ལག་རྩལ་རྒྱུན་འཛིན་སེམས་ལ་བཅངས། ཕྱུག་འགྱུར་ལས་གཏོད་ལག་ནས་བསྒྲུབས།
2020.08.12 ཁུངས། མཚོ་སྔོན་ཚན་རྩལ་ཚགས་པར། ཀློག་གྲངས། 34

 ཁང་ས་ཞིང་ས་ས་ཡི་དགེ གཏེར་རྡོ་རྩིག་རྡོ་རྡོ་ཡི་དགེ འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ་ཞེས་པ་སོགས་ཡུལ་གྱི་དགེ་མཚན་བཅུ་ཚང་བའི་མདོ་སྨད་ཞོན་ཧྭའི་ཡུལ་དུ། ཉིན་པའི་རྡོ་རྩིག་སོགས་མེས་པོའི་ལག་རྩལ་བཟང་པོ་གང་མང་ཞིག་ཉམས་མེད་པར་ཡོད་ལ། དེང་གི་ཚོང་རའི་དཔལ་འབྱོར་གྱི་ཤུགས་རྐྱེན་ཁྲོད་དུའང་། དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཏེ་ཞོན་ཧྭའི་ས་ཆ་དང་དེའི་ཉེ་འཁོར་གྱི་མང་ཚོགས་ལ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཁ་ཆེན་པོ་ཞིག་སྐྲུན་བཞིན་ཡོད།

རྡོ་རྩིག་ལག་རྩལ་དང་དུས་རབས་ཀྱི་འགྲན་སློང་།

ཉིན་པའི་རྡོ་རྩིག་ཅེས་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་རྡོ་སྦིས་ཡུལ་ཚོའི་ཉིན་པ་སྡེ་བར་དར་ཁྱབ་ཆེ་བས་མིང་ཡང་དེ་ལྟར་ཐོགས། བཤད་རྒྱུན་ལྟར་ན་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན། ལག་རྩལ་འདི་རིམ་བཞིན་ཉེ་འཁོར་གྱི་སྡེ་བ་དང་ཡུལ་ཚོ་ཁག་ཏུ་དར་བ་དང་བསྟུན་ནས་ཞོན་ཧྭའི་ཡུལ་སྤྱི་ལ་ཆེས་ཆེར་དར་བས། ཞོན་ཧྭའི་རྡོ་རྩིག་ཅེས་ཀྱང་འབོད། ཞོན་ཧྭའི་རྡོ་རྩིག་ལ་རང་བྱུང་གི་གོར་མ་རྡོ་དང་སྡུད་བྱེད་ཆུ། འཛིན་བྱེད་ས་བཅས་འཛོམས་རྗེས། རྩིག་པའི་འབྲེལ་ཡོད་ཐབས་ཤེས་དང་ཟུང་སྦྲེལ་བྱས་ཏེ་གནམ་ལ་ཟུག་པའི་བཙན་རྫོང་དང་གཞུང་རྒྱ་ཆེ་བའི་རྡོ་མཁར། སྲ་ཞིང་བརྟན་པའི་ཆུ་རགས་སོགས་བསྐྲུན་པ་རེད།

བཅོས་སྒྱུར་སྒོ་འབྱེད་མ་བྱས་སྔོན་དང་ཡང་ན་དེ་ལས་སྔ་བའི་སྐབས། གཙོ་བོ་དགོན་པའི་འདུ་ཁང་སོགས་ཞིག་གསོ་དང་མཆོད་རྟེན་བསྐྱར་བཞེངས། སྡེ་བའི་གཞུང་ཁང་གི་རྡོ་རྩིག་བྱེད་པ་སོགས་ཡིན། རྗེས་སུ་ཚོང་རའི་དཔལ་འབྱོར་དར་བ་དང་བསྟུན་ནས། རྡོ་རྩིག་གི་ལས་ཀ་ཇེ་ཉུང་དུ་གྱུར་པ་དང་ལས་འདི་ལ་ཞུགས་མཁན་དེ་བས་ཀྱང་ཇེ་ཉུང་དུ་གྱུར་བའི་ཁར།  སྔར་གྱི་རྡོ་རྩིག་རུ་ཁག་གི་དོ་དམ་དང་འཕེལ་རྒྱས་ཁ་ཕྱོགས་སོགས་དུས་རབས་ཀྱི་རྗེས་སུ་ལུས་སྟབས། ལག་རྩལ་འདིའི་རྒྱུན་ཡང་ཉག་ཕྲ་བར་གྱུར་བ་རེད་ཅེས་ཉིན་པའི་རྡོ་རྩིག་ལག་རྩལ་གྱི་རྒྱུན་འཛིན་པ་མགོན་པོ་བཀྲ་ཤིས་ཀྱིས་དེ་ལྟར་བཤད་བྱུང་།

