ཡུལ་སྐོར་ལ་བརྟེན་ནས་སྤྲོ་སྐྱིད་ཀྱི་འཚོ་བ་རོལ།
2020.08.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། ནམ་ཟླ་རིམ་བཞིན་ཇེ་དྲོར་སོང་བ་དང་བསྟུན་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་དུ་མི་ཚོགས་ཀྱི་འདུ་ལོང་རྒྱས། གྲོང་རྡལ་དུ་ཡོད་པའི་པ་དབྱིན་སྡེ་བར་བསྐྱོད་པ་ན། གྲ་དག་ལ་ཕྲེང་བསྟར་བསྒྲིགས་པའི་དཀར་བོང་བོང་གི་ཐོག་ཁང་རྣམས་མིག་ལམ་དུ་མངོན་ཞིང་། སྒེའུ་ཁུང་དང་སྒོ། སོ་ལྟའི་སྒྲིག་ཆས། རླངས་འཁོར་ཆུང་ཆུང་སོགས་དེང་རབས་ཅན་གྱི་དངོས་པོ་མང་པོས་ཡུལ་འདི་དང“དབུལ་ཕོངས”གཉིས་མཉམ་གཅིག་ཏུ་སྦྲེལ་ཐབས་བྲལ།

ལོ་ངོ་འགའི་སྔོན་དུ། པ་དབྱིན་སྡེ་བའི་སྡེ་མི་རྣམས་ཚྭ་ཁ་གྲོང་རྡལ་དང་བར་ཐག་སྤྱི་ལེ་ཉི་ཤུ་ཡིས་ཆོད་པའི་ཞའོ་ཧྲེ་ཟམ་ཁར་གཞིས་ཆགས་ཡོད་ལ། ཆར་བ་འབབ་ཐེངས་རེར་སྡེ་བའི་ནང་གི་བགྲོད་ལམ་འདམ་གྱིས་ཁེངས་ཏེ་ཧ་ཅང་སྟབས་མི་བདེ་བར་མ་ཟད། སྡོད་ཁང་ཚང་མ་ལོ་ངོ་བཅུ་ཕྲག་འགའི་སྔོན་དུ་ལས་པའི་ཁང་རྙིང་ཡིན་པས། རྨང་གཞིའི་སྒྲིག་བཀོད་ཤིན་ཏུ་ཞན།

པ་དབྱིན་སྡེ་བའི་ཧྲུའུ་ཅི་དང་པོ་ཀྲའོ་ཡུང་ལུང་གིས་མཚམས་སྦྱོར་བྱས་པ་སྟེ། “ང་ཚོའི་སྡེ་བ་ནི་རྒྱ་རིགས་གཙོ་བོ་དང་། སོག་རིགས་དང་བོད་རིགས་བཅས་འདུས་སྡོད་བྱས་ཡོད་པའི་གཙོ་གནད་དབུལ་ཕོངས་སྡེ་བ་ཞིག་ཡིན། སྡེ་བ་ཡོངས་ཚྭ་ཁ་གྲོང་རྡལ་དུ་གནས་མ་སྤར་བའི་སྔོན་དུ། སྡེ་མི་ཕལ་ཆེ་བས་གྲོ་དང་ནས། ལོག་དཀར་འདེབས་པ་དང་། ནོར་ལུག་གསོས་ནས་ཁ་གསོ་བཞིན་ཡོད་ལ། སྡེ་མིའི་ཡོང་སྒོ་སྣ་གཅིག་རྐྱང་ཡིན”ཟེར།

