དབུལ་ཐར་གྱི་ལམ་དུ་སྙེག་བཞིན་པའི་བདེ་སྐྱིད་སྡེ་བ།
2020.08.19 ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས། 56

 2020ལོར་དུས་བཅད་ལྟར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་། ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་རྣམས་གསོ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། “རི་མགོའི་གནད་དོན་རི་འདབས་ནས་ཐག་གཅོད་བྱེད་པའི་”བསམ་ཕྱོགས་ལྟར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་བདེ་ཁུལ་དུ་གནས་སྤོ་བ་དེ་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས།

2016ལོའི་ཟླ་9པར། གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་རྨ་ཆུའི་ཤར་རྒྱུད་དུ་གནས་སྤོ་བའི་ལས་གཞི་ལག་བསྟར་བྱས་ཏེ། རི་ཁུལ་གྱི་འཚོ་སྡོད་ཆ་རྐྱེན་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་ཧ་ཅང་རྗེས་ལུས་ཡིན་པའི་ཡུལ་ཚོ་དང་གྲོང་རྡལ7གྱི་སྡེ་བ30ཡི་ཁྱིམ་ཚང་251གི་མི946དང་། དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་226གི་མི་893དང་། ཡིག་ཚགས་དང་བྱང་བུ་བཟོས་མེད་པའི་ཁྱིམ་ཚང་25ཡི་མི་53ཡོད་པ་དུས་མཉམ་དུ་གནས་སྤོ་བྱས་ཤིང་།  སྡོད་ཁང251བསྐྲུན་པ་དང་།  འཛུགས་སྐྲུན་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི་གཅིག་སྟོང་བདུན་བརྒྱད་བརྒྱ་གོ་དགུ་ལྷག་ཟིན་ནས་2017ལོའི་ཟླ་11པར་ཚང་མ་སྡོད་ཁང་གསར་བའི་ནང་སྤར་ཐུབ་པ་བྱུང་ཡོད།

བདེ་སྐྱིད་སྡེ་བའི་སྡེ་མི་འཇམ་དཔལ་སྒྲོལ་མས་གསར་འགོད་པར་བཤད་རྒྱུར།  “སྔོན་ཆད་སྨན་ཁང་དང་བར་ཐག་ཧ་ཅང་རིང་བས་འགྲོ་འོང་བྱེད་པར་སྟབས་མི་བདེ། ད་ལྟ་ཕྱོགས་གང་ཐད་ནས་སྟབས་བདེ་རེད” །  “རྒྱལ་ཁབ་ཀྱི་རོགས་རམ་འོག་ང་ཚོ་བདེ་སྐྱིད་སྡེ་བར་གནས་སྤར་ནས་ལོ་གསུམ་འགོར་བ་དང་། ཐོག་མར་ཚོང་ཁང་ཞིག་གཉེར་བ་དང་དེ་རྗེས་རིམ་བཞིན་མགྲོན་ཁང་གཉེར་བ་ཡིན།” །  “ཚོང་རྒྱག་ཞོར་དུ་ཁྱིམ་ལ་ལྟ་རྟོག་བྱེད་ཐུབ་པ་དེ་ནི་ཡུལ་གཞན་ལ་ཞོར་ལས་སུ་ཕྱིན་པ་ལས་རང་ཁྱིམ་གྱི་ཚོང་ཁང་གཉེར་བའི་ཡོང་འབབ་ཧ་ཅང་བཟང་།

“གནས་སྤོ་ཐུབ་པ་དང་། བརྟན་བརླིང་ཡོང་བ། ཕྱུག་པོར་འགྱུར་ཐུབ་པ་”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། བདེ་སྐྱིད་སྡེ་བས་རྨ་ཆུའི་ཆུ་བེད་མཛེས་ལྗོངས་དང་། གནམ་གཤིས། ས་བབ། ས་ཁོངས་སོགས་ཀྱི་ལེགས་ཆར་བརྟེན་ནས། གནས་སྤོའི་དབུལ་སྐྱོར་བྱ་རྒྱུ་དེ་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་དང་རིག་གནས་ཡུལ་སྐོར་ལས་རིགས་ དང་ཟུང་འབྲེལ་བྱེད་པའི་ལམ་བུ་གསར་པ་གསར་གཏོད་དང་འཚོལ་ཞིབ་ལེགས་པོ་བྱས་ཤིང་། ཞིང་སྡེའི་ཡུལ་སྐོར་གཙོ་བྱས་ཏེ་ཁྱད་ལྡན་ཞིང་ལས་དང་རིག་གནས། འོད་ཤུགས་སོགས་ཐོན་ལས་དང་པོ་དང་། ཐོན་ལས་གཉིས་པ། ཐོན་ལས་གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་པའི་“ལས་མང་མཉམ་སྤེལ་དང་ཡང་བསྐོར་བསྐྱར་བསྐོར”གྱི་དབུལ་སྐྱོར་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས།

