འོད་ནུས་ཀྱིས་དབུལ་སྐྱོར་ལམ་བུའི་མུན་པ་སེལ།
2020.08.13 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 11

 ཉི་འོད་གསལ་ཞིང་འཚེར། རླང་འཁོར་བདེ་མོའི་ལམ་ཏུ་རྒྱུག དུས་ཚོད་སྐར་མ30ལྷག་ཙམ་བསྐྱོད་ན་ཐེངས་འདིའི་དམིགས་ཡུལ་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་འོད་ནུས་ཐོན་ལས་གླིང་གི་མཚོ་ལྷོ་ཁུལ་གྱི་ཀྲའོ་ཝ50.5ཅན་གྱི་སྡེ་བ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་སུ་བསླེབ་ཐུབ།

མཚོ་ལྷོ་ཁུལ་གྱི་ཀྲའོ་ཝ50.5ཅན་གྱི་སྡེ་བ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་དེ་མཚོ་ལྷོ་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིམ་པ་དང་པོའི་འོད་ནུས་དབུལ་སྐྱོར་ལས་གཞིའི་ཁོངས་སུ་གཏོགས། 2018ལོའི་ཟླ12ཚེས31ཉིན། དངོས་སུ་གློག་བཏོན་ཏེ་མཚོ་སྔོན་གློག་དྲར་ཞུགས་པ་དང་ལོ་རེའི་ཆ་སྙོམས་གློག་འདོན་ཚད་ནི་སྟོང་ཝ་བྱེ་བ་བརྒྱད་ཡིན་ཞིང་། ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་བྱེ་བ་དྲུག་ལ་བསླེབས་ཡོད།  གྲངས་ཀ་འདི་ནི་ཆེས་སྤྱིར་བཏང་གི་གྲངས་ཀ་ཙམ་མིན་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་འོད་ནུས་དབུལ་སྐྱོར་ལས་གཞིར་ཕན་པའི་འཚོལ་ཞིབ་གསར་པ་ཡིན་པ་མཚོན།  གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་ལྷོ་ཁུལ་གྱི་ཀྲའོ་ཝ50.5ཅན་གྱི་སྡེ་བ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་ལས་གཉེར་བྱས་པ་ནས་ད་ལྟའི་བར། མཚོ་ལྷོ་ཁུལ་གྱི་རྫོང་ལྔ་ཡི་ཡིག་ཚགས་བཟོས་པའི་དབུལ་ཕོངས་ཁྱིམ་ཚང7269ལྷག་ལ་དབུལ་སྐྱོར་བྱས་ཡོད།

མཚོ་ལྷོ་ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ་ཕྱོགས་བསྡུས་ཚན་ཁག་གི་ཚན་གཙོ་ཚའེ་ཀྲི་ཁང་གིས་བཤད་རྒྱུར། མཚོ་ལྷོ་ཁུལ་གྱི་ཀྲའོ་ཝ50.5ཅན་གྱི་སྡེ་བ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་དེ་གུང་ཧོ་རྫོང་གི་འོད་ནུས་ཐོན་ལས་གླིང་དུ་གསར་འཛུགས་བྱས་ཡོད་ལ། གནས་འདིའི་ས་བབ་སྙོམས་ཤིང་འོད་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ཀྱི་དགེ་མཚན་ལྡན། ལོ་མང་རིང་གི་འཕེལ་རྒྱས་བརྒྱུད་ཐོན་ལས་གླིང་ནང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་དང་གློག་དྲ་འཐེན་པ། གློག་དྲ་མཐུད་སྦྲེལ་བཅས་ལ་སྔར་ལས་སྟབས་བདེ་བསྐྲུན་པ་མ་ཟད། གཅིག་གྱུར་དོ་དམ་ལ་ཡང་ཕན་ཐོགས་སྲིད་ཟེར།