ཉིས་སྟོང་བཅུ་གཅིག་ལོར། པ་དབྱིན་སྡེ་བར་མཁར་གྲོང་གཅིག་གྱུར་གྱིས་འཕེལ་རྒྱས་སུ་གཏོང་བའི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་གྱི་གོ་སྐབས་ཐོབ་སྟེ། སྡེ་བ་ཡོངས་ཚྭ་ཁ་གྲོང་རྡལ་དུ་གནས་སྤར་ནས་གཞིས་སྡོད་བྱས། ཚང་མ་བདེ་མོ་སྐྱིད་པོའི་ངང་གཞིས་སྡོད་བྱེད་དུ་འཇུག་ཆེད། སྲིད་གཞུང་གིས་ཧུར་བརྩོན་བྱས་ཏེ་ཁྱིམ་ཚང་རེར་སྨི་གྲུ་བཞི་མ་བརྒྱ་དང་ཉི་ཤུ་ཅན་གྱི་སོ་ཕག་དང་ཨར་འདམ་གྱིས་གྲུབ་པའི་ཉིས་ཐོག་ཆུང་ཆུང་རེ་ལས་པ་དང་། དེར་ར་སྐོར་དང་སྒོ་ཆེན། ཆུ། གློག ལམ། བྱ་འགུལ་ཐང་ཆེན། ཞབས་ཞུ་དོ་དམ་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ལས་པར་བསྡོམས་པས་མ་དངུལ་སྒོར་་མོ་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་།

ཉིས་སྟོང་བཅུ་གསུམ་ལོར། པ་དབྱིན་སྡེ་གསར་འཛུགས་སྐྲུན་ཡོངས་འགྲུབ་བྱུང་མོད། འོན་ཀྱང་ཡང་བསྐྱར་གནད་དོན་ཞིག་ལ་འཕྲད་པ་སྟེ། སྡེ་མི་མང་པོ་ཞིག་གནས་སྤོར་འདོད་མེད་པ་དེ་རེད། ཀྲའོ་ཡུང་ལུང་གིས་བཤད་རྒྱུར། “སྡེ་བའི་ནང་གི་རྒན་པ་རྣམས་ཚེ་གང་པོར་གནས་དེ་རུ་འཚོ་བ་རོལ་བས། དེ་དང་འབྲལ་འདོད་གཏན་ནས་མེད་ལ། སྡེ་མི་མང་ཆེ་བའང་ཞིང་སྡེའི་འཚོ་བར་གོམས་ཡོད་པས། ད་ལྟ་གློ་བུར་དུ་གྲོང་རྡལ་དུ་གནས་སྤར་ན། ས་ཞིང་གི་ཡོང་སྒོའང་མེད་པས་ཁྱིམ་ཚང་མང་པོ་ཞིག་ལ་མཚོན་ན་དང་ལེན་བྱེད་དཀའ་བ་རེད།”

ཡིན་ནའང་གནས་སྤོར་འདོད་པའི་སྡེ་མིའང་ཁ་ཤས་ཡོད་དེ། མ་ཀྲིན་ཧྲིན་ནི་དེའི་ནང་གི་གཅིག་རེད།

མ་ཀྲིན་ཧྲིན་དང་ཁོའི་ཆུང་མ་ཀྲང་ཧའེ་ཕེན་གཉིས་ལ་བརྩོན་པ་ཆེ་བས། སྔོན་ཆད་ཀྱི་སྡེ་བའི་ནང་དུ་སྡོད་པའི་སྐབས་སུའང་ཁོ་བཟའ་ཟླ་གཉིས་ལ་ལུག་ལྔ་བརྒྱ་དང་ས་ཞིང་སྤྱི་ཆིངས་གཉིས་ཡོད་ལ། བཟའ་མི་གང་བོའི་འཚོ་བ་མི་ཆོག་རྒྱུ་མེད།