གནས་སྤོ་བྱས་པ་ནས་བཟུང་བདེ་སྐྱིད་སྡེ་བས་དམངས་སྲོལ་རིག་གནས་དང་མདའ་འཕེན་རིག་གནས། རྨ་ཆུའི་རིག་གནས། ཞིང་རྨོད་རིག་གནས་སོགས་ཀྱི་གྲུབ་ཆ་མ་དོར་བར་མི་རིགས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པའི་བོད་ལུགས་སྡོད་ཁང་འཆར་འགོད་དང་འཛུགས་སྐྲུན་བྱས་པ་མ་ཟད། སྤྲོ་གསེང་ཐང་ཆེན་དང་གྲུ་ཁ། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་སྒར་ས། མཐོངས་ཡངས་བྱེ་ཐང་།  པར་ལེན་རྟེན་གཞི། མེ་ཏོག་གི་རྒྱ་མཚོ། རྨོ་འདེབས་ཉམས་ལེན། ཞིང་ཁྱིམ་སྤྲོ་སྐྱིད་གླིང་། ཟས་རིགས་ཐང་ཆེན་སོགས་ཡུལ་སྐོར་ཐོན་ལས་ཀྱི་རྗེས་མཐུད་ལས་གཞི་ལག་བསྟར་བྱས་པ་དང་། ཚོང་འགུགས་དངུལ་འདྲེན་གྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། ཀྲུང་གོའི་མཚོ་སྔོན་འཛུགས་སྐྲུན་ཚོགས་པ་ནང་འདྲེན་བྱས་ནས་བདེ་སྐྱིད་སྡེ་བའི་མཛེས་ལྗོངས་ཁུལ་དེ་ཚོང་ར་ཅན་གྱི་ལམ་ལུགས་ཀྱིས་གཉེར་སྐྱོང་བྱས་ཤིང་། གནས་སྤོས་མང་ཚོགས་ཀྱིས་“རི་ཆུའི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་འཚོ་བ་སྐྱེལ་ཐུབ་པར་”རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་བོད་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་གངས་ལྷ་སྒྲོལ་མས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་གཅན་ཚ་རྫོང་བདེ་སྐྱིད་སྡེ་བའི་བདེ་ཁུལ་དུ་གནས་སྤོ་བའི་དབུལ་སྐྱོར་ལས་གཞི་དེ་ས་གནས་སྲིད་གཞུང་གི་ནོར་སྲིད་རྒྱབ་སྐྱོར་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་བརྒྱུད་ནས། རྨ་ཆུའི་ཆུ་ངོགས་མཛེས་ལྗོངས་ཁུལ་ལ་བརྟེན་པ་དང་། བོད་ཀྱི་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་“རིག་གནས་ཡུལ་སྐོར་དང་། གནད་སྨིན་དབུལ་སྐྱོར། ཞིང་སྡེ་དར་སྤེལ”བཅས་ཀྱི་བྱེད་སྟངས་ཐོག་ནས་བོད་ཇ་འདེབས་འཛུགས་དང་། གྲོང་གསེབ་ཀྱི་རིག་གནས་ཉམས་ལེན་བྱེད་པ་སོགས་ཐབས་ལམ་སྣ་མང་ལ་བརྟེན་ནས། ས་གནས་དེའི་སྡེ་མིའི་མི་རེའི་ཆ་སྙོམས་ཡོང་འབབ་ཇེ་མང་དུ་ཕྱིན་ནས་སྡེ་བའི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་བསྐྲུན་ཡོད། དེ་དག་གིས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་པས་འཕེལ་རྒྱས་གཏོང་སྟངས་འདི་ནི་བོད་རིགས་ས་ཁུལ་དུ་ཁྱབ་གདལ་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད་ཟེར།

