རྨ་ཆུའི་འགྲམ་དུ་དཔེ་ཀློག་དབྱངས་རྟ་ལྷང་ལྷང་གྲགས།
2020.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

 སྔོ་ལྗང་གི་རི་བོའི་འདབས་སུ་བ་ཡན་ཧ་རི་ནས་བརྒྱུད་ཡོང་བའི་རྨ་ཀླུང་སྔོན་མོ་ལྷོད་ཀྱིས་འབབ་ཅིང་། མགོ་ལོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་དུ་ཐོན་དུས་དཀྱོགས་མཚམས་ཆེན་པོ་ཞིག་བརྒྱུད་ཅིང་། རྨ་ཆུའི་ཁུག་པ་ཆེན་པོ་དེ་རུ་རྭ་རྒྱ་གྲོང་རྡལ་ཆགས་ཡོད།

རྭ་རྒྱ་གྲོང་རྡལ་བརྒྱུད་ནས་དུས་ཚོད་གཅིག་ལྷག་གི་ལམ་དུ་བསྐྱོད་ཚེ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་སླེབས་ཐུབ། མཚོ་ངོས་ཀྱི་མཐོ་ཚད་ལ་རྨིད་བཞི་སྟོང་ཡོད་པའི་རྫོང་མཁར་དུ་མགོ་ལོག་ས་ཆའི་མི་སུ་ལའང་ཆ་རྒྱུས་ཡོད་པའི་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ་དེ་ཡོད།

མཐོ་སྒང་གི་ཞོགས་པའི་ཉི་གཞོན་རི་རྩེ་ནས་ཤར་ཏེ་ཉི་འོད་ཀྱི་ཟེར་མ་ཕྲ་མོ་ཡངས་ཤིང་དཀར་ཆ་དོད་པའི་སློབ་ཁང་དུ་འཕྲོ་དུས། བྱིས་པ་རྣམས་ཀྱི་ཞོགས་པའི་དཔེ་ཀློག་གི་དབྱངས་རྟ་སྙན་མོ་དེ་མཐིང་མདོག་གི་ནམ་མཁའ་དང་གཞི་གཅིག་ཏུ་འདྲེས།

ལོ་རེའི་དབྱར་མགོ་མའི་དུས་སུ་རྨ་ཆེན་རྩྭ་ཐང་དུ་སྐལ་བཟང་མེ་ཏོག་རྣམ་པར་བཞད་ཅིང་མགོ་ལྕོག་ལྷག་ལྷག་ལྡེམ་པའི་ངང་ཚུལ་དེ་ནི་བྱིས་པ་རྣམས་ཀྱི་གདོང་གི་འཛུམ་མདངས་དང་ཀུན་ནས་མཚུངས།

སློབ་ཐུན་ཚོགས་པའི་དྲིལ་བརྡ་ལྷང་ལྷང་གྲགས་པ་དང་མཉམ་དུ་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་འཛིན་བདག་བན་ཁྲོན་ཞང་གིས་ལག་དུ་དཔེ་ཆ་བཟུང་ནས་ཁྲིད་སྟེགས་སུ་བུད་དེ་སློབ་ཁྲིད་བྱེད་མགོ་བརྩམས།

བཟང་གི ཞོལ་ནས་ང་ཚོས་དྲི་བའི་མགོ་རྩོམ་རྒྱུ་བྱེད། དྲིས་ལན་ཤེས་པའི་སློབ་གྲོགས་རྣམས་ཀྱིས་མྱུར་དུ་ལག་པ་ཡར་ཁྱོགས།

དགེ་རྒན་གྱིས་དེ་ལྟར་བཤད་ཚར་མ་ཐག  སློབ་མ་རྣམས་ཀྱིས་མྱུར་དུ་ལག་པ་ཡར་བཀྱགས་ཤིང་མིག་ཟུང་དུ་དྲིས་ལན་འདེབས་འདོད་ཀྱི་ཡིད་ཆེས་དང་རེ་བས་ཁེངས་འདུག

སྐབས་དེར་དགེ་རྒན་བན་ཁྲོན་ཞང་གིས་མགོ་བོ་ནང་དུ་ལྡེམ་ཙམ་བྱས་རྗེས་སུ་སློབ་ཁང་གི་དྲ་མའི་འགྲམ་གྱི་ཆེས་རྗེས་མའི་གྲལ་ཤར་ལ་བལྟས་ཏེ། སློབ་གྲོགས་ཀླུ་མོ་ཚེ་རིང་།  ཁྱོད་ཀྱིས་ཤེས་སམ་ཞེས་དྲི་བ་དྲིས།

