ཉེ་ལམ་བསྡུས་པའི་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་གྲོང་ཁྱེར་གྱི་མགོ་གཙོའི་མཉམ་འབྲེལ་གྲོས་ཚོགས་སྟེང་ཁུལ་དང་གྲོང་ཁྱེར་བརྒྱད་ཀྱི་མགོ་གཙོས་བརྗོད་དོན་གཙོ་བོར་འབྲེལ་ཏེ་སོ་སོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱེད་པ། ས་ཁོངས་མཉམ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་སྒྲུབ་སྟངས་གསར་པ། ཉམས་མྱོང་གསར་པ་བཅས་ལ་སྤྱི་བསྡོམས་བཟང་བོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་བར་སྟོང་བསྐྱེད་པ། རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་བ་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་སྔར་ལས་ལེགས་བཅོས་གཏོང་བ། མཐའ་མཚམས་མཉམ་བཅོས་མཉམ་སྐྱོང་གི་སྒྲིག་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་སོགས་ཀྱི་ཐད་ནས་སྔ་རྗེས་སུ་གཏམ་བཤད། ཚང་མས་བསྟན་དོན། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་གྲོང་ཁྱེར་ལ་མཚོན་ན་རི་ཆུ་འབྲེལ་ཞིང་མི་ཆོས་མཐུན་ལ། དམངས་སྲོལ་འདྲེས་ཤིང་རིག་གནས་ཀུན་མཐུན་ཡིན་པས་བརྟེན་ས་གཅིག་དང་མགོ་ཁུངས་གཅིག་ལ་འཁེལ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ནང་ས་ཁུལ་འཕེལ་རྒྱས་དང་དར་སྤེལ་གཏོང་བའི་འོས་འགན་ཕྲག་ཏུ་འཁུར་དགོས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་དངོས་དོན་གཉེར་བ་དང་འབད་པ་ལྷོད་མེད་བྱས་ཏེ་རིགས་སོ་སོའི་མི་དམངས་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་པ་བྱ་དགོས།
ཚང་མས་བལྟས་ན། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་གྲོང་ཁྱེར་བཅས་ཀྱིས་ལག་རྡང་མཉམ་འབྲེལ་དང་དཔུང་བ་མཉམ་གཤིབ་ཀྱིས་ས་ཁོངས་བར་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པ་དང་ལྷག་པར་དུ་རྨ་ཆུའི་སྟོད་རྒྱུད་ཀྱི་རི་ཆུ་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་ཁོངས་མཉམ་འབྲེལ་གྱི་ལམ་ལུགས་འཛུགས་གཉེར་བྱེད་པ། མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་འཚོལ་ཞིབ་བྱེད་པ། འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ། ཞིང་ཕྱུགས་ལས་དང་སློབ་གསོ། རིག་གནས། གནས་སྐོར། མི་རིགས་མཐུན་སྒྲིལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་བྱ་བར་ཤུགས་བསྣན་ཏེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཆེན་དུ་བསྐྱོད་དགོས་པ་དང་མིག་སྔའི་གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དབྱེ་ཞིབ་ནན་མོ་བྱས་ཏེ། སྔར་ལས་ཁོད་ཡངས་པ། ཚད་གཞི་མཐོན་པོའི་མཉམ་ལས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་དགོས་པར་སྙམ།
གྲོས་ཚོགས་སྟེང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་གིས་བཤད་རྒྱུར། “‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་དང་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྣམ་པ་གསར་བ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་སོགས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། ལྷག་པར་དུ་ཁྲོན་བོད་ལྕགས་ལམ་དང་ཁྲོན་བོད་མྱུར་བགྲོད་གཞུང་ལམ་སོགས་རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་རིམ་བཞིན་དོན་འཁྱོལ་བྱུང་བ་དང་བསྟུན་ནས། ང་ཚོ་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་སྐབས་དུས་སུ་གནས་ཡོད་ལ། འཕེལ་རྒྱས་ཀྱི་དུས་སྐབས་བཟང་བོའང་ བསུ་བཞིན་ཡོད་ཟེར།
ལིའུ་ཅི་ཞང་གིས་བཤད་རྒྱུར། “འབྲེལ་མཚམས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཟང་ངན་དེ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་བོའི་རྒྱུན་མཐུད་འཕེལ་རྒྱས་དང་ཐད་ཀར་འབྲེལ་བ་ཡོད། ང་ཚོས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་སྟོང་གི་བཀོད་པ་དང་ཐོན་ལས་ཀྱི་བཀོད་པ་གྲུབ་པར་བྱས་ནས། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།
ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ཁུལ་དཔོན་ཆི་ཅན་ཞིན་གྱིས་བཤད་རྒྱུར། “ ད་ལོ་ནི‘ལོ་ལྔའི་འཆར་གཞི་བཅུ་བཞི་པའི’འཆར་གཞི་འགོད་པའི་ལོ་གལ་ཆེན་ཞིག་ཡིན་ལ། དུས་བབ་གསར་པ་དང་། ལས་འགན་གསར་པ། གོ་སྐབས་གསར་པ་བཅས་ཀྱི་མདུན་དུ། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱིས‘གཙང་གསུམ’སྟོད་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་ལས་གཞི་དང་། སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཉམ་དུ་བརྩོན་ལེན་བྱེད་དགོས་པ”དང་། དུས་མཚུངས་སུ་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་དང་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་འཛུགས་སྐྲུན་སོགས་ཐད་ཀྱི་ཕན་ཚུན་སློབ་སྦྱོང་དང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་ཟེར།
བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་མགོ་གཙོ་ཁྲིན་ཅུན་གྱིས་བཤད་རྒྱུར། “ང་ཚོས་ས་ཆུ་སྲུང་འཛིན་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ། རྨོ་སྐྱུར་ནགས་སྐྲུན་དང་ཕྱུགས་སྐྱུར་རྩྭ་འདེབས་སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་སྤྱི་གླིང་གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་དོ་དམ་བྱེད་པ་མངོན་འགྱུར་བྱེད་དགོས། དུས་མཚུངས་སུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གཙང་གསུམ་འབབ་རྒྱུད་སྟོད་སྨད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། ས་རྒྱུའི་སྦགས་བཙོག་རིགས་དབྱེ་དོ་དམ་དང་བདེ་འཇགས་བེད་སྤྱོད་བྱེད་དགོས” ཟེར།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཁུལ་དཔོན་དབྱང་ཁེ་ཉིན་གྱིས་བཤད་རྒྱུར། “ཆུ་རྒྱུད་སྟོད་སྨད་གྲོས་མོལ་དང་ཆུ་ངོགས་གཡས་གཡོན་མཉམ་བཅོས”ཀྱི་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ས་ཁོངས་བར་གྱི་སྐྱེ་ཁམས་ཁོར་ཡུག་སྦགས་བཙོག་མཉམ་འགོག་དང་། མཉམ་འཛིན། མཉམ་བཅོས་བཅས་གཏིང་ཟབ་ཏུ་བཏང་ནས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོ་གསོ་འཁྱོངས་སྲུང་སྐྱོབ་བྱེད་པའི“དྲ་བ་གཅིག”དང“དར་ཆ་གཅིག”ཆགས་པར་བྱས་ཏེ། ས་ཁོངས་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས་བཤད་རྒྱུར།“མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཞིང་ལྗོངས་ལྔའི་ཁུལ་དང་གྲོང་ཁྱེར་དགུ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ང་ཚོས་རྒྱལ་ཁབ་ཀྱིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན། དེ་བཞིན་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་སླར་གསོའི་བཟོ་འགོད་གལ་ཆེན་གྱི་སྤྱིའི་འཆར་འགོད་སོགས་ཀྱི་གོ་སྐབས་དམ་འཛིན་ལེགས་པོ་བྱེད་དགོས་པ་དང་། མཉམ་དུ་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ལས་གཞི་གལ་ཆེན་གྱི་འཆར་འགོད་བཟོས་ནས། རྩྭ་ས་དང་། ནགས་ཚལ། བརླན་ས། སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོབ་བྱེད་པའི་མཉམ་འགོག་སྒྲིག་སྲོལ་བཙུགས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མཉམ་དུ་བསྐྲུན་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན” ཟེར།
མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་གྲོང་ཁྱེར་གྱི་མགོ་གཙོའི་མཉམ་ཞུགས་ཚོགས་འདུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་མངོན་སྟངས་ཤིག་ཡིན་ལ། འབྲེལ་མཚམས་ས་ཁུལ་ཕན་ཚུན་བར་གྱི་མཉམ་འབྲེལ་མཉམ་ལས་དང་གླེང་མོལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། ཉིས་སྟོང་བཅོ་ལྔ་ལོར་མཉམ་ཞུགས་ཚོགས་འདུ་ཚོགས་མགོ་བརྩམས་པའི་ཚུན་ལ། འབྲེལ་མཚམས་ས་ཁུལ་གྱི་མཉམ་ལས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གྱུར་ཞིང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་མི་ཆོས་འབྲེལ་འདྲིས་སོགས་མཚོན་བྱེད་ཡིན་པའི་དངོས་དོན་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དེས་འབྲེལ་མཚམས་ས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ལེགས་པོ་ཐོན་ཞིང་། ཁྱབ་ཁོངས་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ངེས་པ་དོན་གྱིས་ཕན་ཁེ་སྐྲུན་ཡོད།
ཐེངས་འདིའི་མཉམ་ཞུགས་ཚོགས་འདུས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་མཉམ་ལས་ཀྱི་རྣམ་པ་གསར་སྐྲུན། མཉམ་ལས་ཀྱི་ཚད་གཞི་ཇེ་མཐོར་གཏོང་བ་བཅས་རྩ་དོན་དུ་བཟུང་ཞིང་། ཡར་སྔོན་གྱི་མཉམ་ཞུགས་ཚོགས་འདུ་ཐེངས་ལྔའི་ཉམས་མྱོང་གི་རྨང་གཞིའི་ཐོག་སྔར་ལས་སྒོ་འབྱེད་ཀྱི་བསམ་བློ་དང་དངོས་དོན་མཉམ་ལས་ཀྱི་རྣམ་པས་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་གྲོང་ཁྱེར་བར་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་འབྲེལ་འདྲིས་ཀྱི་རྣམ་པ་བཟང་བོ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ཏེ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་ཀྱི་ཚད་གཞི་མཐོར་འདེགས་སུ་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ད་ལྟ་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྔར་ལས་གོང་འཕེལ་བྱུང་ཞིང་། ཁྱོན་ཡོངས་འཕེལ་རྒྱས་ཀྱི་གནད་འགག་གི་དུས་རིམ་ལ་སླེབས་ཡོད་པར་མ་ཟད། མཉམ་ལས་འབྲེལ་འདྲིས་ཐད་ནས་ཀྱང་སྐས་རིམ་གསར་བར་སླེབས་ཡོད།
ལོ་ཙཱ།སྒྲོལ་མ་སྐྱིད།