འོད་ནུས་གློག་འདོན་ས་ཚིགས་འདིས་དབུལ་ཕོངས་མང་ཚོགས་ལ་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཡོད།  ཚའེ་ཀྲི་ཁང་གིས་བཤད་རྒྱུར། 2019ལོར། མཚོ་ལྷོ་ཁུལ་གྱིས་འོད་ནུས་གློག་འདོན་ས་ཚིགས་ཀྱི་ཁེ་ཕན་བགོ་བཤའི་དོ་དམ་མཛུབ་སྟོན་བསམ་འཆར་གཞིར་བཟུང་སྟེ། གུང་ཧོ་དང་ཀོས་ནན་། ཁྲི་ཀ་བཅས་རྫོང་གསུམ་གྱི་ཡིག་ཚགས་བཟོས་པའི་དབུལ་ཕོངས་སྡེ་བ121སོ་སོར་ཁེ་ཕན་བགོ་བཤའ་སྒོར་ས་ཡ་གསུམ་འབུམ་དྲུག་ཁྲི་གསུམ་དང་སྡེ་བ་རེ་རེར་ཁེ་ཕན་སྒོར་ཁྲི3རེ་བྱིན་ཡོད། དེ་མིན་ཁེ་ཕན་མ་དངུལ་ལས60%ནི་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་དང་ལྷག་མའི40%ནི་སྡེ་བའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་ལ་བཀོལ་ནས་གླ་ཕོགས་ཀྱི་རྣམ་པ་ལྟར་སྡེ་མི་དག་ལ་བྱིན་པ་རེད།

གུང་ཧོ་རྫོང་སྤྲེལ་ནག་ཡུལ་ཚོའི་དཀར་ལ་སྡེ་བ་ནི་སྔོན་ཆད་ཕྱུགས་ལས་གཉེར་བའི་སྡེ་བ་ཞིག་ཡིན་ཞིང་། མཚོ་ངོས་ལས་མུས་སྟོང་གསུམ་ལྷག་གི་ཨ་མྱེས་བ་ཡན་རི་འདབས་སུ་གནས་ཤིང་། སྡེ་བ་ཧྲིལ་བོར་ཁྱིམ་ཚང337དང་མི་གྲངས1167ཡོད། དེའི་ཁྲོད་ཡིག་ཚགས་བཟོས་པའི་དབུལ་ཕོངས་ཁྱིམ་ཚང72དང་མི་གྲངས220ཡོད། འབྲོག་པ་མང་ཚོགས་ཀྱི་ཁྱིམ་ཚང་གི་ཡོང་འབབ་ཧ་ཅང་དམའ།

2015ལོར་དཀར་ལ་སྡེ་བའི་ཁྱིམ་ཚང72ཀྱི་མི་གྲངས220ཡི་ཡིག་ཚགས་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གིས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འོད་ནུས་དབུལ་སྐྱོར་ལས་གཞིའི་མ་དངུལ་བཀོལ་ནས་གུང་ཧོ་རྫོང་གི་འོད་ནུས་ཐོན་ལས་གླིང་ལ་བཏང་བ་དང་། 2017ལོར་ཁྱིམ་ཚང་རེ་རེར་ལོ་རེའི་ཁེ་ཕན་བགོ་བཤའ་སྒོར་སྟོང་གསུམ་རེ་ཐོབ།

ཁེ་ཕན་བགོ་བཤའ་ནི་འགོ་འཛུགས་ས་གསར་པ་ཞིག་སྟེ། འཕེལ་རྒྱས་གཏོང་བར་ད་དུང་གོམ་སྟབས་གསར་པ་ཞིག་ཏུ་སྤོ་དགོས། དཀར་ལ་སྡེ་བའི་ཁྱིམ་ཚང72ཀྱི་ཁྱིམ་ཚང་རེ་རེའི་སྒོར3000རེ་གཅིག་བསྡུས་སྒོས་བགོ་བཤའ་བརྒྱབ་པ་དང་། དེ་ལས་གཞན་པའི་དབུལ་སྐྱོར་སྲིད་ཇུས་དང་ཟུང་འབྲེལ་སྒོས་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་དུ་མགྲོན་ཁང་ཞིག་གསོ་བྱེད་པ་དང་ཡུལ་སྐོར་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ཡོད། ནོར་ལུག་མེད་པའི་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་ཁྱིམ་ཚང་དག་གིས་ཐོན་ལས་དེ་ཁྱིམ་ཚང་ལ་སྤེལ་བའི་ལས་གཞི་དམ་འཛིན་བྱས་ཏེ། ནོར་ལུག་གསོ་སྤེལ་ནས་མགོ་བརྩམས་སྟེ་ཞིང་ལས་འཕྲུལ་ཆས་ཉོ་བསྡུ་དང་ཡོང་སྒོ་བཙལ་པའི་བརྒྱུད་རིམ་དེ་རིམ་བཞིན་སྣ་མང་ཅན་ཏུ་བཏང་ཡོད།

