་བྱ་བར་ཞུགས་བཞིན་པའི་སྐབས་སུ་ཁོམ་པ་ཅུང་ཙམ་རེ་ཡོད་ཚེ་རང་ཁྱིམ་དུ་བསྡད་ནས་བརྙན་འཕྲིན་ལ་ལྟ་རྒྱུ་ལས་གཞན་རང་ཉིད་དགའ་བའི་བྱ་བ་ཅི་ཡང་བསྒྲུབ་འདོད་མེད་ཅེས་སྒྲོལ་ལྷ་སྐྱབས་ཀྱིས་བཤད།

ལས་འཁྱུར་ངལ་གསོ་བྱས་རྗེས་སུ་རྡོ་སྣུམ་སྡོད་ཁུལ་གྱི་གཞུང་སྒྲུབ་ཐོག་ཁང་དུ་སྒྲོལ་ལྷ་སྐྱབས་ཀྱི་སྣང་བརྙན་དེ་རྒྱུན་དུ་མཐོང་ཐུབ་ཀྱི་ཡོད། སྡོད་ཁུལ་གྱི་ལས་བྱེད་མི་རྣ་རྣམས་ཀྱིས་རྒྱུས་ལོན་བྱས་རྗེས་སུ་ད་གཟོད་སྒྲོལ་ལྷ་སྐྱབས་ཀྱི་སེམས་ཁོང་གི་རེ་འདུན་དེ་རྟོགས་བྱུང་།  ཉིས་སྟོང་བཅུ་གསུམ་ལོར་སྐལ་བཟང་མདའ་འཕེན་རུ་ཁག་དེ་དངོས་སུ་བཙུགས་པས་སྒྲོལ་ལྷ་སྐྱབས་ཀྱི་འཚོ་བར་ཡང་སྔར་མེད་ཀྱི་འགྱུར་ལྡོག་བྱུང་།

ང་ཚོའི་སྡོད་ཁུལ་གྱི་ཉེ་འགྲམ་དུ་ཁྱིམ་ལུད་འཕེན་སའི་ར་བ་ཞིག་ཡོད་པ་དང་སྡོད་ཁུལ་གྱིས་མཐུན་སྦྱོར་བྱས་པ་བརྒྱུད་རིང་ཚད་ལ་རྨིད་ཉིས་བརྒྱ་དང་ཞེང་ཚད་ལ་རྨིད་བཞི་ཙམ་ཡོད་པའི་ཁྱིམ་ལུད་ར་བ་དེ་ང་ཚོས་མདའ་འཕེན་ར་བར་བསྒྱུར་བ་ཡིན། བྱ་འགུལ་ཁང་དང་ཕྱིའི་ར་བ། ལྗང་བསྒྱུར་སོགས་ཚང་མ་སྡོད་ཁུལ་གྱིས་ང་ཚོར་རོགས་སྐྱོར་བྱས་ནས་གསར་དུ་འཛུགས་སྐྲུན་བྱས་པ་ཡིན་ཞེས་སྒྲོལ་ལྷ་སྐྱབས་ཀྱིས་བཤད། སྒྲོལ་ལྷ་སྐྱབས་ལ་མཚོན་ན་གནས་དེ་རང་ཁྱིམ་གཉིས་པ་ལྟར་གྱུར་ཡོད་པ་དང་། ཉིན་རྒྱུན་དུ་མདའ་རྩལ་སྦྱོང་བརྡར་བྱེད་པ་ལས་གཞན་ཉིན་རྒྱུན་དུ་དེ་རུ་བཏབ་ཡོད་པའི་ཞོག་ཁོག་དང་ཙོང་སྒོག སྡོང་བོ་སོགས་ལ་བདག་སྐྱོང་བྱེད་བཞིན་ཡོད་པ་རེད།

