བོད་གྲོང་གི“ཧྲུའུ་ཅི་དང་པོའི”སྡེ་སྡོད་ཉིན་ཐོ།
2020.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

 མཚོ་ངོས་ལས་མུས་སུམ་སྟོང་ཆིག་བརྒྱ་ཡོད་པའི་མཐོ་སྒང་གི་རི་ཁུལ་ནས་མཚོ་ངོས་ལས་མུས་ཆིག་སྟོང་དགུ་བརྒྱ་ཡོད་པའི་རྨ་ཆུའི་འགྲམ་རྒྱུད་དང་། དེ་ནས་རི་བོ་མཐོན་པོའི་ཁོང་གསེང་གི་གནའ་བོའི་སྡོད་ཁང་ལས་སྡེ་གསར་ལ་གནས་སྤོར་བྱས་ཤིང་། འཐུང་ཆུ་ལ་དཀའ་ཁག་ཆེ་བ་ནས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་ལ་འཕེལ་རྒྱས་བྱུང་བའི་ཕྱོགས་སུ་གོམ་ཁ་སྤོས། དེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་དུ་གནས་སྤོར་བྱས་བའི་ཀླེ་གཞུག་སྡེ་བའི་ལོ་འགའི་རིང་གི་འཕོ་འགྱུར་རེད།

2017ལོའི་ཟླ6ཚེས21ཉིན། གཅན་ཚ་ཐང་ཡུལ་ཚོའི་ཀླེ་གཞུག་སྡེ་བའི་ཧྲུའུ་ཅི་དང་པོ་ལིས་ཡུས་ཏུང་གིས་རང་ཉིད་ཀྱི་སྡེ་སྡོད་ཉིན་ཐོའི་ནང་འདི་ལྟར་བྲིས་ཡོད་དེ། “སྡེ་བའི་ནང་གི་ཁོར་ཡུག་ཧ་ཅང་བཙོག་ལ་ས་རྒྱུའི་གནོད་འཚེ་མང་བས།   ནམ་རྒྱུན་སྡེ་མི་རྣམས་རི་སྐེད་དུ་སོང་ནས་ཆུ་འཁུར་བའི་རྣམ་པ་དེ་མཐོང་ཚེ་ངོ་མས་སེམས་ནས་བཟོད་དཀའ་བ་ཞིག་རེད། ”

ལིས་ཡུས་ཏུང་མཚོ་སྔོན་ཧོང་ཧྭ་གློག་འདོན་ཀུང་ཟི་ནས་ཀླེ་གཞུག་སྡེ་བར་ཡོང་དུས། གནས་འདིར་དུས་ཡུན་རིང་བོར་ཆུ་དཀོན་པ་དང་ཆུ་ལེན་སའི་ལམ་བུ་ཉག་གཅིག་ནི། རི་སྐེད་ནས་དུས་ངེས་མེད་དུ་གློག་འདོན་འཕྲུལ་ཆས་བཀོལ་ནས་ཆུ་འདྲེན་རྒྱུ་དེ་ཡིན་ཞིང་།  ཆུ་ལེན་རྒྱུར་མ་རྩ་ཧ་ཅང་མཐོ་བ་མ་ཟད་དགུན་དུས་སུ་ཕལ་ཆེར་ཆུ་ལེན་མི་ཐུབ་པ་རེད།

ཀླེ་གཞུག་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་འཁུར་ནས་ཟླ་གཅིག་ཙམ་འགོར་བ་ན། ལིས་ཡུའུ་ཏུང་གིས་ཐོག་མར་སྡེ་མི་རྣམས་ལ་རང་འབབ་ཆུ་གཙང་མ་ཞིག་འཐུང་དུ་འཇུག་རྒྱུའི་སེམས་ཐག་བཅད།   སྡེ་མི་རྣམས་ལ་མཚོན་ནས་བཤད་ན།  དེ་ནི་སྡེ་བའི་ནང་གི་དོན་ཆེན་ཞིག་ཡིན་པ་རེད།

