བདེ་སྐྱིད་གྲོང་ནས་བདེ་སྐྱིད་འཚོལ།
2020.08.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

 དབྱར་ཟླ་བདུན་པར་རྨ་ཆུ་འགྲམ་ངོགས་སུ་དབྱར་གྱི་གསོན་ཉམས་རབ་ཏུ་རྒྱས་ཤིང་། གསར་འགོད་པ་རླངས་འཁོར་ལ་བསྡད་ནས་ཀྱག་ཀྱོག་ཏུ་འབབ་པའི་རྨ་ཆུ་དེད་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ལ་སླེབས། ཡུན་རིང་མ་འགོར་བར། ཕྲེང་སྟར་བསྒྲིགས་པའི་བོད་ཀྱི་ཁང་པ་དག་མིག་ལམ་དུ་ཤར་བྱུང་། སྟར་སྒྲིག་པའི་ཁང་པའི་དཀྱིལ་ལ་རིག་གནས་ཐང་ཆེན་ཡོད་ཅིང་། འགྲམ་དུ་རྨ་ཆུའི་ཆུ་འཁོར་ཆེན་པོ་ཞིག་དལ་གྱིས་འཁོར་བཞིན་འདུག  དེ་དག་ཀུན་ལས་ཞིང་གྲོང་འཕེལ་རྒྱས་ཀྱི་མཛེས་ཉམས་མངོན་ཡོད།

འདས་ཟིན་པའི་ལོ་ཟླའི་ནང་། ཡུལ་འདིའི་གྲོང་མི་ཚོས་ཁ་ས་ལ་འཁོར་ཞིང་རྒྱབ་མཁའ་ལ་གཏད་པའམ། ཡང་ན་རྩྭ་ཆུ་དེད་ནས་འཚོ་སྡོད་བྱེད་ཀྱིན་ཡོད།  ད་ལྟ་ཁོ་ཚོ་དབུལ་ཕོངས་ཀྱི་རི་གྲོང་ནས་གནས་སྤོས་ཤིང་། རང་ཁྱིམ་གསར་པའི་སྒོ་ཁ་རུ“ཡུལ་སྐོར་གྱི་ཡོང་འབབ”རག་ཐུབ་ཡོད། བདེ་སྐྱིད་གྲོང་ཚོ་ནི་གནས་སྤོས་གྲོང་ཚོ་ཞིག་ནས་“དྲ་ཐོག་གི་ཡུལ་ལྗོངས་གྲགས་ཅན”ཞིག་ཏུ་གྱུར།

2017ལོར་གཅན་ཚ་རྫོང་ནང་ཁོག་ཡུལ་ཚོ་དང་། གཅན་ཚ་ཐང་ཡུལ་ཚོ། སྟེང་སོ་ཡུལ་ཚོ་བཅས་ཡུལ་ཚོ་དང་གྲོང་རྡལ་བདུན་གྱི་གྲོང་ཚོ་30ཡི་ཁྱིམ་ཚང་251གི་མི་946རང་བྱུང་ཆ་རྐྱེན་ཞན་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བའི་རི་ཁུལ་དང་བྲལ་ནས། རྨ་ཆུའི་བཞུར་རྒྱུད་དུ་ཆགས་པའི་གནས་སྤོས་བཀོད་སྒྲིག་ས་ཚིགས་ཏེ། གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་བདེ་སྐྱིད་གྲོང་ཚོ་རུ་གནས་སྤོས་པ་རེད།

“གནས་སྤོ་བ་ནི་བྱ་ཐབས་ལེགས་པོ་ཞིག་ཡིན་ཞིང་། དམིགས་ཡུལ་ནི་ཕྱུག་པོར་འགྱུར་རྒྱུ་དེ་ཡིན་པས། ཕྱུག་པོར་འགྱུར་དགོས་ན་ངེས་པར་དུ་ལས་ཞུགས་ཐུབ་དགོས་ཤིང་། ལས་ལ་བརྩོན་ན་གཞི་ནས་བདེ་བར་གནས་ཐུབ”ཅེས་བདེ་སྐྱིད་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལོ་བརྒྱ་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་། བདེ་སྐྱིད་གྲོང་ཚོ་ནི་རྨ་ཆུའི་འགྲམ་དུ་ཆགས་པ་དང་། ས་མགོའི་མཐོ་ཚད་སྨི་1900ལྷག་ཙམ་ཡོད། གནམ་གཤིས་བཟང་ཞིང་ཡུལ་ལྗོངས་ལྟ་ན་སྡུག་པས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་མཐུན་རྐྱེན་འཛོམས་ཡོད། 2018ལོར་བདེ་སྐྱིད་གྲོང་ཚོས་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་ཚོ་སྐྲུན་འགོ་བརྩམས།

བདེ་སྐྱིད་གྲོང་ཚོའི་ཡུལ་སྐོར་ཐད“སྒོ་བརྒྱབ་ན་རང་ཁྱིམ་དང་སྒོ་ཕྱེས་ན་ཚོང་ཁང་”ཡིན་པའི་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་སྐྱོང་བྱེད་སྟངས་སྤྱད་ཡོད།

