རང་ཞིང་གིས་ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
2020.08.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

2019ལོར་རང་ཞིང་ནི་རྒྱལ་ཁབ་ཀྱིས་དཔྱད་ཞིབ་བྱས་པའི་ས་ངོས་ཆུ19ཡི་བཅད་ངོས་ཆུ་སྤུས་ལ་ལྟ་ཞིབ་དང་ཚད་བླངས་པ་ཁྱོན་ཡོངས་ནས་ཚད་ཐིག་ཏུ་སླེབས་པའི་ཁྲོད་ཚུད་པ་དང་། ཆུ་སྤུས་ལེགས་པའི་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་བདུན་ཡིན་པས། རྒྱལ་ཁབ་ཀྱི་བླང་བྱ་ལས་བརྒྱ་ཆའི་ལྔ་གྲངས་ཆུང་གཉིས་ཀྱིས་མཐོ་བ་དང་། ཆུ་སྤུས་མི་ལེགས་པའི་རིགསⅤཀྱི་བཅད་ངོས་བསྡུར་ཚད0ཡིན་པས། རྒྱལ་ཁབ་དང་རང་ཞིང་གི་གཏན་འབེབས་དམིགས་ཚད་ལ་སླེབས། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་བཀག་དངོས་མཐའ་གཅིག་ཏུ་སྲ་བརྟན་དུ་གཏོང་བའི་འགན་འཁྲི་ཕྲག་ཏུ་བླངས་ཤིང། “གཙང་ཆབ་ལྷུང་ལྷུང་ཤར་དུ་བཞུར་བ”ཡི་ཆབ་སྲིད་ལས་འགན་ཁག་ཐེག་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཆུའི་ཁོར་ཡུག་སྤུས་ཀ་མངོན་གསལ་གྱིས་ཇེ་ལེགས་སུ་གྱུར་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་མུ་མཐུད་དུ་ཇེ་མཐོར་བཏང་།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་ལ། རང་ཞིང་གིས་ཀྲུང་དབྱང་དང་། ཞིང་ཆེན་རིམ་པའི་ཆུའི་སྦགས་བཙོག་འགོག་བཅོས་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་བྱེ་བ་གསུམ་ལྷག་བཀོལ་ཏེ། ཞིང་ཆེན་ཡོངས་ཀྱི་བཞུར་ཁོངས་ཀྱི་ཆུའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་དང་། ཆུ་དང་མཚེའུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་། གཙོ་གནད་མཚེའུ་དང་ཆུ་མཛོད་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་སོགས་ཀྱི་རིགས་ཆེན་པོ་བརྒྱད་དང་ལས་གཞི་བརྒྱ་དང་སོ་གཉིས་བཀོད་སྒྲིག་ལག་བསྟར་བྱས་ཏེ། བཞུར་ཁོངས་ཀྱི་ཆུ་སྤུས་མུ་མཐུད་དུ་ལེགས་བསྒྱུར་དང་མུ་མཐུད་དུ་བཟང་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱས།

འཐུང་ཆུའི་མགོ་ཁུངས་སྲུང་སྐྱོང་བྱེད་པའི་འགག་སྒྲོལ་འཐབ་འཛིང་མུ་མཐུད་དུ་ལེགས་པོར་བརྒྱབ་སྟེ། 2019ལོའི་རྫོང་རིམ་པའི་འཐུང་ཆུའི་ཆུ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཆེད་དོན་འགུལ་སྐྱོད་ལ་ནན་ཏན་སྒོས་སྐུལ་འདེད་བཏང་ཞིང། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི“ཏུན་སྟོང་མི་ཁྲི”ཡི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁོངས་མཐའ་གསལ་རྟོག་ཞིབ་ཧུར་ཐག་སྒོས་རྩ་འཛུགས་བྱས་ཏེ་སྤེལ་ཞིང་། ས་གནས་དང་། རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞི་ཡི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁོངས་ཚད་ལྡན་ཅན་འཛུགས་སྐྲུན་དང་། དོ་དམ་ཁྱོན་ཡོངས་ལ་ཁེབས་པའི་ཚོད་ལྟའི་བྱ་བ་རྩ་འཛུགས་བྱས་ཏེ། ནག་ཅིང་དྲི་ངན་འཐུལ་བའི་ཆུ་ངོས་བཅོས་སྐྱོང་གི་འགག་སྒྲོལ་འཐབ་འཛིང་མུ་མཐུད་དུ་ལེགས་པོར་རྒྱག་པ་དང་། ཆུ་དང་མཚེའུའི“རྙོག་དྲ་བཞི་གཙང་སེལ”བྱེད་པའི་ཆེད་དོན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། ཆུ་ཁོངས་འགྲམ་རྒྱུད་བདག་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་སྐྱེ་ཁམས་སླར་གསོ་སོགས་གཙོ་གནད་ལས་འགན་ལག་བསྟར་བྱེད་པར་མཐུན་སྦྱོར་སྐུལ་འདེད་བཏང་ནས། ཆུ་དང་མཚེའུའི་རྣམ་པ་མུ་མཐུད་དུ་ལེགས་བསྒྱུར་བྱས།