འབྲེལ་གཏུག་བྱ་ཡུལ་སྡེ་བའི་ལས་བྱེད་པ་ཚོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀླེ་གཞུག་སྡེ་བས་ཆུ་བེད་སྡེ་ཁག་ནས་ཆེད་སྤྱོད་མ་དངུལ་སྒོར་འབུམ་བཞི་ཁྲི་བདུན་བརྩོན་ལེན་བྱས་ཤིང་། སྔོན་ཆད་ཀྱི་ཆུའི་ཤོང་ཚད་མུས་རྒྱ་དཔངས་གྲུ་བཞི་མ20ཅན་གྱི་ཆུ་ལེན་ས་དེ་མུས་རྒྱ་དཔངས་གྲུ་བཞི་མ100ལ་འཕར་སྣོན་བྱས་བ་མ་ཟད།  མུས་སྟོང་གཅིག་ཙམ་གྱི་ཆུ་འདྲེན་སྦུ་གུ་རྙིང་བ་གསར་བར་བརྗེས་ཏེ། སྡེ་མི་ཚོའི་འཐུང་ཆུའི་དཀའ་ཁག་ ཡོངས་སུ་སེལ་བ་དང་། གཞུག་ཕྱོགས་ཆུ་གསོག་འཇོག་བྱེད་པའི་གཞི་རྒྱ་ཇེ་ཆེར་བཏང་བ་དང་རྗེས་མཐུད་ཐོན་ལས་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིངས།

ལིས་ཡུས་ཏུང་ང་ཚོའི་སྡེ་བར་ཡོང་བ་ནས་བཟུང་སྡེ་མི་ཚོར་རོགས་བྱས་ནས་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཤིང་།  ཁོས་སེམས་བསམ་པའི་གཏིང་ནས་ཚང་མར་རོགས་རམ་མི་ཉུང་བ་ཞིག་བྱས་ཡོད་ཅེས་སྡེ་མི་རྡོ་རྗེ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

2018ལོའི་ཟླ5ཚེས3ཉིན། ལིས་ཡུས་ཏུང་གིས་སྡེ་སྡོད་ཉིན་ཐོའི་ནང་འདི་ལྟར་བྲིས་ཡོད་དེ། དེ་རིང་ང་ཚོའི་སྡེ་བས་མ་དངུལ་རང་བསྡུའི་རྣམ་པ་བརྒྱུད་དེ།  ཡུལ་གཞན་གནས་སྤོར་གྱི་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས། ཡུལ་དངོས་སུ་སྡེ་མི་ཚོས་ཨར་འདམ་དཀྲུགས་པ་དང་བཟོ་པ་དག་གིས་མཁར་གྱང་བརྩིགས་བཞིན།  ཁྱིམ་གཞིས་འཛུགས་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པས་མ་འོངས་པའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

སྡེ་སྡོད་ཧྲུའུ་ཅིའི་ཉིན་ཐོ་ལས་ང་ཚོར་མྱོང་ཚོར་ཟབ་མོ་ཞིག་ཐེབས་པ་ནི། སྡེ་བའི་ས་གཤིས་ཞན་པས་མི་རྣམས་ཕྱུག་འགྱུར་གྱི་རྨི་ལམ་མངོན་འགྱུར་བྱེད་དཀའ་ལ། རི་ཁུལ་ནས་གནས་སྤར་ཚེ་ད་གཟོད་ཡུལ་ཕྱོགས་གཅིག་གིས་ཡུལ་ཕྱོགས་གཅིག་གི་མི་རྣམས་གསོ་མི་ཐུབ་པའི་དཀའ་ཁག་ཡོངས་སུ་སེལ་ཐུབ་པ་དེ་རེད།