ཞོགས་པར། ལོ་38ལ་སླེབས་པའི་སྒྲོལ་མ་ཐར་གྱིས་བོད་ཀྱི་ཚི་ལེན་གྲ་དག་ཅིག་གོན་ནས་ར་སྐོར་ལ་གཙང་སྦྲ་བྱེད་མགོ་བརྩམས། ར་སྐོར་ནང་ལ་ཅོག་ཙེ་དཀར་པོ་གཉིས་ཡོད་ཅིང་། མི་20ལྷག་ཙམ་གྱིས་མཉམ་དུ་ཟ་མ་ཟོས་ཆོག་པ་དང་། ཁང་མིག་4ཡོད་པའི་ནང་ཁང་མིག་གཉིས་ནི་ཡུལ་སྐོར་བས་ཞག་སྡོད་བྱས་ཆོག  སྒོ་ཁའི་ཐབ་ཚང་དུ་ཆུ་གཙང་མ་བཟོ་ཆས་དང་། གློག་ཐབ། དུག་སེལ་སྒམ་སོགས་དེང་རབས་ཀྱི་ཁྱིམ་ཆས་གསར་བ་བཞག་ཡོད།

ལོ་བརྒྱ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར། བདེ་སྐྱིད་གྲོང་ཚོ་ལ་ཞིང་པའི་སྤྲོ་ ཁྱིམ30ཡོད་པ་དང་། དེའི་ཁྲོད་དུ་གཉེར་སྐྱོང་བྱེད་བཞིན་པའི་གྲོང་མི་60ལ་ཟླ་གཅིག་རིང་གི་ལས་སྒོའི་ནུས་རྩལ་དང་ཕྱོགས་བསྡུས་བྱང་ཚད་གསོ་སྦྱོང་བྱས་ནས། བདེ་སྐྱིད་གྲོང་ཚོའི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ཡོད།

2018ལོའི་ཟླ10པར། ཞིང་ལས་དང་ཞིང་སྡེ་པུའུ་ཡིས་བདེ་སྐྱིད་གྲོང་ཚོ་ནི་“ཀྲུང་གོའི་མཛེས་སྡུག་ལྡན་པའི་ཁམས་གསེང་གྲོང་ཚོ”ལ་བདམས་པ་རེད། 2020ལོའི་ཟླ་7པར། རིག་གནས་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྐོར་གཉིས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་ཐོར་འགོད་རྒྱུ་གཏན་འཁེལ་བྱས་ཡོད་ཅིང་བདེ་སྐྱིད་གྲོང་ཚོ་ནི་ས་གནས་དེ་གའི་ཡུལ་སྐོར་གྱི་མིང་བྱང་ལྟ་བུར་གྱུར་ཡོད།

གསར་འགོད་པས་གཅན་ཚ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།  བདེ་སྐྱིད་གྲོང་ཚོ་ལས་གཞན་ས་གནས་དེ་གའི་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་སྟེང་སོ་ཡུལ་ཚོའི་དགུ་སྟེང་གྲོང་ཚོ་དང་། གདོང་སྣ་གྲོང་རྡལ་སོགས་ས་ཁུལ་4རུ་གྲོང་གསེབ་ཡུལ་སྐོར་ལས་གཞི་ལག་བསྟར་བྱས་ནས། ཁྱིམ་ཚང་དབུལ་པོའི་མི་300ལྷག་ཙམ་ཐད་ཀར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། གཞན་བརྒྱུད་ཀྱི་སྒོ་ནས་མི་500ལྷག་ལས་ཞུགས་ཐུབ་པར་བྱས་ཤིང་། ཁྱིམ་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2500འཕར་ནས། མང་ཚོགས་དབུལ་པོ་ཁག་ཅིག་གིས་སྒོ་འགྲམ་དུ“ཡུལ་སྐོར་གྱི་ཡོང་འབབ”རག་ཐབས་བྱས་ཡོད། ད་ལོའི་ཟླ་4པར། མཚོ་སྔོན་ཞིང་ཆེན་གྱི་གཅན་ཚ་རྫོང་ཚུད་པའི་དབུལ་པོ་རྫོང་42ཚང་མས་དབུལ་ཞྭ་ཕུད་ནས་དབུལ་པོ་དབུལ་ནག་མེད་པར་བཟོ་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

“ཡུལ་སྐོར་བ་དག་གིས་ངེད་ཚང་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་མྱོང་ཐུབ་པ་མ་ཟད་གྲོང་གསེབ་གསར་པའི་སྟབས་བདེ་དང་སྐྱིད་སྣང་ཡང་ལོངས་སུ་སྤྱོད་ཐུབ། ཁོ་ཚོས་རྒྱུན་དུ་བདེ་སྐྱིད་གྲོང་ཚོ་ནས་བདེ་སྐྱིད་ཀྱི་བྲོ་བ་མྱོང་སོང་ཟེར་གྱི་འདུག”ཅེས་སྒྲོལ་མ་ཐར་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།