དགེ་རྒན།  ངས་ཤེས་ལགས་ཞེས་སློབ་མ་ཀླུ་མོ་ཚེ་རིང་གིས་སྐད་གདངས་འདར་ཙམ་གྱིས་གྱིས་དགེ་རྒན་ལ་ལན་བཏབ་བྱུང་།

ཀླུ་མོ་ཚེ་རིང་ནི་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཡིན་ཞིང་། ད་ལོ་ལོ་ན་བཅུ་གསུམ་ཡིན་ནའང་མོའི་གཟུགས་གཞིའི་རིང་ཐུང་སོགས་སློབ་གྲོགས་གཞན་དང་བསྡུར་ན་ཅུང་ཆུང་ཙམ་ཡོད་དེ། རྒྱུ་མཚན་ནི་ཐོག་མར་སྐྱེས་དུས་ཟླ་ཁ་མ་གང་པར་སྐྱེས་པས་ཀླད་པའི་འཚར་སྐྱེ་མི་ལེགས་ཤིང་རྐང་ལག་ཞ་བོ་ཡིན་པས་འཚོ་བར་རང་རྐྱ་ཐུབ་ཀྱི་མེད།  སྔོན་ཆད་མོའི་ཨ་ཕ་བཀྲ་ཤིས་དོན་འགྲུབ་ཀྱིས་བྱིས་པ་དེ་རང་གི་གམ་དུ་བདེ་ཐང་གིས་འཚར་ལོངས་འབྱུང་ཐུབ་ན་ཆོག་པས་སློབ་གྲྭར་འགྲོ་རྒྱུའི་ཕྱོགས་ལ་བསམ་བློ་ཙམ་ཡང་གཏོང་མ་མྱོང་།

ལོ་ན་བཅུ་གཉིས་ཀྱི་སྔོན་དུ་ཀླུ་མོ་ཚེ་རིང་ནི་རང་གི་ཨ་མ་དང་མཉམ་དུ་ཕ་ཡུལ་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་བསྡད་ཡོད། མོའི་ཨ་ཕ་ནི་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ཞིང་། ཁོ་རང་རྒྱུན་དུ་སློབ་ཁྲིད་བྱ་བར་བྲེལ་བ་ཆེ་སྟབས་རང་གི་བྱིས་པ་ལ་བདག་སྐྱོང་དེ་འདྲའི་ལེགས་པོ་ཞིག་བྱེད་ཐུབ་ཀྱི་མེད། ཉིས་སྟོང་བཅུ་དགུ་ལོར་ཁོས་རང་གི་བྱིས་པ་རྨ་ཆེན་རྫོང་དུ་ཁྲིད་ཡོང་བ་དང་། བཀྲ་ཤིས་དོན་འགྲུབ་རྒྱུན་དུ་སློབ་ཆུང་གི་སྒོ་འགྲམ་བརྒྱུད་ནས་འགྲོ་ཐེངས་རེ་ལ་ལུས་པོ་བདེ་ཐང་ཡིན་པའི་བྱིས་པ་དེ་དག་དགའ་སྤྲོའི་རྩེད་མོ་རྩེ་བཞིན་སློབ་གྲྭར་འགྲོ་བའི་རྣམ་པ་དེ་མཐོང་དུས། ཁོས་རང་གི་བུ་མོ་ཀླུ་མོ་ཚེ་རིང་ཡང་སློབ་གྲྭར་བསྐྱལ་རྒྱུའི་སེམས་ཐག་བཅད།

ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཉིན་ཞིག་སྟེ། སློབ་གྲྭ་སློབ་མགོ་བརྩམས་ནས་གཟའ་འཁོར་གཅིག་འདས་པའི་སྐབས་སུ་བཀྲ་ཤིས་དོན་འགྲུབ་ཀྱིས་ཀླུ་མོ་ཚེ་རིང་ཁྲིད་ནས་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ་རུ་ཡོང་ནས་བུ་མོ་སློབ་གྲྭར་བསྡུ་མིན་ཐད་ཚོད་ལྟ་བྱས།

