དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་ཁྲོད་ཏང་འཛུགས་སྐྲུན་གྱི་སྟོབས་ཤུགས་མངོན་པར་བྱེད་དགོས།
2020.07.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 6

2020ལོ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་སྒྲིལ་བའི་ལོ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཡང་རེད།

གནད་འགག་གི་དུས་མཚམས་འདིར། སྔར་ལས་ལྷག་པར་གཞི་རིམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་དང་གདོང་ལེན་དཔེ་ལེགས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཕམ་ཐག་གཅོད་པའི་དམག་འཐབ་ལ་འབད་བཞིན་དམིགས་འབེན་ལས་འགན་མཐའ་དག་མངོན་འགྱུར་ཡོང་བར་དངོས་གནས་ཁག་ཐེག་འགན་ལེན་བྱེད་དགོས།

སྲོག་ཤིང་ལ་དམིགས་ནས“བསྐྱོད”དགོས། ཏང་འཛུགས་སྐྲུན་གྱི་དབུལ་སྐྱོར་ནི་དུས་ཡུན་རིང་པོར་བསྒྲུབ་དགོས་པའི་བརྒྱུད་རིམ་ལྡན་ཞིང་མ་ལག་ཚང་བའི་བྱ་བ་ཞིག་ཡིན་པས། གཞི་རིམ་ཏང་གི་རྩ་འཛུགས་ལྟེ་གནས་སུ་འཛིན་པ་དང་། གནད་འཁེལ་དབུལ་སྐྱོར་གཙོ་བོར་བཟུང་སྟེ། ཏང་གི་འཛུགས་སྐྲུན་ལ་བརྟེན་ནས་དབུལ་ཐར་ལ་སྐུལ་འདེད་གཏོང་རྒྱུ་དེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཏུ་འཇོག་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས། ཡུལ་གཞན་དུ་གནས་སྤོ་བྱེད་པའི་ས་ཚིགས་སོགས་སུ་གཞི་རིམ་གྱི་ཏང་རྩ་འཛུགས་བཙུགས་ནས། ནུས་མེད་ཀྱི་ཏང་རྩ་འཛུགས་རྣམས་དག་ཐེར་བཅོས་སྒྲིག་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི“འགན་འཁྲི་གཅིག་ལྕོགས་སུ་འཁུར་བ”ཁྱབ་གདལ་དུ་གཏོང་བ་དང་། སྡེ་བར་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་གཏོང་བ་ཇེ་མགྱོགས་སུ་བཏང་ནས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་སྒྲུབ་ནུས་པ་དང་སྒྲུབ་འདོད་ཡོད་པའི་འཇོན་ཐང་ཅན་གྱི་མི་སྣ་ཇེ་མང་དུ་གཏོང་དགོས། སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་ཕྱུག་འགྱུར་ལ་སྣེ་ཁྲིད་དང་ཕྱུག་འགྱུར་ལ་རོགས་རམ་བྱེད་པའི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཤིང་།  སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་གྲོང་གསེབ་བཅོས་སྐྱོང་ལ་མགོ་ཁྲིད་བྱེད་པའི་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་རྣམས་གྲོང་གསེབ་དར་སྤེལ་གཏོང་བའི་ནང་ཞུགས་པའི་ཐབས་ལམ་སྔར་ལས་ཇེ་བདེར་གཏོང་བ་བཅས་བྱེད་དགོས་པར་མ་ཟད། ཏང་རྩ་འཛུགས་གང་ཅིའི་ཐད་ནས་ཉམས་སད་ཐེག་ཐུབ་པ་ཞིག་དང་། མཚན་སྙན་གྲགས་ལྡན་པ་ཞིག་བྱས་ཏེ། ཏང་གི་དབུལ་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་བྱེད་ཐབས། དབུལ་སྐྱོར་ཆ་འཕྲིན་བཅས་ཁྱིམ་ཚང་དུ་འབྱོར་ཐུབ་པ་བཅས་བྱས་ནས། ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་དངོས་གནས་དབུལ་ཕོངས་ཁྱིམ་ཚང་རེ་རེར་ཁྱབ་ཅིང་ཁེབས་པར་བྱེད་དགོས་ཤིང་། ཏང་འཛུགས་སྐྲུན་གྱིས་དབུལ་ཐར་མཁྲེགས་གཏོར་ལ་སྣེ་ཁྲིད་པའི་རྣམ་པ་ཞིག་ཕྱོགས་ཡོངས་ནས་ཆགས་པར་བྱེད་དགོས།