མདའ་འཕེན་འགྲན་སྡུར་ལ་བརྟེན་ནས་གྲོགས་སྒྲིག་རྒྱུ་ནི་མདའ་འཕེན་ལུས་རྩལ་ཁྲོད་ཀྱི་རིག་གནས་ཀྱི་ནང་དོན་གཙོ་བོ་ཞིག་ཡིན། མདའ་འཕེན་རུ་ཁག་དེ་བཙུགས་ནས་ལོ་ངོ་བདུན་གྱི་རིང་ལ་སྒྲོལ་ལྷ་སྐྱབས་ཀྱི་རུ་ཁག་དེ་མི་གྲངས་སུམ་ཅུ་ལྷག་ཏུ་རྒྱ་ཆེར་འཕེལ་ཡོད་པར་མ་ཟད། མདའ་འཕེན་འགྲན་སྡུར་བརྒྱ་ཕྲག་ལྷག་ལ་ཞུགས་པས་གྲོགས་པོ་མང་པོ་ཞིག་ཀྱང་ངང་གིས་ངོ་ཤེས་སུ་གྱུར།

མདའ་འཕེན་པ་དེས་ལུས་ཕུང་སྦྱོང་བརྡར་བྱེད་ཐུབ་པ་ཙམ་མ་ཡིན་པར་ད་དུང་ང་ཚོའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་ཐུབ་པ་དང་། ང་ཚོའི་བསམ་བློ་རིག་གནས་འཚོ་བ་མཐོར་འདེགས་སུ་གཏོང་བ། ང་ཚོའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་བྱེད་ཐུབ། ང་ཚོས་རྒྱུན་དུ་སྒྲུབ་བཞིན་པའི་མཛའ་བརྩེ་མདའ་འཕེན་འགྲན་སྡུར་ལྟ་བུ་ཞིག་ལ་མཚོན་ནའང་ཉེ་འཁོར་གྱི་སྡེ་བ་དག་གི་གྲོགས་པོ་རྣམས་ཀྱིས་ཞིང་ལས་སྐོར་གྱི་བྱ་བ་སྣ་ཚོགས་མཇུག་སྒྲིལ་རྗེས་སུ་ད་གཟོད་སྒྲུབ་བཞིན་ཡོད་ཅིང་། ངས་བལྟས་ན་མདའ་འཕེན་འགྲན་སྡུར་བྱེད་པ་དེ་ནི་ང་ཚོའི་འབྱོར་འབྲིང་སྤྱི་ཚོགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་རེད་བསམ་བཞིན་ཡོད་ཅེས་སྒྲོལ་ལྷ་སྐྱབས་ཀྱིས་དེ་ལྟར་བཤད་ཞོར་ཁོས་ལག་ཏུ་བཟུང་བའི་གཞིའི་སྟེང་དུ་མདའ་མོའི་ལྟོང་ཁ་སྤྲད་དེ་འབེན་གྱི་ཕྱོགས་ལ་གཟས་བཞིན་གདོང་ལ་འཛུམ་ཞིག་ལངས་ནས་ཁོ་རང་ཉིད་ལ་དབང་བའི་བདེ་སྐྱིད་ཀྱི་འཚོ་བ་དེར་ལོངས་སུ་སྤྱོད་མགོ་བརྩམས།

སྔོན་ཆད་མིག་གིས་མཐོང་སུ་ཀུན་ཏུ་རླུང་ཤུགས་ཆེ་ཞིང་རྩྭ་མི་སྐྱེ་བའི་བྱེ་ཐང་གི་རྣམ་པ་དེ་སྔ་མོ་ནས་ཡལ་ཞིང་ད་ལྟ་སྣོད་བཅུད་སྡོད་གནས་སུ་འཚམ་པར་མ་ཟད་རྒས་དུས་སྤྲོ་སྣང་ཡོད་པའི་འབྱོར་འབྲིང་འཚོ་བའི་རྣམ་པ་ཞིག་ངང་གིས་གྲུབ་འདུག

                                                                                                        ལོ་ཙཱ་བ། གཡང་འབུམ་རྒྱལ།