མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོ་རྒྱུད་དུ་ཆགས་ཡོད་པ་དང་། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་གསུམ་གྱི་འབྲེལ་མཚམས་སུ་ཡོད་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་སྒོ་ཆེན་པོར་གྱུར་ཡོད། པད་མ་རྫོང་གི་ས་མགོའི་མཐོ་ཚད་རྨིད་སྟོང་ལྔ་དང་ཞེ་བདུན་ལ་སླེབས་ཡོད་ཅིང་། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བདུན་བརྒྱ་དང་བརྒྱད་ཅུ་དང་། མགོ་ལོག་ཁུལ་ཐོག་ཏུ་སྤྱི་ལེ་སུམ་བརྒྱ་སོ་གཉིས་ཡོད་ལ། ལུང་ཁོག་ཅིག་ཏུ་ཆགས་ཡོད། དམར་མདོག་ནི་དམར་དམག་རྒྱང་བསྐྱོད་སྐབས་སུ་བཞག་མྱོང་བའི་ཤུལ་རྗེས་ལ་ཟེར་བ་དང་། གསེར་མདོག་ནི་གནའ་བོའི་བོད་ཀྱི་རིག་གནས་ལ་གོ་དགོས་ཤིང་། ལྗང་མདོག་ནི་ཞིང་ཆེན་ཡོངས་སུ་རྒྱ་ཁྱོན་ཆེས་ཆེ་བའི་གདོད་མའི་ནགས་ཚལ་ལ་གོ་བས༼མདོག་གསུམ་པད་མ༽ཞེས་པའི་མཚན་སྙན་ཡང་ཐོགས་པ་ཡིན།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། པད་མ་རྫོང་གིས་མི་རིགས་མཐུན་སྒྲིལ་བྱ་བ་དེ་ཁྱོན་ཡོངས་འཕེལ་རྒྱས་འཐབ་ཕྱོགས་ཀྱི་ཆེས་མཐོ་བའི་ཚད་ལ་བཞག་ཏེ་བསམ་གཞིགས་དང་འཆར་འགོད་བྱས་པས། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་ཡིན་པའི་བརྗོད་གཞི་ལ་དམ་པོར་འབྲེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་རྒྱ་བསྐྱེད་དུ་སྤེལ་བ་དང་། མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་སྟེ། མི་རིགས་མཐུན་སྒྲིལ་གྱི་སྡོང་བོ་དེ་པད་མ་རྫོང་གི་རིགས་སོ་སོའི་མི་དམངས་ཀྱི་སེམས་ཁོང་དུ་རྩ་བ་ཚུགས་ཤིང་། རྩེ་མོ་རྒྱས་ནས་འབྲས་བུ་སྨིན།
གསེར་མདོག་རིག་གནས་ཀྱིས་དབུལ་ཐར་གྱི་ལམ་བུ་རྒྱ་བསྐྱེད།
གངས་ལྗོངས་མཐོ་སྒང་དུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་པད་མའི་རྫ་ནག་གིས་དངོས་ཡོད་འཚོ་བའི་ཁྲོད་ནུས་པ་གསར་བ་འདོན་སྤེལ་བྱེད་བཞིན་ཡོད། ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། གསར་འགོད་པ་པད་མ་རྫོང་གི་གསེར་མདོག་རིག་གནས་དབུལ་སྐྱོར་ཐོན་ལས་ར་བར་བསྐྱོད་པ་དང་། གནས་དེ་རུ་བོད་ཀྱི་དམངས་སྲོལ་རིག་གནས་རྨང་གཞི་ཡིན་པའི་སྟེང་། ཐང་ཀ་འབྲི་བཞེངས་དང་། རྫ་ནག ཤིང་བརྐོས། དངུལ་གྱི་ཅ་ལག་སོགས་མཉམ་དུ་ལས་སྣོན་བྱེད་པ་གཙོ་བོར་བཟུང་སྟེ། ས་གཞན་དུ་ལས་ཞུགས་བྱེད་པའི་གསོ་སྦྱོང་རམ་འདེགས་བྱས་པ་དེས་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་དམངས་ཁྲོད་སྒྱུ་རྩལ་ལག་ཤེས་ཀྱི་དབུལ་སྐྱོར་ཐོན་ལས་ར་བ་གང་ལེགས་ཀྱིས་མཚོན་ཅི་ཐུབ་བྱེད་བཞིན་ཡོད།