ཡུལ་གཞན་དུ་གནས་སྤོར་བྱེད་པར་དང་ཐོག་སྡེ་མི་མང་པོ་ཞིག་ལ་འཐད་པ་མ་བྱུང་།  ཁོ་ཚོའི་སེམས་ཁྲལ་སེལ་བ་དང་གནས་སྤོར་གྱི་འགན་འཁྲི་ཇེ་ཡངས་སུ་གཏོང་ཆེད། ལིས་ཡུས་ཏུང་གིས་ལས་བྱེད་མི་སྣ་ཁྲིད་དེ་ཁྱིམ་ཚང་རེ་རེར་སོང་ནས་དེ་འབྲེལ་གྱི་བྱ་བ་སྒྲུབ་པ་དང་སྡེ་མི་རྣམས་ཀྱི་དོགས་གཞི་རེ་རེར་དྲིས་ལན་གསལ་བོར་བཏབ། དེ་དང་ཆབས་ཅིག འཛུགས་སྐྲུན་རོགས་སྐྱོར་ལས་ཁུངས་སྟེ་ཧྭ་ནུན་སྡེ་ཚོགས་ཀྱིས་མཁོ་སྤྲོད་བྱས་པའི་སྒོར་འབུམ་དགུ་ལྷག་གི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་ནས། དབུལ་ཕོངས་མིན་པའི་ཁྱིམ་ཚང་རེ་རེ་ཡིས་རང་གྲབས་མ་དངུལ་སྒོར་ཁྲི་བཞི་སྟོང་ལྔའི་སྡོད་ཁང་འཛུགས་སྐྲུན་གྱི་མ་དངུལ་དེ་སྒོར་ཁྲི་གཉིས་སྟོང་ལྔར་ཇེ་ཉུང་དུ་བཏང་།

2017ལོའི་ཟླ12པར། གཅན་ཚ་རྫོང་གི་གཅིག་གྱུར་བཀོད་སྒྲིག་འོག   ཁྱིམ་ཚང23གྱི་སྡེ་མི་སྐོར་ཁག་དང་པོ་མཚོ་ངོས་ལས་མུས1900ཡོད་པའི་རྨ་ཆུའི་འགྲམ་རྒྱུད་ཀྱི་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་བདེ་སྐྱིད་སྡེ་བར་གནས་སྤར།  གནས་སྤོར་བྱས་རྗེས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཚེ་དབང་རྡོ་རྗེ་ཡིས་བོད་ཁྱིམ་སྤྲོ་སྐྱིད་གླིང་ཕྱེས་ནས་ཡུལ་སྐོར་པ་རྣམས་ལ་རྨ་ཆུའི་འགྲམ་རྒྱུད་ནས་བོད་རིགས་ཀྱི་གོམས་སྲོལ་ཉམས་ལེན་བྱེད་དུ་བཅུག

2019ལོའི་ཟླ1པོར། སྡེ་པའི་ཁྱིམ་ཚང52བདེ་སྐྱིད་སྡེ་བའི་འགྲམ་གྱི་རྟ་ར་ཁའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་བྱེད་སར་གནས་སྤར་བར་མ་ཟད། སྡེ་བའི་ཁྱིམ་ཚང་ཡོངས་འཕྲོ་རིམ་འཕྲོར་སྡོད་ཁང་གསར་བའི་ནང་གཏན་སྡོད་བྱས། “ཕྱུག་པོར་འགྱུར་འདོད་ན་ཐོན་ལས་ལ་བརྟེན་དགོས།” ཐེངས་མང་པོར་རྟོག་ཞིབ་བྱས་པ་བརྒྱུད། ལིས་ཡུས་ཏུང་གིས་རི་བོ་མཐོ་ཞིང་ལམ་ཐག་རིང་པའི་ཀླེ་གཞུག་སྡེ་བར་ཐོན་ཁུངས་མེད་པ་དང་འདུས་སྡོད་བྱེད་དཀའ་བ་ཤེས།  འོན་ཀྱང་གནས་དེ་ནི་མཚོ་ངོས་ལས་མུས3100ཡོད་པ་དང་དེའི་ཁར་ས་རྒྱུ་སོགས་རང་བྱུང་ཁོར་ཡུག་ལ་བལྟས་ན། གནས་དེར་བྲ་བོ་བཏབ་ན་ཧ་ཅང་འཚམ་པ་རྒྱུས་ལོན་བྱུང་།  2018ལོར་ལིས་ཡུས་ཏུང་གིས་ཚོད་ལྟ་བྱས་པའི་མུའུ4ལྷག་གི་ཚོད་ལྟའི་ས་ཞིང་དངོས་སུ་ལེགས་འགྲུབ་བྱུང་བ་མ་ཟད། མུའུ་རེའི་ཐོན་ཚད་རྒྱ་མ350དང་མུའུ་རེའི་ཡོང་འབབ་རྐྱང་བ་སྒོར2000ལ་སླེབས་ཡོད།

