ཟླ་བདུན་པའི་མཁར་དམར་རྩྭ་ཐང་དུ་ཤ་མོ་སེར་པོ་མང་པོ་སྐྱེས་པ་དང་བསྟུན་ནས། རིན་ཆེན་དོན་ཡོད་ཀྱི་འཚོ་བར་སྔར་བས་བྲེལ་འཚུབ་ཀྱིས་ཁེངས།
རིན་ཆེན་དོན་ཡོད་ཚང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་མཁར་དམར་གྲོང་རྡལ་མཁར་དམར་སྡེ་བར་ཡོད་ལ། གནས་འདི་རུ་ཆེས་མཛེས་པའི་རྩྭ་ཐང་སྟེ་མདོ་ལ་རིང་མོའི་རྩྭ་ཐང་ཆེན་མོ་ཡོད།
ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་རྩྭ་ཐང་དང་ཏང་གི་དམངས་ཕན་སྲིད་ཇུས་སྣ་མང་ལ་བརྟེན་ནས། རིན་ཆེན་དོན་ཡོད་ཀྱང་འབྲོག་པ་དཀྱུས་མ་ཞིག་ནས་ཡུལ་སྐོར་མཐུན་ཚོགས་ཀྱི་ཚོགས་གཙོར་གྱུར་པ་དང་། དབུལ་ཕོངས་ཁྱིམ་ཚང་ཞིག་ནས་སྡེ་མི་ཡོངས་ཕྱུག་པོར་བསྒྱུར་པའི“སྣེ་ཁྲིད་མཁན”དུ་གྱུར།
དོན་དག་ཡོད་ཚད2015ལོར་རིན་ཆེན་དོན་ཡོད་དབུལ་ཕོངས་ཁྱིམ་ཚང་དུ་གནད་ཁེལ་དབྱེ་འབྱེད་བྱས་པ་ནས་བཤད་དགོས།
རིན་ཆེན་དོན་ཡོད་ཚང་མ་ཁྱིམ་ནས་ལོགས་སུ་བུད་རྗེས། ཁོས་ཆུང་མ་དང་བུ་ཆུང་ཁྲིད་དེ། ནོར11དང་ལུག140ལྷག་ཡོད་པ་དེ་ལ་བརྟེན་ནས་ཁེར་རྐྱང་གི་འཚོ་བ་རོལ་བ་རེད། ནོར་ལུག་འདི་དག་ཡོད་པས་འཚོ་བ་རོལ་རྒྱུ་ནི་དེ་འདྲ་དཀའ་རྒྱུ་མེད་མོད། འོན་ཀྱང་འབྲོག་པ་ཞིག་ལ་མཚོན་ན། རྩྭ་ས་མེད་ན་ནོར་ལུག་ཅི་འདྲའི་མང་ཡང་དོན་མེད་རེད།
ནོར་ལུག་འཚོ་རུ་འགྲོ་ཐེངས་རེར། རིན་ཆེན་དོན་ཡོད་ཀྱི་སེམས་སུ་ཁོད་ཡངས་པའི་རྩྭ་ཐང་ཆེན་པོའི་སྟེང་དུ་རང་ཉིད་ལ་དབང་བའི་རྩྭ་ས་ལག་མཐིལ་ཙམ་ཡང་མེད་པ་ཚོར།
རིག་གནས་ཀྱི་ཆུ་ཚད་མི་མཐོ་བའི་ཁར། ལག་རྩལ་གང་ཡང་མེད་པས། ལས་ཀ་རྙིང་བའི་རྒྱུན་སྐྱོང་རྒྱུ་ལས་ཐབས་གཞན་མ་རྙེད། 2015ལོར་དབུལ་ཕོངས་ཁྱིམ་ཚང་དུ་གནད་ཁེལ་འབྱེ་འབྱེད་བྱེད་རག་བར་དུ་རིན་ཆེན་དོན་ཡོད་ཀྱིས་གཞན་གྱི་ནོར་ལུག་འཚོས་པ་རེད།
སྡེ་བའི་ནང་གི་མི་ཚང་མས་རླངས་འཁོར་བསྐོར་བ་དང་བརྟན་འཇགས་ཀྱི་ཡོང་སྒོ་འཚོལ་བཞིན་པ་མཐོང་བས། རིན་ཆེན་དོན་ཡོད་ཀྱི་སེམས་པ་བློང་བློང་བོར་གྱུར་ཏེ་མཚན་གང་བོར་གཉིད་མ་ཁུགས་པ་རེད། “ངས་ཅི་ཞིག་ལས་ཐུབ་བམ། སྐབས་དེའི་རིང་ལ་ངས་རྒྱུན་དུ་རང་ཉིད་ལ་དེ་ལྟར་དྲིས་པ་ཡིན།” རིན་ཆེན་དོན་ཡོད་ཚེ་གང་བོར་གཞན་གྱི་རྫི་བོ་བྱེད་མི་འདོད། ཁོས་རྩྭ་ཐང་སྟེང་དུ་སྦྲ་གུར་ཞིག་ཕུབ་ཚེ་ཡུལ་སྐོར་མགྲོན་པོ་ཡོང་བཞིན་པ་ཚོར་བས། རང་གིས་ཀྱང་ཚོད་ལྟ་ཞིག་བྱེད་དགོས་བསམ་བྱུང་།
