རྒྱལ་ཁབ་དབུལ་ཐར་མཁྲེགས་གཏོར་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པའི་གནས་ཚུལ་ཕྱིར་ལན་སྤྲད།
2020.08.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

རྒྱལ་ཁབ་དབུལ་ཐར་མཁྲེགས་གཏོར་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་གུང་ཧོ་རྫོང་དང་རྩེ་ཁོག་རྫོང་དུ་དབུལ་ཐར་མཁྲེགས་གཏོར་གྱི་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ། ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར་ཟི་ལིང་དུ་ལྟ་ཞིབ་བསམ་འཆར་ཕྱིར་ལན་སྤྲོད་པའི་ཚོགས་འདུ་འཚོགས་པ་དང་། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཁྲུན་ལེང་གིས་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་ཕྱིར་ལན་སྤྲད་ཅིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད་གནང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་སེང་ཞུས་ཤིང་། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡན་ཞའོ་ཧོས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཐིན་ཅཱ་ཚའེ་དང་ཝང་ཡུས་ཡན། ཡུས་ཚུང་ལི་བཅས་ཚོགས་འདུར་ཞུགས།

ལིས་ཁྲུན་ལེང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་ཚིས་བཟོ་སྐྲུན་ཨང་དང་པོར་བརྩིས་ནས་དམ་འཛིན་ནན་མོ་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་འཁུར་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་གསར་པ་ཧུར་ཐག་གིས་སེལ་ཏེ། ལས་ཐོན་སླར་གསོ་དང་དངོས་འཛིན་དངོས་སྒྲུབ། མཁྲེགས་གཏོར་དཀའ་སེལ་བཅས་བྱས་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་དག་ཐེར་ཡོ་བསྲང་གཟབ་ནན་དང་ཞིབ་ཚགས་ངང་དམ་འཛིན་ལེགས་པོ་བྱས་ནས། དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་སྙིང་སྟོབས་འཕེལ་བར་བྱས་ཡོད་ལ། དབུལ་ཐར་མཁྲེགས་གཏོར་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། དབུལ་ཕོངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་དང་། བདེ་འཇགས་ཀྱི་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པར་མ་ཟད། དེ་དང་བསྟུན་ནས་འདྲ་བཤུས་བྱ་ཆོག་ལ་ཁྱབ་གདལ་བཏང་ཆོག་པའི་དཔེ་མཚོན་ཉམས་མྱོང་དང་། དེ་བཞིན་ཁྱད་ལྡན་བྱ་ཐབས་དང་རྐྱེན་སྲོལ་དཔེ་དབྱིབས་འབོར་ཆེན་ཞིག་གྲུབ་ཡོད་པ་རེད།

ལིས་ཁྲུན་ལེང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུའི་ལོ་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་ད་དུང་ཧེ་བག་དང་ཞན་ཆ་ཁ་ཤས་གནས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་སྔར་ལས་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་པོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། ངར་ཤུགས་གཅིག་སྒྲིམ་དང་ངར་ཤུགས་གང་ཡོད་རྩལ་དུ་བཏོན་ནས་མཁྲེགས་གཏོར་དམག་འཐབ་ལ་ཞུགས་ཏེ། བློ་སྟོབས་དེ་བས་ཆེ་བ་དང་ཆོད་སེམས་དེ་བས་བརྟན་པ། ངར་ཤུགས་དེ་བས་ཆེ་བ་བཅས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བསྟན་དོན། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ལས་དོན་གཏིང་ཟབ་ཅིང་ཞིབ་ཚགས་ཡིན་པ་དང་ཕྱིར་ལྡོག་བསམ་འཆར་ཁྱོན་ཡོངས་དང་དོན་དངོས་དང་མཐུན་པས། དེ་ནི་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་མཛུབ་སྟོན་གལ་ཆེན་དང་སྐུལ་འདེད་ནུས་ལྡན་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམ་བཅའ་མཐའ་གཅིག་ཏུ་ལག་བསྟར་བྱ་དགོས། གྲུབ་འབྲས་ལ་ལུགས་མཐུན་གྱི་ལྟ་སྟངས་འཛིན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཡག་པོ་བརྒྱབ་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་སྐྱོར་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་འདིར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་དགོས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་གྲུབ་འབྲས་ཅི་ཙམ་ཆེ་བའི་ཕྱོགས་སུ་འཕེལ་ན་དེ་ཙམ་གྱིས་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུ་རྩིས་སྤྲོད་ཀྱི་དགོས་གཏུགས་བསམ་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏང་དགོས། རྩོད་སྒྲུབ་ཀྱི་སྒོ་ནས་གནད་དོན་ལ་ལྟ་སྟངས་འཛིན་པ་དང་། འཕེལ་རྒྱས་ནི་རྒྱུན་ཆད་མེད་པར་གནད་དོན་ལ་ཐུག་པ་དང་། གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཞིག་ཡིན། མིག་སྔར་དམ་འཛིན་ཡག་པོ་དང་ཕུགས་ལ་དམིགས་པ། “འགག་རྩ”དམ་འཛིན་བཅས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་ལས་འགན་དང་ལྷུ་ཚིགས་ཞན་ས། མངོན་གསལ་དོད་པའི་གནད་དོན་བཅས་ལ་དམིགས་ནས་མུ་མཐུད་ཤུགས་སྣོན་དགོས། འགན་འཁྲི་དོན་འཁྱོལ་དང་བྱ་བ་ཞིབ་རྒྱས། ཕན་འབྲས་དོན་འཁྱོལ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། དག་ཐེར་ཡོ་བསྲང་དམ་འཛིན་ནན་ཏན་དང་ཚད་གཞི་དང་རེའུ་མིག་བསྡུར་བ། རང་འགུལ་གྱིས་ཕྱིར་ལྡོག་གནད་དོན་ངོས་འཛིན་རྩིས་ལེན་བཅས་བྱེད་དགོས། “གནད་ཁེལ”ལ་དམིགས་ནས་དམིགས་སའི་རང་བཞིན་གྱི་དག་ཐེར་ཡོ་བསྲང་བྱེད་ཐབས་ཞིབ་རྒྱས་ཅན་དང་གཟབ་ནན་ཅན་དུ་བཏང་སྟེ། གཟབ་ནན་དང་བདེན་པ་བདེན་དྲང་གི་སྤྱོད་ཚུལ་ལ་བརྟེན་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་། གནད་དོན་མཐིལ་རྟོགས་ཀྱིས་ཐག་གཅོད་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་སྤུས་ཚད་ཏན་ཏིག་གིས་ཇེ་མཐོར་གཏོང་དགོས། ཚད་ལྡན་གྱི་རྒྱུགས་ལན་སྤྲོད་དགོས་པ་དང་། ལྟ་སྐུལ་ཞིབ་བཤེར་བྱས་འབྲས་བཀོལ་སྤྱོད་དང་རྒྱ་སྐྱེད་དུ་གཏོང་དགོས། ད་ལྟ་སྒྲུབ་བཞིན་པའི་བྱ་བ་སྣ་ཚོགས་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་དམ་འཛིན་དང་ཞན་ཆ་གསབ་པ། དྲག་ཞན་མཉམ་འཛིན། སྐྱོན་ཆ་སེལ་བ་བཅས་བྱས་ཏེ། བརྟན་འཇགས་དབུལ་ཐར་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ལོ་ཙཱ།སྒྲོལ་མ་སྐྱིད།