སྐབས་དེར་བཀྲ་ཤིས་དོན་འགྲུབ་ཀྱིས་ཐོག་དང་པོར་མཐོང་བའི་དགེ་རྒན་ནི་སློབ་གྲྭ་དེའི་སློབ་སྟོན་ཀྲུའུ་རིན་མེ་ཏོག་ཡིན་པ་དང་། ཀླུ་མོ་ཚེ་རིང་གི་གནས་ཚུལ་སྐོར་ལ་རྒྱུས་ལོན་གསལ་བོ་བྱས་རྗེས་སུ་དགེ་རྒན་མེ་ཏོག་གིས་བཀྲ་ཤིས་དོན་འགྲུབ་ལ་ཁྱོད་རང་སེམས་བདེ་མོའི་ངང་བུ་མོ་སློབ་གྲྭར་ཞོག་ཟེར། དགེ་རྒན་མེ་ཏོག་འགྲོ་ཁར་ད་དུང་ཀླུ་མོ་ཚེ་རིང་གི་མགོ་ལ་བྱིལ་བྱིལ་ཞིག་བྱེད་ཞོར་སེམས་བརྩེ་བའི་ངང་ནས་རྗེས་ཕྱོགས་ཁྱོད་རང་ང་དང་མཉམ་དུ་སློབ་ཁྲིད་ལ་ཞུགས་ཟེར།  ལོ་གཅིག་གི་ཡར་སྔོན་གྱི་དོན་དག་ལ་དེ་ལྟར་ཕྱིར་དྲན་བྱེད་དུས་བཀྲ་ཤིས་དོན་འགྲུབ་ཀྱི་མི་ཟུང་རང་དབང་མེད་པར་མཆི་མས་བརླན་བྱུང་།

སློབ་གྲྭ་དེས་ཀླུ་མོ་ཚེ་རིང་བསྡུ་ལེན་བྱས་རྗེས། སེམས་པར་དགའ་སྤྲོས་ཁེངས་པའི་བཀྲ་ཤིས་དོན་འགྲུབ་ལ་སེམས་ཁྲལ་སྣ་ཚོགས་ཤིག་ཀྱང་ཞོར་དུ་སྐྱེས་བྱུང་སྟེ། བུ་མོ་སྤྱོད་ཁང་དུ་འགྲོ་བར་ཇི་ལྟར་བྱེད། ལོ་རིམ་གཉིས་པའི་སློབ་ཚན་དག་ལ་གོ་བ་ལེན་ཐུབ་བམ། སློབ་གྲྭར་ཕར་འགྲོ་ཚུར་འོང་ཇི་ལྟར་བྱེད། དགེ་རྒན་གྱིས་མོ་ལ་བདག་སྐྱོང་བྱེད་སྲིད་དམ།

ཀླུ་མོ་ཚེ་རིང་ཐོག་མར་སློབ་གྲྭར་ཞུགས་སྐབས། ང་ཚོས་སློབ་མ་གཞན་དག་ལ་ཀླུ་མོ་ཚེ་རིང་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་ཁོ་མོས་ཡིད་ཆེས་ཆེ་རུ་གཏང་དགོས་ཞེས་སློབ་གསོ་བཏང་བ་ཡིན་ཞེས་དགེ་རྒན་བན་ཁྲོན་ཞང་གིས་གསར་འགོད་པར་བཤད། ཀླུ་མོ་ཚེ་རིང་ཐོག་མར་སློབ་གྲྭར་ཡོང་དུས། ཡར་ལངས་ཙམ་གྱིས་ལུས་ནས་རྔུལ་ཆུ་འབྱུང་ཞིང་སྐད་ཆ་ཡང་མགོ་མཇུག་ཚང་བ་ཞིག་བཤད་མི་ཐུབ། ཐ་ན་ཡི་གེ་གཅིག་འདྲི་བར་ཡང་སློབ་མ་གཞན་དང་བསྡུར་ན་དུས་ཚོད་རིང་བོ་ཞིག་དགོས་པ་དང་། ཡི་གེ་གཅིག་བྲིས་ནས་ཚར་དུས་ལུས་ཧྲིལ་བོ་རྔུལ་ཆུས་བརླན་ཡོད་ལ་དེ་མིན་ད་དུང་ཐོག་ཁང་ནས་མར་འབབ་པ་དང་སྤྱོད་ཁང་དུ་འགྲོ་བ་སོགས་ལའང་དཀའ་ཁག་ཆེན་པོ་ཡོད།

ཀླུ་མོ་ཚེ་རིང་གི་དམིགས་བསལ་གྱི་གནས་ཚུལ་ལ་གཞིགས་ནས་དགེ་རྒན་དང་སློབ་གྲོགས་རྣམས་ཀྱིས་ཧུར་བརྩོན་ཆེན་པོས་ཁོ་ལ་རོགས་རམ་བྱས་པ་དང་། ཁང་པའི་སྐས་སྟེགས་ལ་འགོ་དུས་གཞོགས་ནས་སྐྱོར་ཞིང་སློབ་གསེང་གི་དུས་སུ་རང་འགུལ་གྱིས་མོ་ལ་ཁ་བརྡ་བྱེད་པ་སོགས་གཅེས་སེམས་དང་འགན་འཁྲི་ཡོད་པའི་སྒོ་ནས་ཀླུ་མོ་ཚེ་རིང་ལ་རོགས་སྐྱོར་བྱས་པ་བརྒྱུད། ཡུན་གྱིས་བློ་སྟོབས་ཆུང་བའི་ཀླུ་མོ་ཚེ་རིང་ཡང་དྲི་བ་སྣ་ཚོགས་ལ་ལན་འདེབས་པར་གོམས་པར་གྱུར་ཅིང་། དོན་དག་མང་པོ་ཞིག་ཀྱང་མོ་རང་ཉིད་གཅིག་པུས་ཡོངས་འགྲུབ་བྱེད་ཐུབ་པར་མ་ཟད་སྦྱང་འབྲས་ཀྱང་རིམ་བཞིན་ཡར་ཐོན་བྱུང་།