རྡོ་རྩིག་ལག་རྩལ་གྱི་རྒྱུན་འཛིན་ཇེ་དཀའ་དང་ལམ་ཁ་ཇེ་དོག་ཏུ་འགྱུར་བཞིན་པའི་སྐབས། མགོན་པོ་བཀྲ་ཤིས་ཀྱིས་པེ་ཅིན་ན་ཡོད་པའི་བུ་རིན་ཆེན་ཚེ་རིང་ཕྱིར་ཡུལ་དུ་ལོག་ནས་རྡོ་རྩིག་ལག་རྩལ་འདི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ལམ་ཁ་ཇེ་ཡངས་སུ་གཏོང་བའི་སེམས་ཐག་བཅད་པ་དང་། བུས་ཀྱང་ཨ་ཕའི་རེ་བ་སྟོང་ཟད་དུ་མ་བཏང་བར་ཕྱིར་ཕ་ཡུལ་དུ་ལོག་པ་རེད། རིན་ཆེན་ཚེ་རིང་ནི་པེ་ཅིན་གྱི་ཀྲུང་གོའི་ས་གཤིས་སློབ་ཆེན་ནས་སློབ་མཐར་ཕྱིན་པ་ཞིག་ཡིན་པར་མ་ཟད། ད་དུང་ཀྲུང་དབྱང་ཁེ་ལས་ནས་བྱ་བ་ལོ་བདུན་ལ་ལས་མྱོང་། རིན་ཆེན་ཚེ་རིང་གིས་སློབ་གྲྭ་ནས་བསླབ་པའི་ཤེས་བྱ་དང་ཀྲུང་དབྱང་ཁེ་ལས་ནས་བྱ་བ་ལས་པའི་ཉམས་མྱོང་ལ་གཞིགས་ནས་ཞོན་ཧྭའི་རྡོ་རྩིག་ལག་རྩལ་འདི་གཞི་ཁྱོན་ཅན་དང་ཀུང་སི་ཅན་གྱི་འཕེལ་རྒྱས་ལམ་ཕྱོགས་སུ་བསྐྱོད་དེ། ཉིན་པའི་རྡོ་རྩིག་རུ་ཁག་རྨང་གཞི་བྱས་ནས་རིམ་བཞིན་ཞོན་ཧྭའི་བོད་སྐྲུན་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་མཚོ་སྔོན་བོད་སྐྲུན་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉིས་བཙུགས་པ་དང་། དེ་གཉིས་ལ་དེང་རབས་ཅན་གྱི་དོ་དམ་ལམ་ལུགས་ལག་བསྟར་དང་ལས་ཀའི་ཁ་ཕྱོགས་མང་དུ་བཏང་ནས་རྡོ་རྩིག་ལག་རྩལ་གྱི་བྱེད་ནུས་དང་ལས་གཉེར་གྱི་ལམ་ཁར་རྒྱ་བསྐྱེད་པ་རེད།

ཚོང་རའི་དཔལ་འབྱོར་གྱི་འཕེལ་རྒྱས་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བའི་སྐབས་འདིར། ཞོན་ཧྭའི་རྡོ་རྩིག་འདི་ད་དུང་སྔར་གྱི་རྡོ་རྩིག་རུ་ཁག་ལྟར་གཉེར་སྐྱོང་བྱས་ན། རྡོ་རྩིག་ལག་རྩལ་གྱི་གོམ་ཁ་དུས་རབས་ཀྱི་རྗེས་ལ་མི་ཆོད་པར་མ་ཟད། ལག་རྩལ་བཟང་པོ་འདིའི་རྒྱུན་ཡང་ཆད་པའི་ཉེན་ཁ་ཡོད། དེར་བརྟེན། ང་ཚོས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྤྱི་ཚོགས་ཀྱི་གནས་བབ་ལ་དམིགས་པ་དང་། ལས་གཉེར་གྱི་ཁྱབ་རྒྱ་ཇེ་ཆེར་བཏང་སྟེ་ལག་རྩལ་བཟང་པོ་འདིའི་དགེ་མཚན་ཕྱོགས་མང་པོ་ཞིག་ནས་མངོན་པར་བྱས་ན། མ་འོངས་བའི་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་ལ། རྡོ་རྩིག་ལག་རྩལ་འདི་ཡི་རྒྱུན་ཡང་ཡུན་ནས་ཡུན་དུ་གནས་ཐུབ་ཅེས་རིན་ཆེན་ཚེ་རིང་གིས་དེ་ལྟར་བཤད་བྱུང་།

