གནའ་མཁར་ཚོང་གི་འདུ་ར་ན། རྣམ་མང་ཟོང་གི་ནོམ་བརྒྱ་བརྡལ།
2020.07.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

—མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པའི་སྟེང་གི་མཐོང་ཐོས་རགས་བཀོད།

གནའ་མཁར་ཟི་ལིང་ནི་གནའ་བོའི་དུས་ནས་བཟུང་ཚོང་འདུས་ཀྱི་ཡོ་ལང་རབ་ཏུ་རྒོད་པའི་ཁྲོམ་ཆེན་ཞིག་སྟེ། ཐང་བོད་ཇ་རྟའི་གནའ་ལམ་དང་། དར་གོས་ཚོང་ལམ་གྱི་བརྒྱུད་ལམ་དང་འགག་སྒོ་གལ་ཆེན་ཞིག་ཀྱང་ཡིན་པས། གནས་འདིར་ཕུན་སུམ་ཚོགས་པའི་ཚོང་ལས་ཀྱི་རྨང་གཞི་མངའ་ཞིང་ཉོ་ཚོང་འདུ་འགོད་ཀྱི་མཁའ་དབུགས་སྟུག་པོས་ཡོངས་སུ་འཁྱུད་ཡོད།

ཟླ7པའིཚེས23ཉིན། ཀྲུང་གོ•མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པ་མཚོ་སྔོན་ཟི་ལིང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་དང་། འགྲེམ་སྟོན་ཁང་ཆེན་མོ་གསུམ་ཡོད་པ་རྣམས་སུ་གྲོང་ཁྱེར་འཛུགས་སྐྲུན་དང་རྒྱལ་ཁོངས་ལྗང་བསྒྱུར། ཚན་རྩལ་ཐོན་རྫས་གསར་པ། ཡུལ་ཐོན་ཞིང་ཕྱུགས་ཐོན་རྫས། མི་རིགས་ཀྱི་གྱོན་ཆས་དང་རྒྱན་ཆ། ཡིག་གཟུགས་དང་ཐང་ག བཟའ་བཏུང་རིག་གནས། ཡུལ་སྐོར་ཐོན་རྫས་སོགས་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་ཀྱིན་ཡོད་ལ། འགྲེམ་སྟོན་ཁང་གི་ཕྱི་ནང་ཀུན་ཏུ་འཚང་ཁ་ཤིག་ཤིག་གི་མི་ཚོགས་ཀྱིས་ཁེངས་ཡོད།

གསར་འགོད་པའང་མི་ཚོགས་ཀྱི་འགྲོས་དང་བསྟུན་ནས་འགྲེམ་སྟོན་ཁང་རེ་རེར་བལྟ་རུ་སོང་བ་ཡིན། མཚོ་ལྷོ་ཁུལ་ཀོས་ནན་རྫོང་གི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་ཚོགས་རར་ཙོང་ལ་ནས་ཆང་དང་། ཞོ། ཐུད། དར་བ་སོགས་ཐོན་རྫས་སྣ་ཚོགས་ལ་རེ་རེ་བཞིན་བྲོ་བ་མྱོང་བཞིན་ཡོད་པའི་ཀོང་ཏུང་ནས་ཡོང་བའི་སྐུ་ཞབས་ཝན་ལགས་དང་འཕྲད། ཁོས“ད་སྐབས་མི་རྣམས་ཀྱི་དཔལ་འབྱོར་ཆུ་ཚད་གོང་དུ་འཕེལ་བ་དང་བསྟུན་ནས་ཟས་རིགས་བདེ་འཇགས་ཐད་ཀྱི་གནད་དོན་ཡང་སྣ་ཚོགས་འབྱུང་བཞིན་མཆིས་ལ། འདི་ལྟ་བུའི་བདེ་འཇགས་ཡིན་ལ་ལྷད་མ་འདྲེས་པའི་ཟས་རིགས་ཅུང་དཀོན་པས་ནང་ལོགས་ས་ཁུལ་དུའང་འདིའི་རིགས་ལ་དགའ་བསུ་ཆེན་པོ་ཐོབ་ཀྱིན་འདུག ཡིན་ཡང་དྲིལ་སྒྲོག་དང་དངོས་ཟོག་སྐྱེལ་འདྲེན། ཉོ་ཚོང་ཞབས་ཞུ་ལ་སོགས་པའི་ཕྱོགས་ནས་མི་འདང་ས་ཅུང་ཟད་རེ་འདུག་མོད། གནད་དོན་འདིའི་རིགས་ཐག་གཅོད་བྱེད་པའི་ཐད་ལ་ཤུགས་བརྒྱབ་ཚེ་འདི་ལ་འཕེལ་རྒྱས་ཀྱི་བར་སྟོང་ངེས་ཅན་ཞིག་ཡོད་པ་ཁོ་ཐག་རེད”ཅེས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་དག་ལ་གདེང་འཇོག་ཆེན་པོ་བྱས་སོང་།