“གཞན་གྱིས་བལྟས་ན་ངེད་ཚང་ལ་ལུག་མང་པོ་ཡོད་མོད། འོན་ཀྱང་དོན་ངོ་མར་སྒོར་མོ་བཙལ་མི་ཐུབ”ཅེས་བཤད་ཞོར། མ་ཀྲིན་ཧྲུན་གྱིས་ང་ཚོར་ཞིབ་རྩིས་ཤིག་བརྒྱབ་པ་སྟེ། “སྐབས་དེའི་ལུག་གོང་མི་བཟང་བས། ལུག་གཅིག་ཕལ་ཆེར་སྒོར་བཞི་བརྒྱ་ལྷག་ལ་མ་གཏོགས་བཙོང་མི་ཐུབ། ལོ་གཅིག་ལ་རྩྭ་ས་གླས་པའི་གླ་རིན་སྒོར་ཁྲི་བཞི་དགོས་པ་དང་། དེའི་ཁར་འགྲོ་སྒོ་གཞན་པ་བསྣན་རྗེས། ལོ་གཅིག་ལ་ཧུར་བརྩོན་བྱས་རྗེས་ཆེས་མང་ནའང་སྒོར་ཁྲི་གསུམ་ལྷག་མ་གཏོགས་བཙལ་མི་ཐུབ”ཟེར།

འཚོ་བ་རོལ་བའི་ཆེད་དུ། བཟའ་ཟླ་གཉིས་ཀྱིས་ལོ་དེ་དག་གི་རིང་སྡུག་མི་ཉུང་བ་ཞིག་མྱངས་མོད། འོན་ཀྱང་བཟའ་མི་གང་པོའི་འཚོ་བར་འགྱུར་ལྡོག་ཆེན་པོ་འབྱུང་མ་ཐུབ།

ཐེངས་འདིའི་གནས་སྤོར་ལས་གཞི་ཡིས་མ་ཀྲིན་ཧྲུན་ལ་རེ་བ་བསྩལ། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས་ངེད་ཚང་ལ་སྒོར་མོ་འབུམ་གཅིག་དང་ཁྲི་གཅིག་གི་ཁ་གསབ་བྱས། དེའི་ཁར་རང་གིས་སྒོར་ཁྲི་བཞི་དང་སྟོང་ལྔ་བཏང་ནས་མུས་གྲུ་བཞི་མ་བརྒྱ་དང་ཉི་ཤུ་ཅན་གྱི་སྡོད་ཁང་གསར་པའི་ནང་དུ་འདུག་ཐུབ་སོང་། ཉིས་སྟོང་བཅུ་བཞི་ལོར། སྡོད་ཁང་གསར་པའི་ལྡེ་མིག་བླངས་རྗེས་ངེད་བཟའ་ཟླ་གཉིས་ཀྱི་སེམས་སུ་དགའ་སྤྲོ་ཆེན་པོ་སྐྱེས། མཛེས་སྤྲས་བྱས་རྗེས་ང་ཚོ་སྡོད་ཁང་རྙིང་པ་ནས་འདི་རུ་གནས་སྤར་ནས་ཡོང་བ་ཡིན”ཞེས་སྡོད་ཁང་གསར་པའི་ལྡེ་མིག་བླངས་པའི་ཚུལ་ཕྱིར་དྲན་བྱེད་ཞོར་དུ་མ་ཀྲིན་ཧྲུན་གྱི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས།

ཚྭ་ཁ་ཚྭ་མཚོ་ལ་ཡུལ་སྐོར་བྱེད་མཁན་གྱི་མི་གྲངས་སྔར་ལས་ཇེ་མང་དུ་སོང་བ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུ་ཡིས་ཡུལ་སྐོར་ཚོང་ཁྲོམ་གྱི་དགོས་མཁོ་སྐོང་མ་ཐུབ་པའི་གནས་ཚུལ་མཐོང་རྗེས། མ་ཀྲིན་ཧྲུན་གྱིས་ཚོང་ལས་ཀྱི་གོ་སྐབས་རྙེད། “ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་ཡིན་པས། ཡུལ་སྐོར་དུས་གཞུང་དུ་ཐོན་དུས་གྲོང་རྡལ་ཡོངས་སུ་སྡོད་ཁང་ཁང་མིག་གཅིག་ཀྱང་བཙལ་དཀའ། ངེད་ཚང་གི་གནས་ཡུལ་ཡང་བཟང་བས། ཁྱིམ་ཚང་གི་མགྲོན་ཁང་ཕྱེས་ན་མི་ཆོག་གམ”སྙམ་རྗེས་མ་ཀྲིན་ཧྲུན་གྱིས་དེ་མ་ཐག་ཏུ་ཁྱིམ་ཚང་གི་མགྲོན་ཁང་ཕྱེས་པ་རེད།