ཀླུ་མོ་ཚེ་རིང་ལ་མཚོན་ན་དབྱིན་ཡིག་སྦྱང་བར་དགའ་ཞེན་ཆེན་པོ་ཡོད་པ་དང་དབྱིན་ཡིག་གི་ཁ་སྐད་འགྲན་སྡུར་གྱི་བྱ་འགུལ་ཁྲོད་འཛིན་གྲྭའི་ནང་གི་ཨང་དང་པོ་བླངས། ནམ་རྒྱུན་རྒྱུགས་ལེན་པའི་སྐབས་སུ་དབྱིན་ཡིག་གི་སྐར་གྲངས་དེ་བརྒྱད་ཅུ་ནས་དགུ་བཅུ་ལྷག་ལེན་གྱི་ཡོད་ཅེས་དགེ་རྒན་བན་ཁྲོན་ཞང་གིས་གསར་འགོད་པ་རྣམས་ལ་བཤད། ཟླ་བ་སྔོན་མར་འཛིན་གྲྭའི་སློབ་གྲོགས་རྣམས་ཀྱིས་མཉམ་དུ་མོའི་སྐྱེས་སྐར་བསུས་པས་ཀླུ་མོ་ཚེ་རིང་ལ་དགའ་བ་ཚད་མེད་སྐྱེས།

ད་ལོ་རིམས་ནད་ཀྱི་དབང་གིས་སློབ་གྲྭ་དེ་བཞི་བའི་ཚེས་གཅིག་ཉིན་སློབ་མགོ་བརྩམས་པ་རེད། སློབ་མགོ་མ་བརྩམས་པའི་ཡར་སྔོན་དུ་ཀླུ་མོ་ཚེ་རིང་གིས་ཉིན་རྒྱུན་དུ་མོའི་ཨ་ཕ་ལ་ཨ་ཕ་ལགས། ངའི་རྨི་ལམ་ནང་དུ་ཡང་སློབ་གྲྭར་འགྲོ་བ་རྨིས་བྱུང་། མྱུར་དུ་ང་རང་ཁྲིད་དང་སློབ་གྲྭར་འགྲོ་ཟེར་གྱི་འདུག མོས་ད་དུང་དགེ་རྒན་རྣམས་དང་མཉམ་དུ་ཡོད་པའི་སྐབས་ནི་ང་རང་ཆེས་སྐྱིད་པོ་ཡིན་པའི་དུས་སྐབས་རེད་ཟེར།

མི་རིགས་སློབ་ཆུང་དང་པོའི་སློབ་གཙོ་དང་དགེ་རྒན་རྣམས་ཀྱིས་ངའི་བྱིས་པར་འདི་ལྟར་བདག་སྐྱོང་བྱས་པར་བཀའ་དྲིན་ཞུ་དགོས་ཀྱི་ཡོད། སྔོན་ཆད་ཀྱི་ངའི་སེམས་ཁྲལ་དེ་དག་ཀྱང་ད་ལྟ་གཞི་ནས་མེད་པར་མ་ཟད་བྱིས་པའི་མ་འོངས་པར་རེ་བས་ཁེངས་ཡོད།  ལོ་ངོ་བཅུ་ཡི་རྗེས་སུ་ངའི་བུ་མོའི་ཡོད་ཚད་བདེ་ལེགས་ཡིན་ངེས་ཞེས་ཀླུ་མོ་ཚེ་རིང་གི་ཨ་ཕ་བཀྲ་ཤིས་དོན་འགྲུབ་ཀྱིས་བཤད།

གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོར་སྒྲོལ་མ་ཐོག་དང་པོར་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་ནང་ཡོང་བ་དང་། སྐབས་དེར་སློབ་གྲྭའི་ར་སྐོར་ནང་དུ་ཁང་ཤར་རེ་འགའ་དང་ལུས་རྩལ་ར་བ་ཆུང་ཆུང་ཞིག་ལས་ཅི་ཡང་མེད་ཅིང་། འདི་ནི་སྒྲོལ་མའི་མིག་ལམ་གྱི་སྐབས་དེའི་སློབ་གྲྭའི་རྣམ་པ་རེད།