རྨ་ལྷོ་ཁུལ་གྱི་ཐོན་རྫས་འགྲེམ་སྟོན་ཚོགས་རའི་གཡོན་ཕྱོགས་སུ་ཡོད་པའི་ཧི་ནན་རྫོང་དགའ་ཉིན་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འགྲེམ་སྟོན་ཁུལ་དུ་ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ལི་ཞའོ་ཕིན་གྱིས་རྩམ་པའི་བྲོ་བར་མྱོང་བཞིན་འདུག“ངའི་ཨ་མ་ད་ལོར་ལོ90ཡིན་ལ་མོའི་གློ་བ་དེ་ཙམ་བཟང་རྒྱུ་མེད། མར་ཟོས་ན་གློ་བར་ཕན་ཐོགས་ཆེན་པོ་ཡོད་པས་མོས་རྒྱུན་དུ་མར་དང་རྩམ་པ་ཟ་བཞིན་ཡོད། ད་ཐེངས་ཡང་ང་རང་འདིར་ཆེད་དུ་བོད་ཀྱི་རིག་གནས་དང་བཟའ་བཏུང་སྐོར་ལ་རྒྱུས་ལོན་བྱེད་དུ་ཡོང་བ་ཡིན།” ཞེས་བཤད། འགྲེམ་སྟོན་ཚོགས་འདུའི་སྟེང་ཁོ་དང་ཁོ་ལྟ་བུའི་ཚོང་མགྲོན་གང་མང་ཞིག་གི་དགོས་མཁོ་བསྐངས་དང་སྐོང་མུས་སུ་མཆིས་ཤིང་། མཉམ་ལས་ཁང་དེ་གའི་འགན་ཁུར་པ་རྡོ་རྗེ་སྒྲོལ་མས་མཚམས་སྦྱོར་བྱས་པ་ལྟར་ན། “ད་བར་དུ་བསྟུད་མར་ལོ་ངོ་བཞིའི་རིང་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་མྱོང་བ་དང་། སྔོན་ཆད་རྩམ་པ་དང་ཆུར་བ་སོགས་ཉིན་རེར་སྒོར་མོ་འབུམ་གཅིག་ཡས་མས་བཙོང་ཐུབ་པའི་སྐབས་ཀྱང་ཡོད་པར་མ་ཟད། པེ་ཅིན་དང་ཧྲང་ཧའེ་ལྟ་བུའི་ནང་ལོགས་ཀྱི་གྲོང་ཁྱེར་ཆེན་མོ་འགའ་ལ་ཚོང་འབྲེལ་གན་རྒྱ་ཡང་བཞག་མྱོང”ཟེར། ཐེངས་འདིའི་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་དྲ་ལམ་དང་ཡུལ་དངོས་གཉིས་སུ་ཀུང་སི་དང་མི་སྒེར་ལ་སོགས་པའི་བར་ཕན་ཚུན་ཚོང་འབྲེལ་གན་རྒྱ་འཇོག་བཞིན་པ་ཡང་གང་མང་ཞིག་འདུག་ལ། འདི་ལྟར་མཚོ་སྔོན་གྱི་ལྷད་མེད་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་ཅུང་མ་འགོར་བར་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་དང་ཐ་ན་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་སྙན་གྲགས་རྒྱས་ལོས་ཐུབ་སྙམ།

རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་ཁུལ་གྱི་སྒོ་འགྲམ་དུ་སྣམ་བུ་མང་པོ་བཤམས་ཡོད་ལ། དེའི་གམ་དུ་བུད་མེད་ཅིག་གིས་དབུས་གཙང་གི་ཆ་བྱད་སྤྲས་ཏེ་གནའ་བོའི་སྣམ་འཐག་འཁོར་ལོ་ལས་སྣམ་བུ་འཐག་གིན་ཡོད་པ་དང་། གཞན་འགས་སྐུད་པ་འཁེལ་བཞིན་པ་དེས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་སོང་།

