གནས་སྤོར་གྱིས་དབུལ་ཕོངས་བསལ། གཞིས་གསར་གྱིས་བདེ་སྐྱིད་བསུས།
2020.08.21 ཁུངས། མི་དམངས་དྲ་བ། ཀློག་གྲངས། 21

 དབྱར་གཞུང་དུ་སླེབས་ནའང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སྔར་བཞིན་ཁ་བ་ལྷབ་ལྷབ་ཏུ་འབབ་བཞིན་འདུག རྟ་བོ་གྲོང་རྡལ་ནས་རླངས་འཁོར་ལ་བསྡད་དེ་སྤྱི་ལེ300ལྷག་སོང་རྗེས། གསར་འགོད་པ་པདྨ་རྫོང་སྨར་ཁོག་ཞང་རྩེ་མདའ་གཞིས་གསར་དབུལ་སྐྱོར་གནས་སྤོར་བདེ་འགོད་ཁུལ་དུ་ཐོན་པ་དང་། མཐོང་ཡུལ་དུ་གྱུར་པ་ནི་གསར་པ་གསར་རྐྱང་གི་བོད་ལུགས་ཐོག་ཁང་རེ་རེ་དང་། གཙང་ཞིང་གྲ་དག་པའི་གཞུང་ལམ། ཆ་ཚང་བའི་སྒྲིག་བཀོད། དེ་མིན་ད་དུང་གནས་སྤོར་མང་ཚོགས་ཀྱི་འཛུམ་མདངས་བཅས་རེད།

“ནང་དུ་ཤོག་ལ་འོ་ཇ་ཞིག་འཐུང་དང་།”ལོ་ན30ལ་སོན་པའི་ཇོ་ཇོས་སྤྲོ་སེམས་འཁོལ་བའི་ངང་ཚང་མ་ཁང་གསར་ནང་དུ་ཁྲིད། སྨི་གྲུ་བཞི་མ80ཅན་གྱི་ཁང་པ་དེ་ནི་ཁོད་ཡངས་ལ་འོད་གསལ་ཞིང་། ནང་དུ་ཁྱིམ་མི4བསྡད་ཡོད་པ་རེད། ནང་རྒྱན་བཏང་བ་སྟབས་བདེ་ཞིང་དྲོད་ཁོལ་འཛོམས་ལ། བརྙན་འཕྲིན་དང་འཁྱག་སྒམ། འབོལ་ཁྲི་སོགས་ཅ་ལག་བསྒྲིགས་པ་ཆ་ཚང་བས། བལྟས་ཚོད་ཀྱིས་ཁོའི་བཟའ་མི་གང་བོས“གྲོང་ཁྱེར་པའི”འཚོ་བ་རོལ་བ་དང་ཧ་ཅང་འདྲ།

རང་གི་ཁང་གསར་གླེང་ཡོང་དུས་ཇོ་ཇོས་བསྟོད་པ་ཡང་ཡང་བྱེད། “སྔོན་ཆད་རྫ་མགོ་རི་མགོ་ནས་སྡོད་དུས་འཚོ་བར་དཀའ་ཁག་ལྡན་ལ། འགྲིམ་འགྲུལ་སྟབས་བདེ་མིན་པས། སྨན་པར་སྟོན་པ་དང་། སློབ་གྲྭར་འགྲིམ་པ། ཞོར་ལས་གཉེར་བ་བཅས་གང་ཡང་སྟབས་བདེ་མིན། ད་ལྟ་བདེ་འགོད་ཁུལ་དུ་གནས་སྤར་རྗེས། བུ་བཅོལ་ཁང་དང་། སྨན་ཁང་ཐག་ཉེ་སར་ཡོད་ལ། ཞོར་ལས་བྱེད་སའང་སྔོན་ཆད་ལས་ཧ་ཅང་འཚོལ་བདེ། སྡེ་བའི་རྩྭ་སྲུང་ཡིན་པའི་ཆ་ནས། ཟླ་རེར་སྒོར1800ཡི་ཡོང་འབབ་ཡོད་པ་དང་། དུས་རྒྱུན་ཆུང་མས་སྡེ་འགྲམ་དུ་ཞོར་ལས་ཙག་ཙིག་བྱེད་བཞིན་ཡོད་སྟབས། འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་རེད།”