པད་མའི་རྫ་ནག་གནས་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟིའི་རྫ་ནག་བཟོ་ས་རུ་ཇ་ཕོར་དང་། དེམ། རྫ་མ་སོགས་སྟེགས་བུའི་སྟེང་གཤམ་ཡོད་པ་དང་། རྫ་ནག་བཟོ་མཁན་གྱིས་སྒྲོག་ཙེ་སྟེང་རྫ་ཆས་བརྡོར་བ་དང་། རྫ་ནག་བཟོ་བར་བྲེལ་འདུག
ཀུང་ཟིའི་སྤྱི་གཉེར་བ་མགོ་ལོག་ཤེལ་དཀར་ཐར་ནི་པད་མའི་རྫ་ནག་གི་ལག་རྩལ་རྒྱུད་འཛིན་མཁན་རབས་བཞི་བ་ཡིན་པ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་ཡང་ཡིན། རྫ་ནག་བཟོ་བའི་ལག་རྩལ་གྱི་གོ་རིམ་ཆ་ཚང་ནི་ས་ལེན་པ་དང་། སྐམ་པ། རྡུལ་དུ་གཏོང་བ། འདམ་བག་བརྫི་པ། བརྡོར་བ། བཟོ་བ། སྐྱུར་བསྙལ། མེར་བསྲེགས་པ། ནག་པོར་གཏོང་བ། འོད་འདོན་པ། ཐོན་རྫས་གྲུབ་པ་ཡིན་ལ། བཟོ་བའི་གོ་རིམ་ཚང་མ་སྔོན་ཆད་ཀྱི་ལག་ཤེས་བཟོ་རྩལ་ཡིན་ཞིང་། རྫ་ནག་བཟོ་སྤྱད་ཀྱི་ས་ནི་པད་མ་རྫོང་སྡི་མདའ་ཞང་གི་ཡིན་ཞེས་མགོ་ལོག་ཤེལ་དཀར་ཐར་གྱིས་དེ་ལྟར་བཤད།
ཉིས་སྟོང་བཅུ་བཞི་ལོར། མགོ་ལོག་ཤེལ་དཀར་ཐར་གྱིས་ཀུང་ཟི་སྒྲུབ་པ་དང་། མིག་སྔར་སློབ་མ་བཅུ་དགུ་བསྡུས་ཡོད་ལ། སློབ་མ་མང་ཆེ་བ་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་བུ་དང་བུ་མོ་རེད། ཁོ་ཚོས་རིན་མི་དགོས་པར་རྫ་ནག་བཟོ་བའི་ལག་རྩལ་སྦྱངས་ཆོག་པར་མ་ཟད། ཟླ་རེར་ད་དུང་བརྟན་འཇགས་ཀྱི་ཡོང་སྒོ་ལེན་བཞིན་ཡོད། རྫ་ནག་བཟོ་བའི་ལག་རྩལ་དེ་ནི་བོད་ཀྱི་དམངས་སྲོལ་རིག་གནས་ཤིག་ཡིན་པ་དང་། ངས་ལག་རྩལ་འདི་མུ་མཐུད་དུ་རྒྱུན་འཛིན་བྱས་ནས་མི་སྔར་ལས་མང་པོ་ཕྱུག་བསྒྱུར་བྱེད་དུ་འཇུག་འདོད་ཞེས་མགོ་ལོག་ཤེལ་དཀར་ཐར་གྱིས་དེ་ལྟར་བཤད།
ནོར་བུ་འཚོ་དང་ནོར་འབྲུག་གཉིས་ནི་སྤུན་གཉིས་ཡིན་པ་དང་། ཀུང་ཟི་དེ་རུ་ལས་ཀར་ཞུགས་བཞིན་ཡོད། ཟླ་རེར་ད་དུང་སྒོར་མོ་སྟོང་བཞིའི་ཡོང་སྒོ་ཡོད་པ་རེད། ནོར་བུ་འཚོ་ཡིས་ད་ལྟ་ངེད་ཚང་དབུལ་ཐར་བྱས་ཡོད་པ་དང་། ང་དང་ངའི་ནུ་བོ་གཉིས་ཀྱི་རེ་བ་ནི་མུ་མཐུད་དུ་པད་མའི་རྫ་ནག་རིག་གནས་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན་ཟེར།