མཚོ་སྔོན་གཅན་ཚ་ལོ་རྡོ་རྗེ་བྲག་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་རིན་ཆེན་རྡོ་རྗེ་བརྒྱུད་དེ་གནས་ཚུལ་རྒྱུས་ལོན་བྱས་པ་ན། ཁོ་ཚོས་གཉེར་གྱིན་པའི་སྣམ་བུའི་བཟོ་གྲྭ་དེ་ནི་མཚོ་སྔོན་བོད་ཀྱི་སྲོལ་རྒྱུན་སྣམ་བུ་ཐོན་སྐྱེད་བྱེད་ཀྱིན་པའི་བཟོ་གྲྭ་ཐོག་མ་ཡིན་ཞིང་། སྣམ་བུར་གཞན་དང་མི་མཐུན་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་དེའི་རྒྱུ་བལ་ཡིན་པས་རིམས་འགོག་ནུས་པ་ཡང་ངེས་ཅན་ཞིག་ཡོད་པ་དང་། ཁོ་ཚོས་ཆེད་དུ་ལྷ་ས་ནས་སྣམ་བུ་འཐག་སྟངས་བསླབས་ཏེ་གཅན་ཚ་ནས་བཟོ་གྲྭ་བཙུགས་ཤིང་ཕྱིར་འཚོང་གི་སྒོ་མོ་ཕྱེས། སྣམ་བུའི་བོད་ལྭ་རེ་ལ་སྒོར་མོ་ཁྲི་གཅིག་དང་སྟོང་གཅིག་རེ་ཡིན་ཞིང་ད་བར་དུ་ཚོང་ཟོག་མངག་ཐོ་བཞི་བཅུ་ལྷག་ཡོད་པ་སོགས་སྣམ་བུ་བཟོ་གྲྭ་ཇི་ལྟར་བཙུགས་པ་དང་སྣམ་བུ་ཇི་ལྟར་འཐག་པ། ཕྱིར་འཚོང་གི་ལམ་ཁ། ཚོང་ཁྲོམ་གྱི་མདུན་ལྗོངས་རེ་རེ་བཞིན་ང་ཚོར་ཞིབ་ཏུ་གླེང་མོལ་བྱེད་པའི་ཁྲོད་ཁོ་རང་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་འདུག་པ་ཚོར་བྱུང་།

ས་གནས་སོ་སོའི་ཐོན་རྫས་འགྲེམ་སྟོན་ཚོགས་རར་དེང་སྐབས་དྲ་ལམ་གྱི་ཐད་གཏོང་པ་གྲགས་ཅན་གང་མང་ཞིག་གིས་ཀྱང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་དག་དྲ་ལམ་དུ་དྲིལ་སྒྲོག་དང་ཕྱིར་འཚོང་བྱེད་ཀྱིན་ཡོད་ལ། དེས་ཀྱང་ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་གི་ཐོན་རྫས་འགྲེམ་ཚོང་ལ་གཞན་དང་མི་མཐུན་པའི་ཁ་དོག་གསར་པ་ཞིག་བསྐྲུན་འདུག་པར་མ་ཟད། དྲིལ་སྒྲོག་དང་ཕྱིར་འཚོང་གི་ཁྱབ་རྒྱ་སྔར་ལས་ཇེ་ཆེར་བཏང་འདུག

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དེ་ད་ལྟའི་བར་བསྟུད་མར་ལོ20རིང་བདེ་བླག་ངང་སྤེལ་བ་དང་། ཐེངས་འདིར་ཡང་ཡུལ་དངོས་དང་དྲ་ལམ་གཉིས་ནས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བ་དང་གསར་སྐྲུན་གྱིས་སྣེ་འདྲེན་པ། མི་ཆོས་རིག་གནས་བརྗེ་རེས་བྱེད་པ། མཉམ་སྐྲུན་མཉམ་སྤྱོད་བྱེད་པ་བཅས་ཀྱི་ཐད་ལ་ཉོ་ཚོང་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད་ཅིང་། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་ཚད་ངེས་ཅན་ཞིག་འཕར་ཡོད་པར་མ་ཟད། དཔལ་འབྱོར་མཉམ་འབྲེལ་གྱི་བར་སྟོང་གསར་པ་ཞིག་ཀྱང་བསྐྲུན་ཡོད་པས། ཀུན་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཀྱིན་འདུག

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།