ཇོ་ཇོ་ཚང་ནི་སྨར་ཁོག་ཞང་རྩེ་སྟོད་སྡེ་བའི་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་ཡིན་པ་དང་། ལོ་འདི་འགར་རྒྱལ་ཁབ་ཀྱིས་རོགས་སྐྱོར་དང་རང་ཉིད་ཀྱིས་འབད་འབུངས་བྱས་པ་བརྒྱུད། 2018ལོར་དབུལ་ཐར་མངོན་འགྱུར་བྱས། “གཞན་སར་གནས་སྤོར་བྱས་རྗེས། ང་ཚོའི་སྡེ་བས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་སྤེལ་མགོ་བརྩམས་པར་མ་ཟད། ལོ་རེར་སྒོར1000ལྷག་གི་ཐོབ་ཆ་བགོ་རྒྱུ་ཡོད་པས། འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད།”ཇོ་ཇོ་རང་གི་ད་ལྟའི་འཚོ་བར་ཡིད་ཚིམ་ཡོད།

དེ་སྔོན་རྩེ་སྟོད་སྡེ་བ་ནི་ཆ་སྙོམས་ཀྱིས་མཚོ་ངོས་ལས་མཐོ་ཚད་ལ་སྨི3900ཡོད་པའི་རོང་ཁུལ་དུ་ཆགས་ཤིང་། རྫོང་མཁར་དང་བར་ཐག་སྤྱི་ལེ60ཡོད། འབྲོག་པ་མང་ཚོགས་རྫ་མགོ་རི་མགོ་རུ་བསྡད་ཡོད་པ་དང་། གནས་དབེན་ལ་རང་བྱུང་གི་ཆ་རྐྱེན་ཞན་སྟབས། འགྲིམ་འགྲུལ་སྟབས་མི་བདེ་བ་དང་། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་ལ། ཐོན་སྐྱེད་དང་འཚོ་བར་དཀའ་སྡུག་ཆེ། 2016ལོར་རྩེ་སྟོད་སྡེ་བས་གཞན་སར་གནས་སྤོར་བའི་སྲིད་ཇུས་ལག་བསྟར་བྱས་པ་དང་། 2018ལོར་མང་ཚོགས་བདེ་འགོད་ཁུལ་དུ་གཏན་སྡོད་བྱས།

སྨར་ཁོག་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཀླུ་རྒྱལ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2016ལོར་ཞང་ཡོངས་ཀྱིས་རྩེ་སྟོད་དང་རྩེ་མདའ་སྡེ་བ་གཉིས་ཀྱི་དུད་ཁྱིམ39ཡི་མི173གཞན་སར་གནས་སྤོར་བྱེད་པ་གཙོ་རུ་བཟུང་སྟེ་ལག་བསྟར་བྱས་ལ། སྨར་སྐེད་ལྷས་སྡེ་བའི་དུད་ཁྱིམ57གྱི་མི169གཞན་སར་གནས་སྤར། ལོ་འདི་འགའི་རིང་ལ། སྨར་ཁོག་ཞང་གིས་བྱེད་སྟངས་སྣ་མང་སྤྱད་དེ། རིགས་མི་གཅིག་པའི་གསོ་སྦྱོང་དང་ཞབས་ཞུ་ལ་ཤུགས་བསྣན་པ་དང་། བདེ་འགོད་ཁུལ་དང་ཐོན་ལས་མཉམ་འདྲེས་ཆ་བསྒྲིགས་ཀྱིས་འཕེལ་རྒྱས་སུ་བཏང་བ་དང་། དབུལ་སྐྱོར་གནས་སྤོར་དང་ཐོན་ལས་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱས་ཏེ། གནས་སྤོར་མང་ཚོགས་གང་མགྱོགས་ཀྱིས་འཚོ་བ་རོལ་སྟངས་གསར་པར་གོམས་པར་འབད་པ་བྱས།