ཉིས་སྟོང་བཅུ་དྲུག་ལོར། བཟའ་ཟླ་གཉིས་ཀྱིས་རང་ཚང་གི་ལུག་ལྔ་བརྒྱ་པོ་ཚང་མ་བཙོང་བ་དང་། མ་དངུལ་སྒོར་མོ་འབུམ་གསུམ་བཀོལ་ནས་སྡོད་ཁང་བསྒྱུར་བཅོས་དང་མཛེས་སྤྲས་བྱས་ཤིང་། ཟླ་བདུན་པར“ཡུང་ཕེན་ཁྱིམ་ཚང་མགྲོན་ཁང”དངོས་སུ་ཕྱེས།

“ཏག་ཏག་ཡུལ་སྐོར་དུས་གཞུང་གི་སྐབས་ལ་འཁེལ་བས། ངེད་ཚང་གི་ཁྱིམ་ཚང་མགྲོན་ཁང་ནང་དུ་ཉིན་རྒྱུན་མགྲོན་པོས་བཀང་ཞིང་། ང་དང་ཆུང་མ་གཉིས་ཀྱི་སེམས་པ་བདེ་ལ་བབས།” དེ་ལྟར་ཉིས་སྟོང་བཅུ་དྲུག་ལོར་བཟའ་ཟླ་གཉིས་ཀྱིས་ཁང་མིག་གསུམ་ལ་བརྟེན་ནས་སྒོར་ཁྲི་གཉིས་ལྷག་བཙལ་བ་དང་། ཡོང་སྒོ་རྙེད་པའི་མ་ཀྲིན་ཧྲུན་ལ་སྔར་བས་སྤོབས་པ་རྒྱས། ཉིས་སྟོང་བཅུ་བདུན་ལོར་བཟའ་ཟླ་གཉིས་ཀྱིས་མུ་མཐུད་དུ་མ་རྩ་བཏང་སྟེ། སྔོན་ཆད་ཡོད་པའི་རྨང་གཞིའི་སྟེང་དུ་སྡོད་ཁང་ཁང་མིག་བཞི་གསར་དུ་ལས། ལོ་དེར་བཟའ་ཟླ་གཉིས་ཀྱི་ཡོང་སྒོ་སྒོར་ཁྲི་དྲུག་ཙམ་བླངས།

སྡུག་གི་འཚོ་བ་ཕར་ལ་བསྐྱལ་ཞིང་། ཡུལ་སྐོར་གྱི་ཡོང་སྒོ་བཙལ་ཏེ། ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད། སྐབས་དེར་མ་ཀྲིན་ཧྲུན་གྱི་སེམས་ལ་སྡེ་རྙིང་ནས་འདི་རུ་གནས་སྤར་བ་འགྲིག་སོང་སྙམ་སྟེ་ཡིད་ཆེས་སྔར་བས་ཇེ་བརྟན་དུ་གྱུར། ཉིས་སྟོང་བཅུ་དགུ་ལོར། གསར་འགོད་པ་ཡང་བསྐྱར“ཡུང་ཕེན་ཁྱིམ་ཚང་མགྲོན་ཁང”དུ་ཐོན་དུས། སྔར་ལས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་སྟེ། ཕྱི་གྱང་གི་ངོས་ཡོངས་སུ་སོ་ཕག་དཀར་རྩི་མས་བརྒྱན་ཞིང་ཁྱམས་ར་ནང་དུ་མཛེས་སྤྲས་བྱས་པ་དེ་བས་ཀྱང་བཟང་། མགྲོན་ཁང་གི་ཁང་མིག་རེ་རེའི་ནང་དུ་སྤྱོད་ཁང་རེ་རེ་ཡོད་པ་དང་། ཁང་མིག་ཀྱང་བཅུ་བདུན་དུ་འཕར་ཡོད་ལ། དེའི་ནང་དུ་མལ་ཁྲི་གཅིག་ཅན་དང་མལ་ཁྲི་གཉིས་ཅན། མལ་ཁྲི་གསུམ་ཅན་སོགས་ཡོད།