དཀའ་ངལ་གདོང་གིས་བསུས་ནས“བསྐྱོད”དགོས། ཇི་ལྟར་གནད་འགག་གི་དུས་སྐབས་སུ་སླེབས་ན་དེ་ལྟར་སྟོབས་ཤུགས་འབུལ་དགོས། དབུལ་སྐྱོར་ཐོན་ལས་དང་། ལས་ཞུགས། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་སོགས་འཕེལ་རྒྱས་གཏོང་བའི་གནད་དོན་དེ་སྔར་བཞིན་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་ཞིག་ཏུ་གྱུར་ཡོད། རིགས་འདྲ་མིན་གྱི་ལས་གཞིའི་མ་དངུལ་རྣམས་གཅིག་བསྡུས་བྱས་ཏེ། ཕན་འབྲས་འདོན་སྤེལ་བྱེད་དགོས་པ་དང་། ཚད་མཐོན་པོའི་སྒོ་ནས་ཏང་གི་འཛུགས་སྐྲུན་དམ་འཛིན་དང་དབུལ་ཐར་ལ་སྐུལ་འདེད་བྱེད་པའི་ཐད་མ་དངུལ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་འཛུགས་སྐྲུན་གྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་ཆེད་དུ་མཐུན་རྐྱེན་རྨང་གཞི་ཡག་པོ་ཞིག་འདིང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དབུལ་སྐྱོར་བྱ་བར་དམིགས་ནས་དབུལ་ཐར་མཁྲེགས་གཏོར་བཀོད་འདོམས་པུའུ་དང་དབུལ་ཐར་བྱ་བའི་ས་ཚིགས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། ཏང་ཡོན་གྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱེད་པ་དང་། ཧུར་ཐག་གིས “ཏང་འཛུགས་སྐྲུན། གནད་ཁེལ་དབུལ་སྐྱོར”དང “ཏང་ཀྲི་པུའུ། སྣེ་ཁྲིད་མཁན། དབུལ་ཕོངས་ཁྱིམ་ཚང”དང “ཏང་ཀྲི་པུའུ། ཐོན་ལས་རྟེན་གཞི། མཉམ་ལས་ཁང་། དབུལ་ཕོངས་ཁྱིམ་ཚང”སོགས་བྱ་བའི་དཔེ་དབྱིབས་ཀྱི་བྱེད་སྟངས་ཅི་རིགས་ལེགས་པར་འཚོལ་ཞིབ་བྱེད་དགོས་པ་དང་། དེ་ནས་ཏང་གི་འཛུགས་སྐྲུན་གྱི་ཐོན་ཁུངས་གང་ལེགས་ཀྱིས་བེད་སྤྱོད་བྱས་ཏེ། རོང་འབྲོག་ཁུལ་གྱི་ཏང་ཡོན་གྱི་ལས་སྐྲུན་གསར་འབྱེད་ལ་སྐུལ་འདེད་གཏོང་དགོས་ལ། སྟོབས་ཤུགས་ཡོད་རྒུས་ཏང་ཡོན་གྱི་གདོང་ལེན་པ་སྐོར་ཞིག་སྐྱེད་བསྲིང་བྱེད་ཅི་ཐུབ་བྱེད་དགོས་པ་དང་། སྡེ་བ་གཅིག་ལ་སྣེ་ཁྲིད་དང་། “སྔོན་ཐོན་གྱིས་རྗེས་ལུས་ལ་སྐུལ་འདེད་དང་། རྗེས་ལུས་ཀྱིས་སྔོན་ཐོན་ཚོའི་རྗེས་ཆོད་པར་བྱེད”པའི་རྣམ་པ་ཞིག་ཆགས་པར་བརྩོན་དགོས།