དེ་རིང་། གཙང་གསུམ་འབྱུང་ཡུལ་གྱི་དཀྱིལ་སྙིང་ལྟེ་བའམ་ཡང་ན་རྨ་ཆུའི་མགོ་ཁུངས་གང་ཡིན་ཡང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཤིག་མིའི་སེམས་ཀྱི་ཟབ་སར་ཟུག་ཡོད་ཅིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་ནི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད། སྲིད་གཞུང་གི་བྱ་སྤྱོད་ནས་མང་ཚོགས་ཟབ་ཞུགས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱེད་མགོ་ཚུགས་པར་ཕན་ཐོགས་ཤིང་། འབྲོག་པ་མང་པོ་ཞིག་གིས་འུར་ཆ་བསྐྱུར་ཏེ་ཐོབ་ཐང་བརྗེས་པ་དང་། སྔོན་ཆད་ཀྱི་རྩྭ་ས་བེད་སྤྱོད་མཁན་ནས་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཁ་ཤོ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་རྫ་སྐྱ་སྡེ་བའི་འབྲོག་པ་ཞིག་ཡིན་ལ། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཀྱང་ཡིན་པས་ལོ་ངོ་མང་པོར་རྨ་ཆུའི་འགྲམ་རྒྱུད་དུ་སྐོར་སྲུང་བྱ་བ་བསྒྲུབས། ཁོས་བཤད་རྒྱུར། རྨ་ཆུ་ནི་བདག་གི་ཉེ་འགྲམ་ནས་བཞུར་གྱིན་ཡོད་ལ་ང་ཚོའི་མ་ཡུམ་དང་འདྲ་ཞིང་། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་པ་བདག་གིས་དངོས་སུ་མཐོང་ཟེར།

མཚོ་སྔོན་ནི་རྨ་ཆུའི་འབྱུང་ཡུལ་ཡིན་ཞིང་། མངའ་ཁོངས་ཀྱི་ཆུ་ལག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་དང་དྲུག་བརྒྱ་གོ་བཞི་ཡོད་པ་དང་། བཞུར་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་ལྔ་ལྷག་ཡོད་ལ། ཞིང་ཆེན་ནང་ཁུལ་གྱི་རྫོང་དང་ཆུས་སུམ་ཅུ་ལ་ཁྱབ་ཡོད་ཅིང་། ལོ་རེར་རྨ་ཆུའི་སྨད་རྒྱུད་དུ་ཆུ་མགོའི་ཆུ་མུས་གྲུ་བཞི་མ་ཐེར་ཆེན་གཉིས་ཐེར་འབུམ་དྲུག་དུང་ཕྱུར་བཞི་ལྷག་སྐྱེལ་བཞིན་ཡོད་ཅིང་། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་ཀྱིས་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་ཞེ་དགུ་ལྷག་ཟིན་ཡོད་པས། རྨ་ཆུའི་བཞུར་ཁོངས་ཡོངས་ལ་ཕན་ཐོགས་སྐྲུན་ཡོད།