ཞོན་ཧྭའི་རྡོ་རྩིག་ལག་རྩལ་རྨང་གཞི་བྱས་ནས་ཀུང་སི་བཙུགས་རྗེས། ཀུང་སིའི་འཕེལ་རྒྱས་ཁ་ཕྱོགས་དང་རྡོ་རྩིག་ལག་རྩལ་གྱི་ལེགས་ཆ་གཉིས་ཟུང་སྦྲེལ་བྱས་ཏེ་བོད་ལུགས་བཟོ་བཀོད་ལ་དེང་རབས་ཀྱི་ཇུས་འགོད་བྱེད་ཐབས་དང་། དེང་རབས་ཀྱི་སྒྲིག་ཆས་དང་ལག་རྩལ་བཅས་སྤྱོད་པ་དང་། ལས་གཉེར་ཁྱབ་ཁོངས་ལ་བོད་ལུགས་བཟོ་བཀོད་དང་འབྲེལ་བའི་ལས་སྣ་མང་པོ་ཞིག་འཐུས་ཚང་དུ་བཏང་སྟབས། ལག་རྩལ་བཟང་པོ་འདི་བེད་སྤྱོད་མཐའ་འཁྱོལ་བ་ཞིག་བྱུང་བར་མ་ཟད། ད་དུང2013ལོའི་ཟླ་བཅུ་པར། ཞོན་ཧྭའི་རྡོ་རྩིག་ལག་རྩལ་འདི “མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ངལ་རྩོལ་ཚོང་རྟགས”སུ་བདམས་པ་དང་། 2017ལོའི་ཟླ་བདུན་པར། ཀུང་སི་ལ་འཛུགས་སྐྲུན་ལས་རིགས་ཁེ་ལས་ཀྱི་ཐོབ་ཐང་དཔང་ཡིག་ཐོབ། 2018ལོའི་ཟླ་དང་པོར། ཞོན་ཧྭའི་རྡོ་རྩིག་ལག་རྩལ་འདི“མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག”ཏུ་བདམས། 2019ལོའི་ཟླ་གསུམ་པར། ཞོན་ཧྭའི་བོད་སྐྲུན་འཛུགས་སྐྲུན་ཚད་ཡོད་ཀུང་སི་ལ“རིག་དངོས་སྲུང་སྐྱོབ་ལས་གྲྭའི་ཨར་ལས་ཀྱི་ཐོབ་ཐང་དཔང་ཡིག”ཐོབ།