ཤེས་རྟོགས་བྱུང་བ་ལྟར་ན། དུས་ཆེན་དང་གུང་གསེང་སྐབས་ཀྱི་བདེ་སྐྱིད་སྡེ་བར་རྟག་ཏུ་ཡུལ་སྐོར་བས་ཁེངས་ཤིང་། བདེ་སྐྱིད་སྡེ་བའི་མཛེས་ལྗོངས་ཁུལ་གྱི་བྱེ་ཐང་དང་། མེ་ཏོག་གི་རྒྱ་མཚོ། ཐང་ཆེན་ཆུང་ཆུང་བཅས་སུ་ཡུལ་སྐོར་བ་ཚོས་གཅིག་རྗེས་གཉིས་མཐུད་དུ་ལག་ འཁྱེར་ཁ་པར་བཟུང་ནས་རྨ་ཆུའི་འགྲམ་ངོགས་ཀྱི་མཛེས་ལྗོངས་པར་རྒྱག་པ་དང་དྲན་རྟེན་འདྲ་པར་ཡང་བསྐྱོན་པ་རེད། ལོ་འདི་དག་རིང་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པའི་ཆ་ནས། གངས་ལྷ་སྒྲོལ་མས་གསར་འགོད་པར་“སྔོན་ཆད་གུང་གསེང་སྐབས་སུ་རྨ་ཆུའི་འགྲམ་ངོགས་སུ་ཡུལ་སྐོར་ལ་འགྲོ་མཁན་ཧ་ལམ་མེད། ད་ལྟ་བདེ་སྐྱིད་སྡེ་བར་གཟའ་མཇུག་ཏུ་དུས་ཚོད་གཅིག་གཉིས་ཙམ་ལ་གྲལ་བསྒྲིག་ནས་སྒུག་དགོས། གཅན་ཚ་ནི་ངའི་ཕ་ཡུལ་ཡིན་པས། ལོ་འདི་དག་གི་ནང་ཕ་ཡུལ་གྱི་འགྱུར་ལྡོག་ལ་ལྟ་བཞིན་ང་རང་ཧ་ཅང་དགའ་པོ་བྱུང་ཡོད་ལ། གཅན་ཚ་རྫོང་གི་འབྱུང་འགྱུར་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་དེ་ལྟར་བཤད་བྱུང་།

བདེ་སྐྱིད་སྡེ་བ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ནས་གཅན་ཚ་རྫོང་གིས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་། ཡུལ་སྐོར་གསར་སྤེལ། སྤྱི་ཚོགས་བཅོས་སྐྱོང་། ཐོན་ལས་རོགས་སྐྱོར་སོགས་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་ལས་ཞུགས་ལས་གནས་གསར་སྤེལ་བྱས་ནས་མི་352ཐད་ཀར་ལས་ཞུགས་ཐུབ་པ་བྱུང་ཡོད། མང་ཚོགས་རྣམས་ཐག་ཉེ་ས་དང་ས་ཆ་དེ་ནས་ལས་ཞུགས་ཐུབ་པ་བྱུང་ཡོད་ཅིང་། ཞིང་པའི་སྤྲོ་སྐྱིད་ཁང་འཛུགས་གཉེར་དང་མ་བྱན་ལག་རྩལ་གསོ་སྦྱོང་བྱེད་པ། གནས་སྤོས་མང་ཚོགས་རྣམས་ཞིང་སྡེའི་ཡུལ་སྐོར་གསར་སྤེལ་ནང་ཞུགས་སུ་བཅུག་ནས་“སྒོ་ཕྱེ་ན་ཚོང་ཁང་དང་སྒོ་རྒྱབ་ན་ཁྱིམ་ཚང་ཡིན་”ཞེས་པ་མངོན་འགྱུར་བྱུང་བ་དང་ཆབས་ཅིག    སྡེ་བའི་ཁྱིམ་ཚང་38ལ་ས་བསྲེག་གོ་རེ་དང་། ཞོ། རྩམ་པ་སོགས་ཁྱད་ལྡན་བཟའ་བཏུང་ཐོན་ལས་གཉེར་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་ཡུལ་སྐོར་བ་རྣམས་ལ་མཛེས་ལྗོངས་མྱོང་རོལ་ཐུབ་པ་མ་ཟད། ས་གནས་ཀྱི་དམངས་སྲོལ་གོམས་གཤིས་ཀྱང་མྱོང་རོལ་ཐུབ་པ་བྱས་ཡོད།