རྨ་ཆུའི་བཞུར་ཁོངས་སྲུང་སྐྱོབ་དང་། སྔོ་ཁེབས་འདེབས་འཛུགས། རྩྭའི་ཐོན་ཚད་འཕར་བ། སྐྱེ་ཁམས་སྲུང་སྐྱོང་བཅས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། རྩྭ་སའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། སོར་ཆུད་སྐྱེ་འཕེལ་ཡོང་ཆེད། རང་ཞིང་གིས་ཧུར་ཐག་སྒོས་བྱེད་ཐབས་སྤྱད་དེ། རྩྭ་སའི་སྲུང་སྐྱོབ་ལ་སྐུལ་འདེད་བཏང་། དེའི་རྗེས་སུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་བརྩམས་ཤིང་། རང་ཞིང་གིས་གནས་ཚུལ་དངོས་ལ་རྐང་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་། “ཁྱིམ་རེར་ལས་རྐང་གཅིག་རེ”ཡི་སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་འཚོལ་ཞིབ་བྱས་ཤིང་། འབྲོག་པ་ཁྲི་ལྷག་རང་འགུལ་ངང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་ཁྲོད་ཞུགས་པ་དེས་ཀྱང་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྟོབས་ཤུགས་བསྣན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ། གསར་འགོད་པས་འབྲོག་པ་བསོད་བསོད་མཐོང་སྐབས། ཁོའི་ལུས་ལ“སྐྱེ་ཁམས་བདག་སྐྱོང་པ”ཞེས་པའི་ཡིག་འབྲུ་བྲིས་ཡོད་པའི་སྟོད་གོས་ཤིག་གྱོན་ཡོད་ཅིང་། ཆུ་འགྲམ་དུ་སྐོར་བསྐྱོད་བྱེད་བཞིན་ཡོད་ལ། ལག་ཏུ་གད་སྙིགས་ཁུག་མ་ནག་པོ་ཞིག་ཐོགས་ཤིང་། ཆུ་འགྲམ་གྱི་གད་སྙིགས་འགྲོ་ཞོར་འཐུ་ཞོར་བྱེད་ཀྱིན་ཡོད། “2012ལོར་ང་རང་དངོས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པར་གྱུར། རྒྱལ་ཁབ་དང་ཞིང་ཆེན་གྱིས་སྐྱེ་ཁམས་ལ་སྟོབས་ཤུགས་ཆེན་པོས་མ་དངུལ་བཏང་བ་དེས། ས་དེའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་བཟང་ཕྱོགས་སུ་སྐྱོད་བཞིན་ཡོད་ལ། མང་ཚོགས་ཀྱི་ཁོར་སྲུང་འདུ་ཤེས་ཀྱང་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད”ཅེས་བསོད་བསོད་ཀྱིས་དེ་ལྟར་བཤད།

ཆུ་ལམ་དྭངས་གཙང་བཟོ་བ་ནི། རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བདག་སྐྱོང་པའི་དུས་རྒྱུན་གྱི་བྱ་བ་གལ་ཆེན་ཞིག་ཡིན། སྐྱེ་ཁམས་བདག་སྐྱོང་པ་རྣམས་ཀྱིས་ཕྱི་ལ་འགྲོ་སྐབས་གད་སྙིགས་ཁུག་མ་བཟུང་ནས་འགྲོ་བཞིན་ཡོད་ཅིང་། ཉིན་རེར་ཕྱིར་སྡེ་བར་ལོག་སྐབས“ཡོད་ཚད་ཁ་བཀང་ནས་ལོག”བཞིན་ཡོད། བསོད་བསོད་ཀྱིས་བཤད་རྒྱུར། “ལོ་འདི་འགར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་སྟེ་གད་སྙིགས་ཕྱིར་སྡུད་ས་ཚིགས་བཙུགས། ཐག་ཉེ་དང་སྟབས་བདེའི་རྩ་དོན་ལྟར། གད་སྙིགས་རྣམས་གད་སྙིགས་ཕྱིར་སྡུད་ས་ཚིགས་སུ་འཕངས་པ་དང་། དེ་ནས་ཞང་དང་གྲོང་རྡལ་སྲིད་གཞུང་གིས་དུས་ལྟར་གད་སྙིགས་དབོར་འདྲེན་རླངས་འཁོར་བཀོད་སྒྲིག་བྱས་ཏེ། གད་སྙིགས་ཡོངས་རྫོགས་རྫོང་མཁར་གྱི་གད་སྙིགས་གཙང་སེལ་བཟོ་གྲྭར་བསྐྱལ་ནས་གནོད་མེད་ཐག་གཅོད་བྱེད་ཀྱིན་ཡོད། སྡེ་བ་སོ་སོས་ཀྱང་དུས་རྒྱུན་མང་ཚོགས་རྩ་འཛུགས་བྱས་ཏེ་ཆུ་འགྲམ་གྱི་གད་སྙིགས་བཏུས་ཤིང་། རིགས་དབྱེ་སྟེ་ཐག་གཅོད་ཕྱིར་སྡུད་བྱས་ནས་ཆུ་འགྲམ་གྱི་ཁོར་ཡུག་གཙང་བསྒྱུར་བྱས།”