དེ་བས་རིན་ཆེན་དོན་ཡོད་ཀྱིས་སྦྲ་གུར་བཞི་གཡར་ཞིང་། རྟ་བཞི་ཁྲིད་དེ་མཁར་དམར་གྲོང་རྡལ་གྱི་ཉིན་ཀྲང་གཞུང་ལམ་དང་སྤྱི་ལེ200ཙམ་ཡོད་པའི་མཚམས་སུ་འབྲོག་པའི་སྤྲོ་སྐྱིད་ཁང་ཞིག་གཉེར་མགོ་བརྩམས།
ཡུལ་སྐོར་གྱི་ལས་ཀ་གཉེར་བའི་ཐད་ནས་རིན་ཆེན་དོན་ཡོད་བཟའ་ཟླ་གཉིས་ཀར་ཉམས་མྱོང་གང་ཡང་མེད། ཆུང་མས་ཞོ་དང་རྩམ་པ་སོགས་ཀྱི་མངར་ཟས་གྲ་སྒྲིག་བྱེད་པ་དང་། ཁོས་ཡུལ་སྐོར་པ་ཚུར་བསུ་བ་ལས་གཞན། ད་དུང་རྟ་ཁྲིད་དེ་ཡུལ་སྐོར་པར་པར་བླངས་པས། བཟའ་ཟླ་གཉིས་ཀར་ཁོམ་ལོང་ཏོག་ཙམ་ཡང་མེད་པར་ལས་ཀར་བྲེལ་བཞིན་ཡོད།
“སྐབས་དེར་བྲེལ་བ་ཧ་ཅང་ཆེ་བས། ཟླ་ངོ་དྲུག་མ་གཏོགས་ལོངས་མེད་པའི་བུ་མོར་ཡང་ལྟ་སྐྱོང་ལེགས་པོ་བྱེད་ཁོམ་མེད་ལ། ལན་རེར་ཡུལ་སྐོར་པས་ངུ་བཞིན་པའི་བུ་མོར་ལྟ་སྐྱོང་བྱས་ཏེ་ངུ་ཁ་ལེན་བཞིན་ཡོད།”དེ་ལྟར་བཤད་ཞོར་རིན་ཆེན་དོན་ཡོད་ཟུར་དུ་འཁོར་ཞིང་། སྐད་གདངས་ལ་ངུ་ངག་འདྲེས་འདུག ལོ་འདི་དག་གི་རིང་ལ་བུ་མོར་གཅེས་སྐྱོང་ལེགས་པོ་བྱེད་མ་ཐུབ་པས་ཁོའི་སེམས་ལ་ནོངས་འགྱོད་ཀྱིས་ཁེངས་ཡོད་ལ། སྔར་བས་ཧུར་བརྩོན་བགྱིས་ནས་སྒོར་མོ་བཙལ་ཏེ་བུ་མོར་འཚོ་བ་བཟང་པོ་ཞིག་འདོན་སྤྲོད་བྱེད་ཐུབ་ན་ད་གཟོད་སེམས་ཅུང་ཙམ་བདེ་ལ་འབབ་ཐུབ་པར་འདོད་ཀྱིན་ཡོད།
ཞིབ་ཏུ་རྩིས་ཤིག་བརྒྱབ་ན། རྟ་ཁྲིད་དེ་ཡུལ་སྐོར་པར་པར་བླངས་པའི་སྒོར་མོ་དང་ཁྱད་ལྡན་མངར་ཟས་བཙོངས་པའི་སྒོར་མོ་གཉིས་མཉམ་དུ་བསྣན་ན་ཟླ་ངོ་གཉིས་ཀྱི་རིང་ལ་སྒོར་ཁྲི4བཙལ་བས། རྫི་བོ་བྱེད་སྐབས་དང་བསྡུར་ན་ཧ་ཅང་མང་བ་རེད། དེ་ལྟར་བསམ་བཞིན་རིན་ཆེན་དོན་ཡོད་ཀྱིས་ལོ་རྗེས་མར་མུ་མཐུད་དུ་ཡུལ་སྐོར་གྱི་ཡོང་སྒོ་བཙལ་རྒྱུའི་སེམས་ཐག་བཅད།