ས་སྨྱུག་རྐང་གཅིག་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་ནས་སྨྱན་མང་གཟུགས་ལ་བརྟེན་ནས་སློབ་ཁྲིད་བྱེད་པའི་བར་དུ་ལོ་ངོ་སུམ་ཅུ་འདས་ཟིན་པ་དང་། སྒྲོལ་མ་ནི་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་ནང་དུ་བྱ་བའི་ལས་ཡུན་ཆེས་རིང་བའི་དགེ་རྒན་ཡིན་ཞིང་། རིམ་པ་བཞིན་མཐོ་སྒང་གི་སློབ་མ་མང་པོ་ཞིག་སྐྱེད་སྲིང་བྱས་ནས་སློབ་གྲྭའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བདེན་དཔང་བྱས།

རྨ་ཆེན་རྫོང་གི་མི་དམངས་ལ་མཚོན་ན་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ་ལ་ཕྱིར་དྲན་གྱི་བག་ཆགས་ཧ་ཅང་མཐུག

འདི་ནི་ང་ཚོའི་རྫོང་འདིར་མཚོན་ན་སློབ་ཆུང་ཐོག་མ་ཡིན་པ་དང་རྨ་ཆེན་རྫོང་མ་ཟད་རྫོང་ཁག་གཞན་དག་གི་མི་མང་པོ་ཞིག་ཀྱང་སློབ་ཆུང་འདི་ལ་ཞུགས་མྱོང་ཡོད་ཅེས་སྒྲོལ་མས་བཤད།

གཅིག་སྟོང་དགུ་བརྒྱ་ང་དགུ་ལོར་མིང་ལ་ཧོང་བེ་སློབ་ཆུང་ཟེར་བའི་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ་དངོས་སུ་བཙུགས་ཏེ་རྫོང་དེའི་སློབ་ཆུང་དང་པོར་གྱུར། སྐབས་དེར་སློབ་གྲྭ་ཡོངས་སུ་ས་ཁང་འགའ་དང་ས་སྟོང་ལྷག་མ་ཞིག་ལས་ཅི་ཡང་མེད། དེ་ནས་ལོ་གཉིས་འགོར་རྗེས་ཀྱི་ཟླ་དགུ་བའི་ནང་སློབ་ཆུང་དེ་རྟ་བོ་གྲོང་རྡལ་དུ་གནས་སྤར་ཞིང་། སྐབས་དེར་སློབ་མ་བཅུ་ཕྲག་འགའ་དང་དགེ་རྒན་གསུམ་བཞི་ཞིག་མ་གཏོགས་མེད་མོད། ཉིན་རྒྱུན་གྱི་ཞོགས་པ་རེ་རེར་དཔེ་ཀློག་གི་དབྱངས་རྟ་སྙན་མོ་ཞིག་ཕྱོགས་བཞིར་མཆེད་མགོ་བརྩམས།

ཐོག་མར་བྱ་བར་ཞུགས་པའི་སྐབས་སུ། འཛིན་གྲྭ་གཅིག་ལ་སློབ་མ་ཉི་ཤུ་ཙམ་དང་སློབ་གྲྭ་ཡོངས་ལ་སློབ་མ་སུམ་བརྒྱ་ཙམ་ལས་མེད། ཕྱི་རོལ་དུ་ཆར་ཆེན་འབབ་དུས་སློབ་ཁང་དུ་རང་ཤུགས་ཀྱི་ཆར་ཆུང་ཆུང་འབབ་ཀྱི་ཡོད་པ་དང་། ཕྱི་རོལ་ནས་ལུས་རྩལ་སློབ་ཐུན་ལ་ཞུགས་དུས་རླུང་ཆེན་ལྡང་བ་དང་ས་རྡུལ་ཆེ་བའི་དབང་གིས་ཆམ་པ་ཕོག་རྒྱུ་ནི་རྒྱུན་ལྡན་ཞིག་ཡིན། སྐབས་དེའི་རྨང་གཞིའི་སྒྲིག་ཆས་ནི་ཤིན་ཏུ་རྗེས་ལུས་ཡིན།