གཞན་སར་གནས་སྤར་བས་དབུལ་ཕོངས་མང་ཚོགས་ཀྱི་འཚོ་གནས་ཁོར་ཡུག་ལེགས་བསྒྱུར་བྱས་པ་ཙམ་ཡིན་ལ། རྗེས་མཐུད་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ་ནི།ད་གཟོད་དབུལ་ཐར་ཕྱུག་བསྒྱུར་གྱི་ཐབས་ལམ་ནུས་ལྡན་རེད། དབུལ་སྐྱོར་གནས་སྤོར་བྱ་བ་སྤེལ་མགོ་ཚུགས་པའི་དུས་མགོར། སྨར་ཁོག་ཞང་གིས་རྗེས་མཐུད་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དེ་གཞན་སར་གནས་སྤོར་བྱ་བའི་ནང་བཞག་ནས། བཟོ་འགོད་འཛུགས་སྐྲུན་དང་དུས་མཉམ་དུ་འཆར་འགོད་དང་དུས་མཉམ་དུ་འཛུགས་སྐྲུན། དུས་མཉམ་དུ་འཕེལ་རྒྱས་སུ་བཏང་།

སྨར་ཁོག་ཞང་གི་བོད་ལྭ་ལས་སྣོན་བཟོ་གྲྭ་རུ། སྡེ་མི་སྨན་མཚོས་བྱང་ཆ་ལྡན་པའི་ངང་འཚེམ་འཁོར་སྤྱོད་ཞོར་བཤད་རྒྱུར། “སྲིད་གཞུང་གིས་དངོས་གནས་སྔ་འདང་ཕྱི་འདང་མང་པོ་བརྒྱབ་འདུག ང་ཚོ་གནས་སྤོར་མང་ཚོགས་ལ་གཅིག་གྱུར་གྱིས་ལག་རྩལ་གསོ་སྦྱོང་བྱས་ཏེ། ང་ལ་འཚེམ་འཁོར་གྱི་ལག་རྩལ་ཤེས་སུ་བཅུག སྔོན་ཆད་གནམ་གཤིས་ལ་བརྟེན་ནས་ཁ་གསོས། ད་ལྟ་རྩལ་ནུས་ལ་བརྟེན་ནས་ཡོང་འབབ་འཚོལ་བཞིན་ཡོད། ཟླ་རེར་སྒོར་སུམ་སྟོང་ནས་བཞི་སྟོང་ལོན་ཐུབ་པས། འཚོ་བ་ཉིན་རེ་ནས་ཉིན་རེར་རེ་ས་ཡོད་པར་གྱུར་ཡོད།”

སྨར་ཁོག་ཞང་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ། རྩེ་མདའ་སྡེ་བའི་སྡེ་དམངས་སངས་རྡོ་ཡིས་བཤད་རྒྱུར།“མཉམ་ལས་ཁང་གནས་སྤོར་བདེ་འགོད་ཁུལ་དང་ཧ་ཅང་ཐག་ཉེ། ངེད་ཚང་གི་རྩྭ་ས་རྒྱུན་འཁོར་རྣམ་པས་མ་རྐང་དུ་བཞག་ཡོད་ལ། ལོ་རེར་ཐོབ་ཆ་སྒོར2600ཡས་མས་ཡོད་པ་དང་། རང་གིས་རྩལ་ནུས་ཙམ་ཡང་སྦྱངས་ཏེ། མཉམ་ལས་ཁང་དུ་ཞོར་ལས་བྱེད་བཞིན་ཡོད་ལ། དེར་དུས་ཚིགས་ཀྱི་རང་བཞིན་ལྡན་ནའང་། ལོ་རེར་སྒོར6000ལྷག་གི་གླ་ཕོགས་ལོན་ཐུབ།”

ཀླུ་རྒྱལ་ཚེ་རིང་གིས་བཤད་རྒྱུར། “ད་ལོར། པདྨ་རྫོང་གིས་མ་དངུལ་སྒོར་ཁྲི400བཏང་སྟེ་འབྲི་གཡག་གསོ་སྤེལ་རྟེན་གཞི་བཙུགས་པ་དང་། མ་དངུལ་སྒོར་ཁྲི100བཏང་སྟེ་རྩེ་སྟོད་སྡེ་བའི་དུང་དཀར་ཤིང་བརྐོས་ལས་སྣོན་བཟོ་གྲྭ་བཙུགས་པས། ད་ལྟའི་བར་རིམ་བསགས་ཀྱིས་བོད་ལུགས་ཁྱིམ་ཆས500ལྷག་ཕྱིར་འཚོང་བྱས་ཏེ། ཚོང་གཉེར་གྱི་ཡོང་འབབ་སྒོར་ཁྲི90ལྷག་ལ་སླེབས་པ་དང་། ཁེ་སྤོགས་རྐྱང་རྐྱང་སྒོར་ཁྲི15ལྷག་ལ་སླེབས་པ་དེས་གནས་སྤོར་མང་ཚོགས་ཀྱི་ཡོང་འབབ་འཚོལ་ཐབས་ཆེས་ཆེར་རྒྱ་བསྐྱེད་པ་དང་། གནས་སྤོར་མང་ཚོགས་ཕྱུག་བསྒྱུར་བྱེད་པར་ཐབས་ལམ་རྙེད་པ་རེད།”

