ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་རྒྱལ་ལམ་214རྒྱུད་དུ་གནས་པའི་བདེ་འགྲོ་ཐང་དུ་རྒྱ་ལྕང་དང་མཚོ་སྔོན་གྱི་གསོམ་ཤིང་སྔོ་ཐིང་ཐིང་དུ་གྱུར་ཡོད། རི་ཀླུང་ཀུན་ཏུ་སྔོ་ཞིང་ལྗང་བ་དེ་གཡའ་དག་པའི་ནམ་ཟླའི་འོག་ཏུ་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད། དེ་ལས་ཡུས་ཧྲུའུ་ཡི་ཉེ་བའི་ལོ་འགའི་རིང་ལས་བྱེད་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་མཚོན་ཡོད། རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་དང་ཐོབ་པའི་གྲུབ་འབྲས་ནི་ད་དུང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལམ་བུའི་སྟེང་གནས་ཡོད་ལ། ཡུས་ཧྲུའུ་ཡི་མི་རིགས་ཁག་གི་མང་ཚོགས་ཚོས་ལྗང་མདོག་གི་བདེ་སྐྱིད་ཚོར་སེམས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཡོད།
འདུ་ཤེས་ནི་བྱ་སྤྱོད་ཀྱི་སྔོན་ཁྲིད་ཡིན། ཡུས་ཧྲུའུ་ཁུལ་ནི་རྨ་འབྲི་རྫ་གསུམ་ས་ཁུལ་དུ་གནས་ཡོད་ལ། སྐྱེ་ཁམས་མ་ལག་ཞབས་ཞུའི་ནུས་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་སྟེང་སྲུང་སྐྱོང་རིན་ཐང་གལ་ཆེན་ལྡན་ཡོད་པས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་གནས་བབ་དམིགས་བསལ་དང་གལ་ཆེན་རེད། ཉེ་བའི་ལོ་འགའི་རིང་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་ཁྲིད་འོག ཡུས་ཧྲུའུ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ།“ལྗང་མདོག་དྲིན་ཚོར་དང་སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”དར་ཆ་མཐོན་པོར་བསྒྲེངས་ནས། ནུས་ཤུགས་ཡོད་དགུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ།“གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བའི”དམ་བཅའ་ལག་ལེན་དུ་བསྟར། བདེ་འགྲོ་ཐང་གི་འཕོ་འགྱུར་ནི་ཡུས་ཧྲུའུ་ཡི་ལས་བྱེད་པ་དང་མང་ཚོགས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དམ་འཛིན་ནན་མོ་བྱེད་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། འགོ་རྩོམ་ས་གསར་པ་ཞིག་ཏུ་འགྲེང་ནས་དུས་རབས་གསར་པར་འབད་འཐབ་བྱས་ཏེ། ང་ཚོས་མུ་མཐུད་དུ་ཞིང་ཆེན་གྱི་གནས་ཚུལ“ཆེས་ཆེ་བ་གསུམ”ལ་རྐང་བཙུགས་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
མིའི་སྲོག་རྩ་ཞིང་དང་ཞིང་གི་སྲོག་རྩ་ཆུ། ཆུའི་སྲོག་རྩ་རི་དང་རི་བོའི་སྲོག་རྩ་ས། ས་ཡི་སྲོག་རྩ་སྡོང་པོ་རེད། སྡོང་བོ་ཞིག་བཙུགས་ནས་སྔོ་ལྗང་དུ་གྱུར་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་འགྱུར་བ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་། ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན། རྒྱལ་ཁོངས་ལྗང་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་པའི་ལས་ཀའི་བསམ་ཕྱོགས་ལ་ཡར་སྐུལ་བྱ་དགོས། ལྷག་པར་དུ་ཡུས་ཧྲུའུ་ཡི་ས་བབ་མཐོ་བའི་ས་ཁུལ་དུ་གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པ་དང་། ས་གནས་དེ་གར“སྡོང་བོ་འཛུགས་རྒྱུ་དེ་ཕྲུ་གུ་གསོ་རྒྱུ་ལས་དཀའ་བའི”བཤད་ཚུལ་ཡོད་པས། ངེས་པར་དུ“གསོ་སླ་བ”དང“ཚེ་རིང་བའི”ཤིང་རིགས་འདེམས་དགོས། དེ་སྔའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས། ད་ལོ་ཡུས་ཧྲུའུ་ཁུལ་གྱིས་ཡུས་ཧྲུའུ་མཐོ་སྒང་གི་མུའུ་སྟོང་གི་སྡོང་ཕྲུག་སོན་བཟང་གསོ་སྤེལ་ཚོད་ལྟའི་རྟེན་གཞིར་མ་དངུལ་སྒོར་ས་ཡ་ལྔ་བཏང་ནས་ས་གནས་དེ་གའི་སྡོང་ཕྲུག་འདེབས་གསོ་བྱས་པ་དང་། ལྕང་སྡོང་རྐང་ས་ཡ་གཅིག་བཙུགས་ཡོད། ལྕང་སྡོང་འདེམས་དགོས་དོན་ནི། གྲང་ངར་འགོག་པ་དང་ནད་འགོག་པ། འཚར་ལོངས་མགྱོགས་པ། འགྲོ་སྒོ་ཉུང་བ་དང་ཐོན་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལ་སྣང་ཆེན་བྱེད་པ་དང་། ཡུལ་ཧྲུའུ་ཡི་གཞི་ཁྱོན་ཆེ་བའི་སྐྱེ་ཁམས་ནགས་སྐྲུན་དང་མཛེས་ལྗོངས་ལྗང་འགྱུར་དང་འཚམ་པའི་སྤུས་ལེགས་ཀྱི་ཤིང་རིགས་ཤིག་རེད།
སྡོང་འཛུགས་ནགས་སྐྲུན་ནི་མི་གཅིག་གི་བྱ་བ་མིན་ལ་སྐབས་ཤིག་གི་བྱ་བ་ཡང་མིན། ཉིན་གསོག་ཟླ་གསོག་དང་མི་ཚང་མ་ཟབ་ཞུགས་བྱ་དགོས། མཉམ་དུ་སྡོང་བོ་ལ་དགའ་བ་དང་སྡོང་བོ་འཛུགས་པ། སྲུང་སྐྱོང་བཅས་བྱས་ན། ད་གཟོད་ལྗང་མདོག་ས་གཞི་ཆེན་པོར་ཁྱབ་པར་བྱེད་ཐུབ་ལ། མི་རབས་རྗེས་མར་སྔོ་ལྗང་ཆུ་དྭངས་ཀྱི་རི་ཆུ་བསྐྲུན་ཐུབ། ཉེ་བའི་ལོ་འགའི་རིང་ལ། ཡུལ་ཧྲུའུ་ཁུལ་གྱིས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱ་སྤྱོད་རྒྱ་ཁྱབ་ངང་སྤེལ་ཡོད། སྤྱི་ཚོགས་ཡོངས་སྔོ་ལྗང་སྲུང་སྐྱོང་དང་སྔོ་ལྗང་བྱ་བའི་ཁྲོད་ཞུགས་རྒྱུའི་སྐུལ་སློང་བྱས་ནས། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར“སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་མང་ཚོགས་ཟབ་ཞུགས་བྱེད་པའི”རྣམ་པ་ཞིག་ཆགས་པ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་འདུ་ཤེས་མིའི་སེམས་སུ་ཟུག་པ་དང་བསྟུན་ནས། ཧུར་ཐག་གིས་མང་ཚོགས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་བྱ་སྤྱོད་ནང་ཞུགས་སུ་འཇུག་དགོས་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་བསྡུས་བྱས་ཏེ། ལོ་གཅིག་རྗེས་གཉིས་མཐུད་དུ་བྱ་བ་བསྒྲུབས་པ་དང་། མཛེས་སྡུག་ལྡན་པའི་སྔོ་ལྗང་གྲུབ་འབྲས་རེ་རེ་དང་རི་མོ་ལྟར་མཛེས་པའི་སྔོ་ལྗང་མཛེས་ལྗོངས་རེ་རེ་བཞིན་བཀོད་ཡོད་ལ། དེ་ནི་ཡུས་ཧྲུའུ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དངོས་སྒྲུབ་སྙིང་སྟོབས་དར་སྤེལ་བཏང་ནས་དཀའ་སྤྱད་འབད་བརྩོན་གྱིས་ལྗང་འགྱུར་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བའི་གསལ་བཤད་ཡག་ཤོས་ཤིག་རེད། མཚོ་སྔོན་གྱི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་མཇུག་སྒྲིལ་བ་རེད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ལ། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་དང་སྲ་བརྟན་མཐོར་གཏོང་གི་ལོ་གསུམ་གྱི་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་ཡག་པོ་སྤེལ་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལྗང་མདོག་རྣམ་པ་སྔར་བས་མཛེས་སྡུག་ལྡན་དུ་འཇུག་དགོས།