ཕྱོགས་གཞན་ཞིག་ནས་གུང་ཧོ་རྫོང་ཐེ་ཀེ་ཡུལ་ཚོས་མཛེས་སྡུག་འཚོ་བའི་ཕུགས་འདུན་གཞིར་བཟུང་ནས་འོད་ནུས་ཐོན་ལས་གླིང་ལ་མ་རྩ་བཏང་། ཐེ་ཀེ་ཡུལ་ཚོའི་ཐོ་ལི་དང་ཧོ་ལི་སི་ཞོལ་མ་དགོན་པ། ཧ་ཧ་ཐུ་ཝོས། མ་ཧན་ཐང་སོགས་སྡེ་བ5ལ་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འོད་ནུས་དབུལ་སྐྱོར་ལས་གཞིའི་མ་དངུལ་བཏང་སྟེ་བཏུལ་ཐང་འོད་ནུས་ཁེ་ལས་བཙུགས། 2019ལོར་ཁེ་ཕན་ལེན་འགོ་ཚུགས་ཤིང་སྔོན་དཔག་ལྟར་ན་ལོ་རེར་གློག་རིན་གྱི་ཁེ་སྤོགས་སྒོར་འབུམ་གསུམ་ལ་བསླེབས་ཡོད། ད་ལྟའི་བར་དབུལ་ཕོངས་སྡེ་བ5ལ་ཁེ་ཕན་སྒོར་འབུམ་གཅིག་ཁྲི་ལྔ་ཐོབ། 2015ལོར་གུང་ཧོ་རྫོང་གིས་ཀྲའོ་ཝ20ཅན་གྱི་འོད་ནུས་དབུལ་སྐྱོར་ཚོད་ལྟའི་ལས་གཞི་ལག་བསྟར་བྱས་ནས་འཐོབ་པའི་མ་དངུལ་དག་དབུལ་ཕོངས་སྡེ་བར་དབུལ་སྐྱོར་ཁེ་ཕན་དུ་བཏང་ནས།  ཁེ་ཕན་བགོ་བཤའ་ལོ20ལ་སྤེལ་བ་དང་། 2017ལོ་ནས་འགོ་ཚུགས་སྟེ་ཐེ་ཀེ་ཡུལ་ཚོའི་དབུལ་ཕོངས་ཁྱིམ་ཚང88ལ་སྒོར་འབུམ་བཞི་ཁྲི་གཞི་སྟོང་བཞི་ཡི་རོགས་རམ་ཐོབ་ཡོད།

རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་མཐོར་འདེགས་སུ་བཏང་པས། སྡེ་བའི་རྣམ་པར་སྔ་ན་མེད་པའི་འགྱུར་ལྡོག་བྱུང་བ་དང་མང་ཚོགས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཡོད། འབྱོར་འབྲིང་འཚོ་བའི་སྐོར་གླེང་ཚེ། ཚང་མའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་ཡོད།