བྲ་བོ་འདེབས་པ་ལས་གཞན་སྡེ་བས་ད་རུང་ཐོན་ལས་དབུལ་སྐྱོར་མ་དངུལ་དེ་རྫོང་ཡོངས་ཀྱི་གཞི་ཁྱོན་ཅན་གྱི་འོད་ནུས་ཐོན་ལས་འཛུགས་སྐྲུན་ཁྲོད་བཞག་པ་དང་། ལོ་རེར་ཁེ་ཕན་བགོ་བཤའ་སྒོར་འབུམ་གཉིས་ལྷག་ཡོད། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཡང་གཅན་ཚ་ཐང་ཡུལ་ཚོའི་སྤྱིའི་ཐོན་ལས་ཀྱི་འཆར་འགོད་ཁྲོད་བཞག་ཏེ། ཡུལ་ཚོའི་ཏང་ཨུས་སྣེ་ཁྲིད་དེ་གཅིག་གྱུར་སྒོས་སྐུལ་འདེད་བཏང་། དེ་དང་ཆབས་ཅིག་ཀླེ་གཞུག་སྡེ་བའི་གནས་སྤོར་བྱེད་ས་དེ་རྨ་ཆུའི་འགྲམ་རྒྱུད་དུ་ཡོད་པ་དང་།  གནམ་གཤིས་བཟང་བའི་ཁྱད་ཆོས་ལ་བརྟེན་ནས།  ཁམ་བུ་འདེབས་འཛུགས་གསོ་སྤེལ་ལས་གཞི་གོང་དུ་སྤེལ་ཏེ།  ཤུགས་ཆེན་པོས་ཡུལ་སྐོར་མཛེས་ལྗོངས་ཐོན་ལས་གསར་སྐྲུན་བྱས་པ་དང་།  སྡེ་པ་རིམ་པའི་ཐོན་ལས་དག་ཕལ་ཆེར་གྲུབ།

དོན་དག་འདི་དག་ཚང་མ་ལིས་ཡུས་ཏུང་གི་སྡེ་སྡོད་ཉིན་ཐོའི་ཁྲོད་ནས་གསལ་བོར་མཐོང་ཐུབ།

“དེ་རིང་ང་བགྲེས་པོ་སྒྲོལ་མ་རྒྱལ་ལགས་ལ་སྐོར་རྒྱག་ཏུ་ཕྱིན་པ་ཡིན། སྡེ་གསར་ནང་ཐོན་མ་ཐག་ཨར་འདམ་གྱི་ལམ་བུ་རེ་རེ་དང་ཕྲེང་ལྟར་བསྒྲིགས་པའི་བོད་ལུགས་སྡོད་ཁང་དག་མིག་ལམ་དུ་མངོན་ཡོང་། ལིས་ཡུས་ཏུང་གི་སྡེ་སྡོད་ཉིན་ཐོའི་ཁྲོད་ད་དུང་འདི་ལྟར་བྲིས་ཡོད་དེ། ངས་གློ་བུར་དུ་ལོ་བཞིའི་ཡར་སྔོན་དུ་རང་ཉིད་ཐོག་མར་ཀླེ་གཞུག་སྡེ་བར་འོངས་པའི་རྣམ་པ་དེ་དྲན་བྱུང་། སྐབས་དེའི་ལམ་བུ་ནི་འབར་འབུར་དང་ཀྱག་ཀྱོག་ཡིན་ཞིང་། ལམ་ཡོངས་སུ་ས་རྡུལ་གྱིས་ཁེངས་ཡོད། སྡེ་མི་རྣམས་ཀྱི་འཚོ་བར་ཡང་དཀའ་ཁག་ཧ་ཅང་ཆེ།  ད་ལྟ་ཕྱོགས་ཡོངས་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ”

ལོ་ཙཱ།སྒྲོལ་མ་སྐྱིད།