བསོད་ནམས་རིན་ཆེན་ནི་ཆུ་དམར་ལེབ་རྫོང་གི་འབྲོག་པ་ཞིག་ཡིན་ཞིང་། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་བདག་སྐྱོང་པར་གྱུར་རྗེས། ཁོས་ས་ཁོངས་ནང་གི་ཉིན་རྒྱུན་གྱི་སྐོར་སྲུང་དང་། གད་སྙིགས་གཙང་སེལ། ལྟ་སྐུལ་ཁྲིམས་འཛིན་རོགས་སྐྱོར། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་འགན་ཕྲག་ཏུ་བླངས་པས་ལོ་ཧྲིལ་པོར་ཁོམ་ལོང་ཞིག་མེད། མཚམས་ལན་རེར་རྐང་པ་སྐྲངས་ནས་ལྷམ་ཡང་འཕུད་མི་ཐུབ་མོད། འོན་ཀྱང་འཁང་རའི་ཚིག་གཅིག་ཀྱང་བཤད་མ་མྱོང་།

དོན་དངོས་སུ། སྐྱེ་ཁམས་བདག་སྐྱོང་པ་འདི་དག་ཉིན་རེར་སྤྱི་ལེ་བཅུ་ལྷག་ལ་འགྲོ་བཞིན་ཡོད་ཅིང་། སྐོར་སྲུང་གི་ས་ཁོངས་ཀྱང་ཤིན་ཏུ་རྒྱ་ཆེ། ཁོ་ཚོ་རྟར་ཞོན་པའམ་ཡང་ན་རྐང་ཐང་དུ་འགྲོ་བཞིན་ཡོད་ལ། ཉིན་གུང་གི་ཟ་མ་རྩམ་པ་དང་ཤ་སྐམ་འགའ་ཡིན་མོད། འོན་ཀྱང་ཁོ་ཚོ་རྒྱུན་དུ་རི་ཆུ་ལ་ནམ་ཡང་ཞེན་པ་ལོག་མ་མྱོང་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རང་གི་ནུས་ཚོད་ཀྱིས་བཞག་པའི་གྲུབ་འབྲས་དེ་ལོངས་སྤྱོད་བྱེད་བཞིན་ཡོད།

ད་ལྟའི་བར་དུ། རྨ་ཆུར་བརྟེན་ནས་འཚོ་བའི་མི་རྣམས་ཀྱིས་དྭངས་གཙང་ཆུ་བོའི་ཕན་ཁེ་ལོངས་སུ་སྤྱོད་བཞིན་ཡོད་མོད། འོན་ཀྱང་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་རེ་རེས་གྲང་ངར་ཆེ་བ་དང་དབྱང་དབུགས་དཀོན་པ། ལམ་ཐག་རིང་བ་བཅས་ལ་མི་འཛེམ་ཞིང་། གྲང་ངར་ཆེ་བའི་དགུན་ཁ་དང་ཚ་གདུག་ཆེ་བའི་དབྱར་ཁ། ཁ་བ་བུ་ཡུག་བཅས་ལའང་སྣང་དོགས་མེད། ཁོ་ཚོར་ཆོད་སེམས་ཤིག་ཡོད་པ་ནི། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་དྭངས་གཙང་གི་རྨ་ཆུ་སྲུང་སྐྱོབ་བྱེད་བཞིན། “གཙང་ཆབ་ལྷུང་ལྷུང་ཤར་དུ་བཞུར་བར”ཁག་ཐེག་བྱེད་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།