ཕྱི་ལོར་རིན་ཆེན་དོན་ཡོད་ཀྱིས“530”ཡི་དངུལ་བུན་སྒོར་ཁྲི5བསྐྱིས་ཏེ་ཡང་བསྐྱར་འབྲོག་པའི་སྤྲོ་སྐྱིད་ཁང་ཞིག་གཉེར་ཞིང་། འབྲོག་པའི་སྤྲོ་སྐྱིད་ཁང་གི་སྦྲ་གུར16པོ་ནི་གངས་ལྷ་མེ་ཏོག་རེ་རེ་བཞིན་མཁར་དམར་ལམ་ཁྲལ་ས་ཚིགས་ཀྱི་ཉེ་འགྲམ་དུ་ཕྲེང་སྟར་བསྒྲིགས་ཡོད་པས་ཚོང་ཧ་ཅང་བྲིན་པ་རེད།
དུས་མཉམ་དུ། ཁོས་སྡེ་མི་ཚོ་དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་བྱེད་རྒྱུ་བརྗེད་མེད་ལ། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གི་རྩོལ་པོ་ལྷག་མ་འབྲོག་པའི་སྤྲོ་སྐྱིད་ཁང་དུ་ཞབས་ཞུ་བ་བྱེད་དུ་བཅུག་སྟེ། མི་རེར་ཟླ་རེར་ཟླ་ཕོགས་སྒོར3000རེ་བྱིན་པས་ལོ་གཅིག་ལ་སྒོར7000ལྷག་བཙལ་ཐུབ་ཀྱིན་ཡོད།
དབྱར་ཁ་དེར་རིན་ཆེན་དོན་ཡོད་ཀྱིས་སྒོར་ཁྲི7ལྷག་བཙལ་བ་དང་། ངར་ཤུགས་ཀྱིས་ཁེངས་པའི་ཁོ་རང་དགུན་ཁར་ཡང་ངལ་མ་གསོས་པར། སྡེ་བའི་ནང་གི་ནོར་ལུག་འདྲེན་ཚོང་བྱེད་པའི་ཁྱིམ་ཚང་ཕྱུག་པོར་འགྲོགས་ཏེ་ནོར་ལུག་ཉོ་ཚོང་བྱས་པས་སྒོར་ཁྲི5བཙལ་ཐུབ་སོང་། སྡེ་མི་རྣམས་ཀྱིས་རིན་ཆེན་དོན་ཡོད་ཚང་ལོ་རེ་ལས་ལོ་རེར་ཕྱུག་པོར་གྱུར་པ་མཐོང་རྗེས། རིན་ཆེན་དོན་ཡོད་ནི་ཀུན་གྱི་མིག་ནང་གི་མི་འཇོན་ཐང་ཅན་དུ་གྱུར།
“ལོ་རབས85ཡི་རྗེས”ཀྱི་མི་ཞིག་ཡིན་པའི་ཆ་ནས། རིན་ཆེན་དོན་ཡོད་ཀྱི་རིག་པ་རྒོད་ཅིང་བརྩོན་སེམས་ཆེ་བས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བའི་སྐབས་སུ། ཁོར་འདེམས་ཤོག་མང་པོ་ཐོབ་སྟེ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བསྐོ་བཞག་བྱས། “རང་ཉིད་དབུལ་ཕོངས་ལས་ཐར་དགོས་པར་མ་ཟད། སྡེ་མི་ཡོངས་རྫོགས་འབྱོར་འབྲིང་གི་ལམ་དུ་འཁྲིད་དགོས”ཞེས་པའི་བསམ་བློ་དྲག་པོ་སེམས་སུ་བཅངས་ནས།རིན་ཆེན་དོན་ཡོད་ཀྱིས་སྔར་བས་ཧུར་ཐག་གིས་དབུལ་ཐར་གྱི་ཐབས་ལམ་བཙལ་ཞིང་མཉམ་དུ་ཕྱུག་སྒྱུར་གྱི་ལམ་དུ་བསྐྱོད་མགོ་བརྩམས།