སྡོང་འཛུགས་ནགས་སྐྲུན་བྱས་པས་རི་ཚོགས་ཀྱི་ས་ཆུ་སྲུང་འཛིན་བྱས་ཡོད་ལ། མཁར་གྲོང་དང་ཞིང་སྡེའི་ཁོར་ཡུག་ཇེ་མཛེས་སུ་བཏང་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཐོབ་ཚོར་ཇེ་ཆེར་བྱིན་ཡོད། ཡུས་ཧྲུའུ་མཐོ་སྒང་གི་མུའུ་སྟོང་གི་སྡོང་ཕྲུག་སོན་བཟང་གསོ་སྤེལ་ཚོད་ལྟའི་རྟེན་གཞིར་ལྕང་མ་འཛུགས་པའི་ལས་ཀ་གཉེར་བཞིན་ཡོད་ལ། མང་ཆེ་ཤོས་ནི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ཡིན་པ་དང་། དབུལ་པོ་མང་ཆེ་བ་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་འཛུགས་སྐྲུན་ནང་ཞུགས་ན་ཡོང་འབབ་བརྟན་པོ་ལེན་ཐུབ། རང་ཞིང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད། ཁྱིམ་ཚང་དབུལ་པོ་སྐོར་ཞིག་གིས་སྐྱེ་ཁམས་བརྟེན་ནས་ཡོང་སྒོ་འཚོལ་བཞིན་ཡོད། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་གནད་འཁེལ་དབུལ་སྐྱོར་དང་ཞིང་སྡེ་དར་སྤེལ་དང་ཟུང་འབྲེལ་བྱས་ནས་ཕན་ཚུན་སྐུལ་འདེད་ཡག་པོ་གཏོང་དགོས། དེར་མ་ཟད་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱ་སྤྱོད་ལ་ཐོབ་པའི་གྲུབ་འབྲས་ཀྱིས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་དང་། མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་བྱ་བར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ད་ལྟ་རང་རེའི་ཞིང་ཆེན་དུ་མཁར་གྲོང་དང་ཞིང་སྡེ་མང་པོ་ཞིག་ཡུས་ཧྲུའུ་དང་འདྲ་བར། སྡོད་གནས་ཁོར་ཡུག་རིམ་བཞིན་ལེགས་བཅོས་བྱུང་ཡོད་པ་དང་། མཁར་གྲོང་གི་སྤུས་ཀ་དང་ཞིང་སྡེའི་རྣམ་པ་རིམ་བཞིན་ཇེ་ལེགས་སུ་སོང་ཡོད། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་སྔོ་ལྗང་རི་ཆུ་ཡིས་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་བསྣན་ཡོད། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་མཉམ་འགུལ་བཟང་པོ་ལས་ཡུལ་ཧྲུའུ་ཡི་ལྗང་མདོག་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་ཆོག
ཁོར་ཡུག་ནི་དམངས་ཚིས་ཡིན་པ་དང་། རི་ཀླུང་ནི་མཛེས་སྡུག་ཡིན། མིག་ལ་སྲུང་སྐྱོབ་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། ཡུས་ཧྲུའུ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱེ་ཁམས་ཀྱི་འདུ་ཤེས་དེ་འདྲ་བརྟན་པོ་བཙུགས་ཡོད། བྱ་སྤྱོད་དང་བློས་གཏོང་ལ་བརྟེན་ནས་རིམ་བརྩེགས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་དང་། རྒྱལ་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལམ་བུའི་སྟེང་ལྗང་མདོག་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཞིག་བཏོད་ཡོད་ལ་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས། དེ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་ལག་བསྟར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཇེ་བརྟན་དུ་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ང་ཚོས་ཆོད་སེམས་སྔར་ལས་ཆེ་བའི་སྒོ་ནས་འབད་འཐབ་ལྷོད་མེད་བྱས་ཏེ་ལྗང་མདོག་གི་བྱ་བ་སྔར་ལས་མང་པོ་བསྒྲུབ་དགོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།