ཉིས་སྟོང་བདུན་ལོའི་རྗེས་སུ། དགེ་རྒན་གྱི་དཔུང་སྡེ་རིམ་བཞིན་ཇེ་ལེགས་སུ་སོང་བ་དང་སློབ་མའི་གྲངས་འབོར་ཡང་རིམ་གྱིས་འཕར་བར་མ་ཟད། སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་སྔར་བས་འཐུས་ཚང་དུ་སོང་བས་སྔོན་ཆད་ཀྱི་དཀའ་སྡུག་གི་ལོ་ཟླ་དེ་རིམ་བཞིན་མཇུག་རྫོགས། སློབ་གསོའི་ཆུ་ཚད་རིམ་བཞིན་མཐོར་འདེགས་བྱུང་བ་དང་བསྟུན་ནས་ད་ལྟ་ཕྱོགས་བསྡུས་ཐོག་ཁང་དང་དཔེ་མཛོད་ཁང་། ཚོད་ལྟའི་ཐོག་ཁང་། རྩལ་སྦྱོང་ར་བ་སོགས་ལས་གཞི་རེ་རེ་མུ་མཐུད་དུ་ལག་བསྟར་བྱས་པས་མི་རྣམས་ཀྱི་བག་ཆགས་ཁྲོད་ཀྱི་ཐབས་ཆག་གི་སློབ་ཆུང་དེར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

བཅར་འདྲིའི་ཁྲོད་དུ་གསར་འགོད་པས་ད་དུང་རྒྱུས་ལོན་བྱུང་བ་ནི་སློབ་གྲྭ་དེའི་ཁྱད་ཆོས་གཙོ་བོ་ཞིག་ནི་གཟའ་འཁོར་རེ་རེའི་གཟའ་པ་སངས་ཉིན་གྱི་ཕྱི་དྲོའི་སློབ་ཐུན་གཉིས་པ་རེད།

ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་གྲངས་རིག་དགེ་རྒན་དབང་མོ་ནི་སེམས་ཁམས་བློ་འདྲི་ཁང་གི་ཟུར་ཁྲིད་དགེ་རྒན་རེད། གཟའ་འཁོར་རེ་རེའི་གཟའ་པ་སངས་ཀྱི་ཕྱི་དྲོ། ཁོ་མོས་སེམས་ཁམས་བློ་འདྲི་ཁང་གི་སྒོ་ཕྱེས་པ་ན་བྱིས་པ་རྣམས་རོལ་རྩེད་ཁང་དུ་ཐོན་པ་ནང་བཞིན་སྤྲོ་སྐྱིད་ཀྱིས་ཁེངས་འདུག  ང་ཚོའི་བློ་འདྲིའི་ཁང་དུ་ཚོགས་པའི་བྱ་འགུལ་ཁང་དང་ཀློག་འདོན་ཁང་། ཡིད་ཉམས་ལྷོད་གཏོང་ཁང་སོགས་སྣ་ཚོགས་ཤིག་ཡོད་པས་བྱིས་པ་རྣམས་གནས་འདིར་ཡོང་རྒྱུར་ཤིན་ཏུ་དགའ་བོ་ཡོད། དུས་རྒྱུན་ངས་འདི་ནས་ཕ་མའི་གམ་ན་མེད་པའི་བྱིས་པ་རྣམས་ལ་སེམས་ཁམས་ཟུར་ཁྲིད་བྱེད་བཞིན་ཡོད་ཅེས་དགེ་རྒན་དབང་མོས་གསར་འགོད་པར་བཤད། ང་ཚོའི་སྤྲོ་སྣང་འཛིན་གྲྭའི་གཞི་རྒྱ་དེ་འདྲ་ཆེ་རྒྱུ་མེད་མོད་བསླབ་ཚན་བཀོད་སྒྲིག་བྱེད་སྟངས་སོགས་སྣ་མང་ཕུན་སུམ་ཚོགས་ཏེ། ཚན་རྩལ་དང་རི་མོ། གླུ་དབྱངས། རྩིས་འཁོར་སོགས་བསླབ་ཚན་བརྒྱད་ལྷག་ཡོད་ཅིང་བྱིས་པ་རྣམས་དེ་དག་རེ་རེ་ལ་འཇུག་པར་སྤྲོ་སྣང་ཧ་ཅང་ཆེན་པོ་ལྡན་ཞེས་དགེ་རྒན་དབང་མོས་བཤད།

མི་ཡུལ་དུ་ཆེས་མཛེས་སྡུག་ལྡན་པ་ནི་ཨ་མའི་འཛུམ་མདངས་ཡིན། ཡིན་ཡང་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་སློབ་མ་རྣམས་ཀྱི་མིག་ལམ་དུ་དགེ་རྒན་མེ་ཏོག་གི་འཛུམ་མདངས་དེ་རྣམ་པར་བཞད་ཡོད།