མ་ཀྲིན་ཧྲུན་གྱིས་བཤད་རྒྱུར། ད་ལྟ་གྲོང་རྡལ་དུ་ཁྱིམ་ཚང་མགྲོན་ཁང་ཇེ་མང་ནས་ཇེ་མང་ཡིན་པས། ངེད་ཚང་གི་མགྲོན་ཁང་ལ་དམིགས་བསལ་གྱི་ཁྱད་ཆོས་མེད་པས་ངེས་པར་དུ་བསྒྱུར་བཅོས་བྱེད་དགོས། ཉིས་སྟོང་བཅུ་དགུ་ལོའི་ལོ་མགོར། ང་དང་ཆུང་མ་གཉིས་གྲོས་བྱས་ནས་ཡང་བསྐྱར་སྒོར་མོ་འབུམ་བཞི་བཏང་ནས་མགྲོན་ཁང་རིམ་སྤར་བསྐྱར་ལས་བྱས་པ་ཡིན། ད་ལྟ་ངེད་ཚང་གི་མགྲོན་ཁང་ནི་ང་ཚོ་སྡེ་བའི་ནང་གི་ཨང་དང་པོ་ནས་གཉིས་པ་ཡིན། ཕར་གཏོང་ཕོད་ན་ཚུར་ཡོང་སྒོའང་བཙལ་ཐུབ། ཉིས་སྟོང་བཅུ་དགུ་ལོར་ངེད་བཟའ་ཟླ་གཉིས་ཀྱིས་ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་ཡོང་སྒོ་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་བླངས།

མ་ཀྲིན་ཧྲུན་ལྟ་བུའི་སྣེ་ཁྲིད་པ་ཡོད་པས། ད་ལྟ་གནས་སྤོར་ལས་ཁེ་ཕན་རྙེད་པའི་པ་དབྱིན་སྡེ་བའི་སྡེ་མི་ཡོངས་རྫོགས་ཁྱིམ་ཚང་གསར་པར་གནས་སྤར་ཡོད། ཀྲའོ་ཡུང་ལུང་གིས་བཤད་རྒྱུར། “མིག་སྔའི་བར་དུ། པ་དབྱིན་སྡེ་བས་བསྡོམས་པས་ཁྱིམ་ཚང་མགྲོན་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་སུམ་ཅུ་ལྷག་ཕྱེས་ཡོད་ལ། མགྲོན་ཁང་གི་ཁང་མིག་སུམ་བརྒྱ་དང་ཉེར་བརྒྱད་ཡོད་པ་དང་། མགྲོན་ཁང་ཚང་མ་སྐར་རིམ་མགྲོན་ཁང་གི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཡོད། སྡེ་བ་ཡོངས་ཀྱི་མི་བརྒྱ་ལྷག་མགྲོན་ཁང་ཞབས་ཞུ་དང་བཟའ་བཏུང་ཞབས་ཞུ་སོགས་ཀྱི་འབྲེལ་ཡོད་རྩལ་ནུས་གསོ་སྦྱོང་དུ་ཞུགས་པས། སྡེ་བ་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་སོང་ཡོད། ”

ད་ལྟའི་པ་དབྱིན་སྡེ་གསར་གྱི་ཁྱིམ་ཚང་ཡོངས་ཀྱིས་ལག་གི་རྟ་ལྕག་དང་རྐོ་མ་དོར་ནས་ཡུལ་སྐོར་ཡོང་སྒོ་བཙལ་བར་བརྟེན་ནས་འབྱོར་འབྲིང་གི་འཚོ་བར་བསྐྱོད་མགོ་བརྩམས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།