ཉེ་བའི་ལོ་འདིའི་རིང་ལ། པད་མ་རྫོང་གིས་དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་བ་དང་། དབུལ་བོ་མང་བ། དབུལ་ཕོངས་ཀྱི་ཚད་ཚབས་ཆེ་བའི་རྫོང་གི་གནས་ཚུལ་ལ་དམིགས་ནས། ཐོན་ལས་དབུལ་སྐྱོར་ལས་གཞིའི་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པ་དེ་གནད་ཕིགས་དབུལ་སྐྱོར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕྱོགས་གཙོ་བོ་དང་ཤུགས་འདོན་ས་གཙོ་བོ་བྱས་ཏེ། ཐོན་ལས་དབུལ་སྐྱོར་གྱི་བྱེད་ཐབས་སོ་སོ་དང་། མི་རིགས་འབྲེལ་བ་མཐུན་སྦྱོར་བྱེད་པ་བརྒྱུད་དེ། གཞི་རིམ་མང་ཚོགས་ཀྱི་ཆེས་དངོས་ཡོད་དང་། ཆེས་སེམས་ཁུར་བྱེད་པ། ཆེས་ཐད་ཀར་གྱི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱིས་དམངས་ཕན་ཉམས་སུ་མྱངས་ནས་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ་མུ་མཐུད་དུ་ཇེ་དྲག་ཏུ་བཏང་།
ཁྲག་རྒྱུན་དམར་པོས་འཕེལ་རྒྱས་གསར་བར་སྣེ་ཁྲིད་བྱས།
པད་མ་རྫོང་ནི་དམར་དམག་རྒྱང་བསྐྱོད་བྱེད་སྐབས་བརྒྱུད་མྱོང་བའི་མཚོ་སྔོན་གྱི་ས་ཁུལ་ཞིག་ཡིན་པ་དང་། དུས་ཡུན་རིང་བོའི་གསར་བརྗེའི་ལོ་རྒྱུས་ལྡན། ཉེ་བའི་ལོ་འདིའི་རིང་ལ། པད་མ་རྫོང་གིས་སྲུང་སྐྱོབ་དང་། གསར་སྤེལ། བཀོལ་སྤྱོད་ལ་རྐང་ཚུགས་པ་དང་། དམར་དམག་ལུང་བའི་དམར་པོའི་ཐོན་ཁུངས་ལ་གཞི་བཅོལ་ཏེ། དམར་པོའི་སློབ་གསོའི་ཚོང་རྟགས་བསྐྲུན་པ་དང་། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་། དམར་པོའི་གནས་སྐོར་འཕེལ་རྒྱས་བཏང་སྟེ། དམར་མདོག་པད་མ་འཛུགས་སྐྲུན་བྱས།
པད་མ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་སྒོས་སྤེལ་བར་ཡར་སྐུལ་བྱེད་པའི་བྱ་བའི་ཁྲོད། གསར་བརྗེ་རྒན་རབས་པས་བཞག་པའི་དམར་པོའི་ཐོན་ཁུངས་རྩ་ཆེན་བཀོལ་སྤྱོད་དང་རྒྱུན་འཛིན་གང་ལེགས་བྱས་ནས། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གསར་བརྗེའི་རྒྱུན་འཛིན་གྱི་གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དམར་དམག་ལུང་བའི་རྗེས་དྲན་ཁང་སྟེ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཚོད་ལྟའི་རྟེན་གཞི་ཕན་འབྲས་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱས་པ་དེ་མི་རིགས་མཐུན་སྒྲིལ་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གཡུལ་ས་གཙོ་བོ་ཞིག་ཏུ་གྱུར་ཏེ། མུ་མཐུད་དུ་མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་བཏང་བ་དང་། མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་བའི་རྒྱུན་རྣམ་ཅན་ལ་ཡར་སྐུལ་བྱས།