ཕུ་ཐུང་བརྫེས་ནས་འབད་པས“བསྒྲུབ”དགོས། ཏང་ཨུ་ཡིས་ཏང་གི་འཛུགས་སྐྲུན་དམ་འཛིན་བྱེད་པའི་འདུ་ཤེས་གཙོ་བོར་སྔར་ལས་ཤུགས་བསྣན་ནས། མགོ་ཁྲིད་དང་པོས་དངོས་སུ་འཛིན་པ་རྒྱུན་འཁྱོངས་དང་། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན། རིམ་པ་བཞིན་དངོས་འབེབས་དོན་འཁྱོལ་ཡོང་བ་དམ་འཛིན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཐད་ཏང་འཛུགས་སྐྲུན་གྱི་བྱ་བའི་ནུས་པ་འདོན་སྤེལ་བྱས་ནས་ཏང་འཛུགས་སྐྲུན་གྱི་དབུལ་སྐྱོར་གྱི་རྣམ་པ་ཆེན་པོ་ཞིག་སྐྲུན་དགོས། ཏང་གི་འཛུགས་སྐྲུན་དམ་འཛིན་བྱས་པ་ལ་བརྟེན་ནས་དབུལ་ཐར་ལ་སྐུལ་འདེད་གཏོང་རྒྱུ་དེ་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་གི་དམིགས་འབེན་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩི་རྒྱུ་དང་། ཏང་འཛུགས་སྐྲུན་གྱི་དབུལ་སྐྱོར་བྱ་བའི་གྲུབ་འབྲས་དེ་ལས་བྱེད་པ་གདམ་གསེས་བྱེད་པ་དང་ཕུལ་བྱུང་དཔྱད་འདེམས་གཟེངས་བསྟོད་ཀྱི་ཚད་གཞི་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཕྱོགས་དང་པོ་རུ་ལས་བྱེད་པའི་ཤེས་རྟོགས་དང་བཟང་ངན་དབྱེ་འབྱེད་གང་ལེགས་བྱེད་པ་གཙོ་བོར་བཟུང་ནས། ལས་བྱེད་པར་ཚོད་བགམ་དང་སྦྱོང་བརྡར་ལེགས་པོ་བྱེད་དགོས་ཤིང་། ལས་བྱེད་པ་འཇོན་ནུས་ཅན་གོ་གནས་སྤར་བ་དང་བཀོལ་སྤྱོད་བྱེད་དགོས། རོགས་སྐྱོར་གྱི་ནང་རྐྱེན་བཙུགས་ཏེ། ཏང་ཡོན་གྱིས་དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ས་ཁོངས་གཙོ་བོར་དམིགས་ནས། རོགས་སྐྱོར་ཆ་སྒྲིག་གི་ལམ་སྲོལ་བཙུགས་པ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་འཛུགས་སྐྲུན་གྱི་དཔེ་དབྱིབས་བྱེད་སྟངས་གསར་པ་ཧུར་ཐག་གིས་གསར་སྐྲུན་བྱས་ནས། ལས་གཞིའི་དབུལ་སྐྱོར་དང་ཏང་འཛུགས་སྐྲུན་གྱི་བྱ་བ་ཕན་ཚུན་ཟུང་འབྲེལ་དམ་པོ་བྱེད་དགོས་པ་དང་། ཆ་རྐྱེན་དང་མཐུན་པའི་སྣེ་ཁྲིད་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་ཏང་ཀྲི་པུའུ་ལ་རོགས་རམ་དང་སྐུལ་འདེད་བཏང་ནས། ལས་གཞིའི་དབུལ་སྐྱོར་བརྩོན་ལེན་བྱེད་པ་དེ་ཡུལ་གང་ཞིག་ཏུ་བསྒྲུབ་པའི་ཚེ་ན། ཏང་འཛུགས་སྐྲུན་གྱི་བྱ་བས་གནས་དེ་གར་ཞབས་འདེགས་བཟང་པོ་ཞུས་ནས། ཏང་འཛུགས་སྐྲུན་དང་དབུལ་སྐྱོར་གཉིས་ཀར་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།