གཅིག་སྟོང་དགུ་བརྒྱ་དོན་བཞི་ལོར་སྐྱེས་པའི་དགེ་རྒན་མེ་ཏོག་ཐོག་དང་པོར་བྱ་བར་ཞུགས་པའི་སྐབས་དེར་རྨ་ཆེན་རྫོང་གི་ཞང་སྡེ་ཞིག་ཏུ་དགེ་རྒན་གྱི་ལས་ཀ་གཉེར་བ་དང་། ཉིས་སྟོང་ལོར་ཁོ་མོ་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོར་ལས་གནས་སྤར།  སྤྱིར་བཏང་གི་དགེ་རྒན་ཞིག་ནས་ད་ལྟའི་སློབ་སྟོན་ཀྲུའུ་རིན་གྱི་འགན་འཁུར་བའི་སྐབས་གང་ཞིག་ཡིན་ཡང་མོའི་སེམས་སུ་ཐོག་མཐའ་བར་གསུམ་དུ་སློབ་མ་ནི་གཙོ་བོར་བཟུང་ཡོད་པ་རེད། དེ་བས་སློབ་མ་རྣམས་ཀྱི་མིག་ལམ་དུ་ཁོ་མོ་ནི་གཅེས་སུ་འོས་པའི་ཨ་མ་མེ་ཏོག་ཡིན་ཞིང་། ས་གནས་དེའི་འབྲོག་པ་མང་ཚོགས་ཀྱི་སེམས་སུ་ཁོ་མོ་ནི་ཆེས་བློས་འཁེལ་ཆོག་པའི་དགེ་རྒན་བཟང་བོ་དེ་ཡིན།

བྱིས་པར་དགའ་ན་ད་གཟོད་སློབ་གསོར་དགའ། མེ་ཏོག་ནི་སློབ་སྟོན་ཀྲུའུ་རིན་ཡིན་ལ་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་གྲངས་རིག་དགེ་རྒན་ཡང་ཡིན། དང་ཐོག་ཀླུ་མོ་ཚེ་རིང་ཐོག་མར་སློབ་གྲྭར་ཞུགས་པའི་སྐབ་སུ་མེ་ཏོག་གིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་སྟེ། བྱིས་པ་ངའི་འཛིན་གྲྭའི་ནང་དུ་བཞག་ཚེ་ད་གཟོད་ངའི་ཡིད་སེམས་བདེ་ཐུབ་ཟེར།

དགེ་རྒན་མེ་ཏོག་གི་སེམས་ལ་བྱིས་པ་མང་པོ་ཞིག་བཅངས་ཡོད་ནའང་ཁོ་མོའི་སེམས་སུ་ཡང་ཡང་ཐོགས་བཞིན་པ་ནི་སྔར་བཞིན་ཀླུ་མོ་ཚེ་རིང་རེད། རྒྱུ་མཚན་ནི་ཀླུ་མོ་ཚེ་རིང་གི་ལུས་ཕུང་བདེ་ཐང་མིན་པས་ཡིན་ཞིང་། རྒྱུན་དུ་ཐོག་ཁང་གི་སྐས་རིམ་ནས་མར་འབབ་དུས་ཁོ་མོ་ཀླུ་མོ་ཚེ་རིང་གི་རྗེས་སུ་འདེད་པ་དང་གྲངས་རིག་སློབ་ཁྲིད་ཀྱི་སྐབས་སུ་ཀླུ་མོ་ཚེ་རིང་གིས་ཧ་གོ་མི་འདུག་བསམས་ནས་སློབ་ཐུན་གྲོལ་རྗེས་སུ་ཆེད་དུ་ཟུར་ཁྲིད་བྱེད་བཞིན་ཡོད། དགེ་རྒན་མེ་ཏོག་གི་སེམས་སུ་གསལ་བོར་ཤར་བ་ཞིག་ནི་ཀླུ་མོ་ཚེ་རིང་གིས་ཐོག་དང་པོའི་གྲངས་རིགས་ཀྱི་རྒྱུགས་འབྲས་ལ་སྐར་མ་བཅོ་བརྒྱད་བླངས་པ་དེ་རེད། ཡིན་ནའང་དེ་ནི་དགེ་རྒན་མེ་ཏོག་གི་སེམས་སུ་སྐར་མ་བརྒྱ་ལས་ཀྱང་རིན་ཐང་ལྡན་པ་དེ་རེད།

སློབ་ཆུང་གི་དགེ་རྒན་ཞིག་ཡིན་པའི་ཆ་ནས་བྱིས་པ་རྣམས་ལ་ཀུན་སྤྱོད་ལེགས་པོ་ཞིག་སྐྱེད་སྲིང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བས་དགེ་རྒན་མེ་ཏོག་གིས་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་རང་གི་སློབ་ཁྲིད་བྱ་བའི་ཁྲོད་དུ་འདྲེས་པར་བྱས་ཡོད།