ལྗང་མདོག་འཕེལ་རྒྱས་ཀྱིས་ཐོན་ཁུངས་བཟང་པོ་འདོན་སྤྲོད་བྱས།
ཤར་རྒྱུད་ཀྱི་གླ་སྟར་དང་། ནུབ་རྒྱུད་ཀྱི་འཕང་འབྲས། རྨ་ཆུ་དང་ཙོང་ཆུའི་སིལ་ཏོག པིར་གྱིས་བྲིས་པ་ལྟ་བུའི་ནགས་ཚལ་གྱི་དཔལ་འབྱོར་དཔེ་དབྱིབས་དེ་ཞིང་ཆེན་ཡོངས་ནས་མགོ་བརྩམས། ཉེ་བའི་ལོ་འདིའི་རིང་ལ། པད་མ་རྫོང་གིས་ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་དང་། ཐོན་ཁུངས་ཀྱི་ཁྱད་སྟོབས་དང་། ཐོན་ལས་ཀྱི་ཁྱད་སྟོབས། ས་ཁོངས་ཀྱི་ཁྱད་སྟོབས། འཕེལ་རྒྱས་སྔོན་བསྐྱོད་ཀྱི་རྩ་དོན་ལྟར། བོད་ཇའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བསམ་ཕྱོགས་བཙུགས།
འོད་བྷོ་སྐྱིད། ཁྱེད་ཚང་གི་བོད་ཇ་ཕྱིར་འཚོང་བྱས་པ་ཅི་འདྲ་རེད་དམ། པད་མ་རྫོང་སྡི་མདའ་ཡུལ་ཚོཔན་ཆེན་སྡེ་བ་རུ་བོད་ཇ་བཏབ་ཡོད་སའི་ཞིང་ཁ་རུ་རྩ་ལྡུམ་འབལ་དུ་འགྲོ་བཞིན་པའི་སྡེ་མི་སྐལ་བྷོ་མཐོང་བ་ན། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐར་མ་མཆོག་གིས་དེ་ལྟར་དྲིས།
སྐལ་བྷོ་ཡིས་ཧ་ཅང་བཟང་གི ད་ལོར་ཇ་ལོ་ཚང་མ་ཕྱིར་འཚོང་བྱས་ཚར་ཞེས་ཕྱིར་ལན་བྱིན། སྐལ་བྷོ་ཡིས་ས་མུའུ་གསུམ་གྱི་སྟེང་བོད་ཇ་འདེབས་འཛུགས་བྱས་པ་དང་། ཁོས་སྤྱི་རྒྱ་སུམ་ཅུ་ཡོད་པའི་བོད་ཇ་དེ་ཟླ་ལྔ་བའི་ནང་ཕྱིར་འཚོང་བྱས་ཚར་བ་དང་། སྤྱི་རྒྱ་གཅིག་ལ་སྒོར་མོ་དྲུག་བརྒྱ་བྱས་ནས་ཕྱིར་བཙོང་། སྟོན་ཁར་ད་དུང་སྤྱི་རྒྱ་བཞི་བཅུ་ཕྱིར་བཙོང་ཐུབ། མ་རྩ་ཕུད་ན་ད་ལོར་བོད་ཇའི་ཡོང་སྒོ་རྐྱང་བ་སྒོར་མོ་ཁྲི་གསུམ་ལ་སླེབས།
ཉིས་སྟོང་བཅུ་གཉིས་ལོར། སྐར་མ་མཆོག་གིས་ཀོང་ཞི་རུ་རྟོག་དཔྱོད་སློབ་སྦྱོང་བྱེད་སྐབས། ཀོང་ཞི་ཡི་ཞིང་ས་མང་པོར་ཇ་འདེབས་འཛུགས་བྱས་ཡོད་པ་མཐོང་བ་དང་། ཁོས་བཤད་རྒྱུར། སྐབས་དེར་ཁོས་ཇ་འདི་བོད་ཇ་དང་ཤིན་ཏུ་འདྲ་བ་རྟོགས། ཀོང་ཞི་ཡི་ཇ་ཕྱིར་འཚོང་བྱས་ན་རིན་གོང་ཤིན་ཏུ་མཐོ་བ་དང་། ང་ཚོའི་རི་མགོར་སྐྱེས་ཡོད་པའི་ཇ་དེ་ལྟོས་བཅས་ཀྱིས་རིན་གོང་དམའ་ལ། ད་དུང་མིས་དོ་དམ་བྱེད་མཁན་ཡང་མེད་པས། སྒོར་མོར་བརྗེ་རྒྱུའི་བསམ་བློ་ཞིག་ཡོད་མི་སྲིད། ཚོང་གི་གོ་སྐབས་འདི་མཐོང་བ་ན། ཁོ་རང་ཕྱིར་སྡེ་བར་ཡོང་ནས་ཚང་མའི་སྣེ་ཁྲིད་དེ་བོད་ཇ་འཐུ་རུ་སོང་བ་དང་། རྒྱལ་ཁའི་ངང་ཕྱིར་འཚོང་བྱས་རྗེས། བོད་ཇ་འདེབས་འཛུགས་བྱེད་མཁན་གྱི་མི་སྔར་ལས་ཇེ་མང་ནས་ཇེ་མང་དུ་སོང་།