ལས་གཏོད་ལས་ཞུགས་དང་ཕྱུག་འགྱུར་གྱི་སྡོང་གྲོགས།

ཀུང་སི་བཙུགས་པ་ནས་བཟུང་། ཞོན་ཧྭའི་རྡོ་རྩིག་གི་ལས་ཀའི་ཁྱབ་རྒྱ་རྫོང་ལས་བརྒལ་ཏེ་གྲོང་ཁྱེར་རམ་རང་སྐྱོང་ཁུལ་ལ་ཐོན་པ་དང་། དེ་ནས་ཞིང་ཆེན་གཞན་པར་ཡང་ཐོན་ཡོད། མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་བའི་ལམ་ཁའང་ཇེ་ཆེར་བཏང་སྟེ་ཕྱུག་འགྱུར་ལམ་རྐེད་ཀྱི་བློས་ཐུབ་གྲོགས་པོ་ལྟ་བུ་ཞིག་ཏུ་གྱུར་ཡོད། རིན་ཆེན་ཚེ་རིང་གིས་མཚམས་སྦྱོར་བྱས་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཀུང་སི་དང་དགོན་པའི་བར་གྱི་ལས་ཀའི་གན་རྒྱ་སྒོར་བྱེ་བ་གཉིས་ཙམ་བཞག་པ་དང་། སྲིད་གཞུང་བར་གྱི་ལས་ཀའི་གན་རྒྱ་སྒོར་ས་ཡ་དྲུག་འབུམ་གསུམ་ཙམ་བཞག་ཡོད་ཅིང་། དགོན་པའི་ལས་ཀ་དེ་མཚོ་སྔོན་མ་གཏོགས་ད་དུང་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་སུའང་ཡོད། དེ་འབྲེལ་གྱི་ཞིང་བ་ཞོར་ལས་པ1200ཡི་ལས་ཞུགས་དང་ཡོང་འབབ་ཐག་གཅོད་བྱས་ཏེ་ཆ་སྙོམས་ལྟར་ན་ལོ་གཅིག་ཏུ་ཟླ་བ་དྲུག་ཙམ་ལ་ལས་ཀ་བྱས་ན། རྡོ་རྩིག་མཁན་ཞིག་ལ་ཡོང་འབབ་སྒོར་ཁྲི7དང་རྡོ་རྩིག་མཁན་གྱི་ལས་རོགས་ཤིག་ལ་སྒོར་ཁྲི4ལྷག་ཐོབ། ལས་མི་དག་ནི་ཞོན་ཧྭའི་ས་ཆ་གཙོ་བྱས་པའི་ཐོག  རྨ་ལྷོ་དང་མཚོ་ལྷོ། མཚོ་བྱང་ཁུལ་སོགས་སུ་ཁྱབ་ཡོད། ཀུང་སི་རང་ངོས་ནས་བོད་ལུགས་བཟོ་བཀོད་ཕྱོགས་ཀྱི་ལས་གཉེར་སྣ་ཁར་གཞིགས་ཏེ་ཇུས་འགོད་པ་དང་བཟོ་བཀོད་པ། བདེ་སྲུང་པ། ལས་སྒྲུབ་པ། ལག་རྩལ་པ། ལས་གྲྭའི་དོ་དམ་མི་སྣ་སོགས་བསྡུས་ཏེ་ལོ་རེར་ཆ་སྙོམས་བྱས་ན་མི400ལྷག་གི་ལས་ཞུགས་ཡོང་འབབ་ཐག་གཅོད་བྱས་པ་རེད། གཞན་ད་དུང་། ཀུང་སིའི་འཕེལ་ཕྱོགས་ལ་དམིགས་ནས་ཤིང་དང་རྡོ་བརྐོས་ཏེ་སྒྱུ་རྩལ་ཐོན་རྫས་བཟོ་བའི་ལམ་ཁ་ཕྱེ་སྟེ་གཞིས་ལུས་ངལ་རྩོལ་པ་དག་ལ་ཡོང་འབབ་འཚོལ་རོགས་བྱས་བ་རེད།

མེས་པོའི་ལག་རྩལ་འདི་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པར། མི་གཅིག་གིས་བསྒྲུབས་ན་དཀའ་བས། མང་པོ་མཉམ་དུ་འཛོམས་ནས་བསྒྲུབ་རྒྱུ་ཤིན་ཏུ་གལ་ཆེ། ད་དུང་། ཞོན་ཧྭའི་རྡོ་རྩིག་གི་ཁྱད་ཆོས་ཏེ་རང་ས་གནས་ཀྱི་ས་རྡོ་ཆུ་གསུམ་སྤྱད་དེ་རྩིག་ལས་བྱེད་པ་འདིར་འགྱུར་བ་མེད་པའི་ཁར། སྐྱེ་ཁམས་ལ་མི་གནོད་པ་དང་ལྗང་མདོག་འཕེལ་རྒྱས་ལ་འཚམ་པ། དུས་རབས་དང་འཚམ་པ། ཚན་རིག་གཞུང་ལུགས་དང་མཐུན་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ན། འདི་ནི་རྒྱུན་འཛིན་ཡིན་ལ་ཡར་ཐོན་ཡང་ཡིན་ཞེས་རིན་ཆེན་ཚེ་རིང་གིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།