མཚོ་ངོས་ལས་རྨིད་བཞི་སྟོང་ཡོད་པའི་མཐོ་སྒང་དུ་འདི་འདྲའི་ལས་ཀ་ཞིག་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན། སློབ་གྲྭ་དེའི་སློབ་སྟོན་ཀྲུའུ་རིན་ཡིན་པའི་ངོས་ནས་དགེ་རྒན་མེ་ཏོག་གིས་སློབ་གྲྭའི་དགེ་རྒན་རྣམས་ཀྱི་སློབ་ཁྲིད་བྱ་བ་བཀོད་སྒྲིག་བྱེད་དགོས་པས།  དུས་རྒྱུན་དུ་སྔ་མོ་ནས་གཞུང་ལས་ཁང་དུ་ཡོང་དགོས་པ་དང་ཕྱི་དྲོ་ཡང་ཀུན་གྱི་རྗེས་སུ་བསྡད་ནས་སློབ་གྲྭར་ཁ་འབྲལ་དགོས། དེ་ལྟར་དུས་ཡུན་རིང་བོར་བྱ་བར་ཧུར་བརྩོན་བྱས་པས་ད་ལྟ་དགེ་རྒན་མེ་ཏོག་ལ་རྐེད་ཚིགས་ཀྱི་ནད་བྱུང་ཡོད་ཀྱང་བྱ་བར་གཏན་ནས་དལ་འགོར་བྱེད་ཀྱིན་མེད། ཐ་ན་མེ་ཏོག་ནི་ད་ལྟའི་བར་དུ་གཉེན་སྒྲིག་ཀྱང་མ་བྱས་པར་རང་གི་སེམས་ཤུགས་ཡོད་ཚད་སློབ་གསོ་བྱ་བའི་ཁྲོད་ཕུལ་ཡོད།

ཉིས་སྟོང་བཅུ་བཞི་ལོར་མེ་ཏོག་རྨ་ཆེན་རྫོང་གི་ཕུལ་བྱུང་དགེ་རྒན་དང་ཉིས་སྟོང་བཅོ་ལྔ་ལོར་མགོ་ལོག་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཉིས་སྟོང་བཅུ་བདུན་ལོར་ཞིང་ཆེན་ཡོངས་ཀྱི་ཆེས་མཛེས་པའི་དགེ་རྒན། ཉིས་སྟོང་བཅོ་བརྒྱད་ལོར་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་དཔེ་ལེགས་ཅན་བཅས་སུ་བདམས། གཟི་བརྗིད་དཔང་ཡིག་དེ་དག་གིས་ཁོ་མོའི་དཀའ་སྤྱད་འབད་བརྩོན་གྱི་གོམ་སྟབས་བརྟན་པོ་དེ་མཚོན་ཐུབ། ལོ་ངོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་སློབ་གསོའི་ལས་རྐང་བརྟན་སྲུང་བྱས་པས་ཉེ་འགྲམ་གྱི་དགེ་རྒན་རེ་རེ་ལ་སྐུལ་ལྕག་ཆེན་པོ་ཐེབས་པར་མ་ཟད་སློབ་མ་རེ་རེའི་སེམས་ལ་ཡལ་མེད་ཀྱི་དྲོད་སྐྱིད་སྦྱིན་ ཡོད།

ཇི་ལྟར་སྡུག་རུང་བྱིས་པ་སྡུག་མི་རུང་ལ། ཇི་ལྟར་དབུལ་ཡང་སློབ་གསོ་དབུལ་མི་རུང་།  ཉེ་བའི་ལོ་འགའི་རིང་རྨ་ཆེན་རྫོང་གིས་མི་རིགས་སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་དང་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་ནང་བཞག་སྟེ་མི་རིགས་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་སློབ་གསོའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་སློབ་གཙོ་བཀྲ་ཤིས་མཚོ་ཡིས་བལྟས་ན། ཉེ་བའི་ལོ་ཤས་རིང་རིམ་པ་ཁག་གི་སྲིད་གཞུང་གིས་སློབ་གསོའི་ཐད་ལ་རྒྱབ་སྐྱོབ་ཆེན་པོ་བྱས་པས་སློབ་གྲྭའི་སྒྲིག་ཆས་སྣ་ཚོགས་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དེས་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། སློབ་མ་རྣམས་ཀྱི་སློབ་སྦྱོང་གི་ངར་ཤུགས་ཆེ་རུ་ཕྱིན་པར་མ་ཟད་མིག་རྒྱང་ཡང་ཇེ་ཡངས་སུ་སོང་སྟེ། ཁོ་ཚོར་འཕུར་སྐྱོད་ཀྱི་གཤོག་ཟུང་ཆ་གཅིག་སྤྲད་ཡོད་ཟེར།

                                                                    ལོ་ཙཱ་བ། གཡང་འབུམ་རྒྱལ།