ད་ལྟ། པད་མ་རྫོང་གིས་བོད་ཇ་ཐོན་ལས་ལས་གཞི་ལག་བསྟར་བྱེད་པ་བརྒྱུད་དེ། རིམ་བཞིན་ནགས་ཁུལ་མང་ཚོགས་ཀྱིས་ཕྱུགས་ལས་ལ་བརྟེན་པའི་སྲོལ་རྒྱུན་ཐོན་སྐྱེད་འཚོ་བའི་རྣམ་པ་བསྒྱུར་བ་དང་། ཕྱུགས་གསོས་པ་ལས་ནགས་ས་བཟུང་བར་འགྱུར་ལྡོག་བཏང་བའི་རྐྱེན་གྱིས་ནགས་ཕྱུགས་འགལ་བ་ཞི་འཇགས་དང་ཇེ་ཉུང་དུ་བཏང་བ་དང་། འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་ཕན་ཚུན་ཚོད་འཛིན་ཞི་འཇགས་སུ་བཏང་ལ། ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་དང་། སྤྱི་ཕན་ནགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། དུས་མཚུངས་སུ། བོད་ཇ་འཐུ་བ་དང་། ལས་སྣོན། ཕྱིར་འཚོང་སོགས་གཞི་གཅིག་ཅན་གྱི་ཐོན་སྐྱེད་མ་ལག་ཤིག་གྲུབ་པ་དང་། པད་མ་རྫོང་གི་མིས་ཁྱད་ཆོས་ཅན་དང་། ཚོང་རྟགས་ཅན། སྤུས་བཟང་ཅན་གྱི་བོད་ཇའི་འཕེལ་རྒྱས་ལམ་ཕྱོགས་གསར་བ་ཞིག་ལ་བསྙེགས་ནས་སྐྱེ་ཁམས་ལམ་ཕྱོགས་ཀྱི་ཕྱུག་བསྒྱུར་ལམ་དུ་བསྐྱོད་བཞིན་ཡོད།
ལོ་འགའི་རིང་གི་འཕེལ་རྒྱས་བརྒྱུད་དེ། པན་ཆེན་སྡེ་བ་དེ་གཞན་ལ་འབྲེལ་འདྲིས་བྱེད་རྒྱུར་མི་དགའ་བའི་སྡེ་བ་ཞིག་ནས་བདེ་སྐྱིད་ལྡན་པའི་གནས་སྐོར་སྡེ་བ་ཞིག་ཏུ་གྱུར་བ་དང་། མི་རིགས་མཐུན་སྒྲིལ་དེ་ཕན་ཚུན་རོགས་སྐྱོར་བྱེད་པ་ནས་མཉམ་དུ་གོང་འཕེལ་ལ་སོང་བ་དང་། འཆམ་མཐུན་གྱི་རྣམ་པ་དེ་མུ་མཐུད་དུ་ཇེ་བརྟན་དུ་སོང་།
པད་མ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་ལག་ལེན་རབས་དང་རིམ་པ་བརྒྱུད་དེ། རྫོང་ཡོངས་ཀྱི་རྣམ་པ་གསར་བར་བསྒྱུར་བ་དང་། མི་རིགས་མཐུན་སྒྲིལ་གྱི་ཁ་དབུགས་སྔར་ལས་བཟང་པོར་གྱུར་ལ། མི་རིགས་སོ་སོའི་བརྗེ་རེས་མཉམ་འདྲེས་སྔར་ལས་ཇེ་བཟང་དུ་གྱུར། ད་ལྟ། པད་མ་རྫོང་གི་རིགས་སོ་སོའི་བུ་དང་བུ་མོས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གཅིག་ཏུ་བསྡུས་ནས་པད་མའི་སྤྱི་ཚོགས་བརྟན་འཇགས་དང་ཡུན་རིང་བརྟན་འཇགས་ཀྱི་གཟི་བརྗིད་སྟོབས་ཤུགས་ལ་ཡར་སྐུལ་བྱས།
ལོ་ཙཱ། ཚེ་རིང་སྒྲོལ་མ།