“ངས་བསམ་བློ་ཡང་ཡང་བཏང་མཐར། སྔར་བཞིན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་འདོད།” བསམ་ཚུལ་དེ་འདྲ་ཞིག་བྱུང་རྗེས། ཁོས་དབུལ་ཕོངས་ཁྱིམ་ཚང་གི་སྦྲ་གུར་དང་རྟ་སོགས་མཉམ་དུ་བསྡུས་ཤིང་། རྫོང་དབུལ་སྐྱོར་ཅུས་ལ་དབུལ་སྐྱོར་ལས་གཞིའི་མ་དངུལ་སྒོར་ཁྲི20རེ་ཞུ་བྱས་པས། འབྲོག་པའི་སྤྲོ་སྐྱིད་ཁང་གི་རྟ་ཇེ་མང་དུ་སོང་བ་དང་། ཉམས་ལེན་དང་ལྟད་མོའི་རྣམ་གྲངས་ཀྱང་ཇེ་མང་དུ་སོང་ལ། ཞབས་ཞུ་པའང་མི8ལ་ཇེ་མང་དུ་སོང་བ་དང་། དེའི་ནང་གི་མི4ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གི་མི་རེད།
ན་ནིང་། འབྲོག་པའི་སྤྲོ་སྐྱིད་ཁང་གི་ཡོང་སྒོ་རྐྱང་རྐྱང་སྒོར་ཁྲི13ལ་སླེབས་ཏེ། མཁར་དམར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང40ཡི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས།
ལོ་འདི་དག་གི་རིང་ལ་རྒྱུན་ཆད་མེད་པར་ཡུལ་སྐོར་པ་དང་འབྲེལ་འདྲིས་བྱས་པས། རིན་ཆེན་དོན་ཡོད་ཀྱི་མཐོང་རྒྱ་ཇེ་ཆེར་གྱུར་ཡོད་ལ། ཡོང་སྤར་ཐབས་ལམ་ཡང་སྔར་ལས་ཇེ་མང་དུ་སོང་ཡོད།
“མཁར་དམར་གྲོང་རྡལ་གྱི་ཡུལ་སྐོར་ལས་རིགས་ལ་དུས་ཚིགས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཤིན་ཏུ་ཆེ་ཞིང་། དབྱར་ཁ་ཁོ་ནར་མ་གཏོགས་ཡུལ་སྐོར་པ་མེད་པས། རང་ཅག་གི་ལས་ཀ་རྙིང་བ་སྔར་བཞིན་འདོར་མི་རུང་།”ཞེས་རིན་ཆེན་དོན་ཡོད་ཀྱིས་སྡེ་མི་ཚོར་གྲོས་བྱས་རྗེས། ད་ལོའི་ལོ་མགོར་རྒྱམ་ཚ་ཁྱིམ་ཚང་ཕྱུགས་ར་བཙུགས་ཤིང་། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཕྱུགས་ལས་ཀྱི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས་པ་དང་། ཐོན་ལས་དང་པོ་དང་ཐོན་ལས་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་དུ་བཅུག་སྟེ། ཐོན་ལས་དེ་སྡེ་མི་ཚོའི་ཡོང་སྒོ་འཕར་ཞིང་ཕྱུག་པོར་འགྱུར་བའི་ཐབས་ལམ་གལ་ཆེན་དུ་བསྒྱུར།
མཁར་དམར་གྲོང་རྡལ་གྱིས་ཡུལ་སྐོར་མཐུན་ཚོགས་འཛུགས་སྐབས། རིན་ཆེན་དོན་ཡོད་ལ་འདེམས་ཤོག་མང་པོ་ཐོབ་སྟེ་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས། ད་ལྟ་ཁོ་ནི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའང་ཡིན་པས། རྒྱུན་དུ་བྲེལ་འཚུབ་ཀྱིས་ཁེངས་འདུག །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།