མཚོ་ལྷོ་ཁུལ་གྱིས་ཀྲའོ་ཝ50.5ཅན་གྱི་སྡེ་བ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་ཀྱིས་ཁ་ཕྱོགས་གཏན་ཁེལ་སྒོས་མདུན་དུ་བསྐྱོད་རྒྱུ་གཞིར་བཟུང་ནས། དྭངས་གཙང་དང་ལྷད་མེད་ཀྱི་ཕན་འབྲས་འདོན་སྤེལ་བྱས་ཏེ་དཔལ་འབྱོར་ཕན་འབྲས་དང་སྐྱེ་ཁམས་ཕན་འབྲས་གཉིས་དམ་འཛིན་བྱས། ཆར་བ་ཆེན་པོ་ཞིག་གི་རྗེས་སུ་གཞི་ནས་ཉི་འོད་འོད་ནུས་ཐོན་ལས་གླིང་ལ་ཁྱབ་པ་དང་གནམ་མཐའ་རུ་འཇའ་ཚོན་ཤར། མཁའ་དབུགས་གསར་པ་དང་བསྟུན་ནས་འོད་ནུས་ཐོན་ལས་གླིང་གི་ཆར་གྱིས་བརླན་པའི་མེ་ཏོག་གི་འདབ་མ་འདམ་ལས་གྲོལ་འགོ་ཚུགས།

སྔོན་ཆད་བཏུལ་ཐང་གི་གནམ་གཤིས་ཁོར་ཡུག་ཧ་ཅང་སྡུག་ལ་བྱེ་རླུང་གཡུག་པ་ན་བར་སྣང་ཧྲིལ་བོ་རྡུལ་གྱིས་ཁེངས་སྲིད། ལོ་འདི་དག་གི་རིང་ལ། ཐོན་ལས་གླིང་ནང་ཁུལ་གྱི་འོད་ནུས་སྤྱི་ཁྱབ་སྒྲིག་འཛུགས་ཀྱི་ཤོང་ཚད་ཇེ་ཆེ་ནས་ཇེ་ཆེར་སོང་བ་དང་བསྟུན་ནས། རླུང་འཚུབ་གཡུག་སྐབས་འགོག་སྲུང་དངོས་པོ་ཡོད་པས་ས་གཞིར་ཆུ་སིམ་པའི་ནུས་པ་ཡང་མཐོར་འདེགས་སུ་སོང་ཡོད། ས་ཤུན་རིམ་བཞིན་སླར་གསོ་བྱུང་ནས་བྱེ་ཐང་ལྗང་མདོག་ཅན་ཏུ་གྱུར་ཡོད།

མཚོ་ལྷོ་ཁུལ་གྱི་ཀྲའོ་ཝ50.5ཅན་གྱི་སྡེ་བ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་ཀྱི་གློག་འདོན་ཁེ་ལས་འགན་ཁུར་མི་སྣས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་གཞིར་བཟུང་སྟེ། ལྗང་སྒྱུར་བྱ་བར་ཤུགས་བསྣན་ནས་ཉེ་འཁོར་གྱི་ཁེ་ལས་ཟབ་ཞུགས་དང་འོད་ནུས་ཐོན་ལས་གླིང་དང་ཉེ་འཁོར་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དར་སྤེལ་བཏང་ཡོད། ནང་སྒོས་སུ་དབྱར་ཁར་ཡུལ་སྐོར་བ་མང་པོ་གནས་འདིར་ཡུལ་སྐོར་ལ་ཡོང་བ་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བས། རི་སྐྱེས་སྲོག་ཆགས་ཡང་ཇེ་མང་དུ་སོང་ཡོད། ནམ་རྒྱུན་ཝ་མོ་དང་རི་བོང་། རྩྭ་གཡི། ནེ་ལེ་སོགས་རི་སྐྱེས་སྲོག་ཆགས་མང་པོ་མཐོང་ཐུབ།

མཚོ་ལྷོ་ཁུལ་གྱི་ཀྲའོ་ཝ50.5ཅན་གྱི་སྡེ་བ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་དེ་སྐྱེ་ཁམས་དང་དཔལ་འབྱོར་མཉམ་བསྲེས་ཀྱི་སྐུལ་འདེད་འོག བཏུལ་ཐང་གི་སྐྱེ་ཁམས་ལ་སྔར་ལས་མཛེས་སྡུག་བསྐྲུན་ཡོད། ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་མང་ཚོགས་ཀྱི་ཡོང་འབབ་ཡང་ཇེ་མང་དུ་སོང་པས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྒུལ་ཤུགས་ཡོད་པ་མ་ཟད་ལྷད་མེད་འཕེལ་རྒྱས་ཀྱི་ལམ་བུར་ཕྱོགས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།