ལོ་འདི་འགའི་རིང་ལ། པདྨ་རྫོང་གིས“དུད་ཁྱིམ་གཅིག་གནས་སྤོར་གཞིས་ཆགས་བྱས་ན། ཐོན་ལས་ཀྱིས་དུད་ཁྱིམ་གཅིག་གསོ་སྦྱོང་བྱས་ཏེ། བརྟན་འཇགས་ངང་དུད་ཁྱིམ་གཅིག་དབུལ་ཐར་བྱེད་པ”ཡི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གནས་སྤོར་དུད་ཁྱིམ་ཡོངས་ཀྱི་ངལ་རྩོལ་པའི་གནས་ཚུལ་ལ་གཞིགས་ཏེ་རིགས་བགར་བ་དང་། ངལ་ལས་ཡིག་ཚགས་བཙུགས་ནས། མ་རྩའི་ཡོང་འབབ་ལ་བརྟེན་ནས་སྐོར་ཞིག་ལ་རོགས་སྐྱོར་བྱེད་པ་དང་། གཞི་ཁྱོན་གསོ་སྤེལ་གྱིས་སྐོར་ཞིག་སྐུལ་ཁྲིད་བྱེད་པ། དབུལ་སྐྱོར་འཁོར་ཁང་གིས་སྐོར་ཞིག་ལས་ཞུགས་བྱེད་དུ་འཇུག་པ་དང་། ལས་ཞུགས་ཞབས་ཞུས་སྐོར་ཞིག་གི་དཀའ་ངལ་སེལ་བ། ས་ཞིང་འཁོར་རྒྱུག་གིས་སྐོར་ཞིག་གི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་། འོད་ཧྥུ་དབུལ་སྐྱོར་གྱིས་སྐོར་ཞིག་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་བྱེད་ཐབས་སྤྱད་དེ། གནས་སྤོར་ཁྱིམ་ཚང་རེར་ཡོང་འབབ་ཇེ་མང་དུ་གཏོང་བའི་ཐོན་ལས་ཤིག་ཡོད་པར་འབད་པ་བྱས་པ་དང་། དབུལ་ཁྱིམ་རེར་ལས་ཞུགས་བྱས་པའམ་ཡང་ན་བཟོ་ལས་སམ་ཚོང་གཉེར་བ་གཅིག་ཡོད་པར་བྱས་ཏེ། གཞི་རྩའི་སྟེང་ནས“གནས་སྤོར་ཐུབ་པ། གཏན་སྡོད་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ། ཕྱུག་བསྒྱུར་བྱེད་ཐུབ་པ”ཡི་དམིགས་འབེན་མངོན་འགྱུར་བྱས།

མི་རབས་ནས་མི་རབས་བར་གཞིས་སྡོད་བྱས་པའི་རྩྭ་ཐང་དང་ཁ་བྲལ་ཏེ། གྲོང་རྡལ་དུ་གནས་སྤར་ནས་སྔར་ལས་སྟབས་བདེའི་འཚོ་བ་རོལ་བཞིན་པའི་འབྲོག་པ་མང་ཚོགས་ཀྱིས་རང་གི་ལག་ཟུང་གི་རྩོལ་བ་ལ་བརྟེན་ཏེ། གོམ་པ་རེ་རེ་བཞིན་དབུལ་ཕོངས་ལས་བྲལ་ཏེ། སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་བཞིན་ཡོད། །

                                                               རྩོམ་སྒྲིག་པ། གཡང་འབུམ་རྒྱལ།