བདེ་སྐྱིད་སྡེ་བས་མཛེས་ལྗོངས་ཁུལ་གཉེར་སྐྱོང་བྱས་པའི་ཚུན་ལ། 2018ལོར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ས་ཡ་གཉིས་འབུམ་གཅིག་ཁྲི་ལྔ་ཟིན་པ་དང་། 2019ལོའི་“ལྔ་གཅིག་”གུང་གསེང་སྐབས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་གཉིས་སྟོང་གཉིས་ལ་སྣེ་ལེན་བྱས་པ་རེད། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་ས་ཡ་གཅིག་འབུམ་གཅིག་ཙམ་ཟིན་ཅིང་། “2018ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་”ལའང་བདེ་བླག་ངང་བདམས་ཐོན་བྱུང་ནས་“ཞིང་ཆེན་ཡོངས་ཀྱི་བདེ་ཁུལ་དུ་གནས་སྤོས་བའི་དབུལ་སྐྱོར་བཀོད་སྒྲིག་དཔེ་སྟོན་ས་ཚིགས་”དང་“AAAརིམ་པའི་ལྗོངས་ཁུལ་”དུ་བདམས་པ་རེད།  ད་ལྟ་སྡེ་བ་འདི་སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་ཁྱད་ཆོས་དམིགས་བསལ་ལྡན་པ། ཁྱད་སྟོབས་མངོན་གསལ་དོད་པ་བཅས་ཀྱི་སྐྱེ་ཁམས་མཛེས་ལྗོངས་སྡེ་བ་ཞིག་ཏུ་གྱུར་ཡོད།

རྨ་ཆུའི་འགྲམ་རྒྱུད་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་བདེ་སྐྱིད་སྡེ་བ་ནི་ཡུལ་གཞན་ནས་གནས་སྤར་ཡོང་བའི་སྡེ་བ་ཞིག་ཡིན་ལ། 2017ལོར་གནས་སྤོར་ཡོངས་འགྲུབ་བྱུང་རྗེས། བདེ་སྐྱིད་སྡེ་བས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་དབུལ་སྐྱོར་གནས་སྤོར་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། ཞིང་སྡེའི་ཡུལ་སྐོར་ལས་རིགས་འགོ་ཚུགས་ས་བྱེད་པ་དང་། རིག་གནས་དང་འོད་ནུས་སོགས་ཐོན་ལས་མཉམ་བསྲེས་བྱེད་པའི་དབུལ་སྐྱོར་ཁྱད་ལྡན་ཐོན་ལས་གསབ་སྦྱོང་བྱས།  ད་ལྟའི་བདེ་སྐྱིད་སྡེ་བར་ཁམས་གཡེང་ཐང་ཆེན་དང་གྲུ་ཁ། བྱེ་ཐང་། མེ་ཏོག་གི་རྒྱ་མཚོ། ཞིང་ཁྱིམ་སྤྲོ་སྐྱིད་གླིང་། ཟས་མཆོག་ཐང་ཆེན་སོགས་ཡུལ་སྐོར་ཐོན་ལས་རྣམ་གྲངས་ཆ་ཚང་ཡོད། 2020ལོའི་ཟླ7པར་རིག་གནས་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རིམ་པ་གཉིས་པའི་རྒྱལ་ཡོངས་ཀྱི་ཞིང་སྡེའི་ཡུལ་སྐོར་གཙོ་གནད་སྡེ་བའི་མིང་ཐོ་གཏན་འབེབས་བྱས་ཤིང་། བདེ་སྐྱིད་སྡེ་བའི་མིང་ཐོ་ཡང་དེའི་ཁྲོད་ཚུད་པས་ས་གནས་ཀྱི་ཡུལ་སྐོར་མིང་བྱང་གྲགས་ཅན་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།