—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་དྲག་པོ་བྱུང་།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། འབད་བརྩོན་སྒོས་མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པའི་བོད་ལྗོངས་བྱ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་། དེས་རྗེས་ཕྱོགས་ཀྱི་བྱ་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་བས། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་གནས་བབ་གསར་པ་དང་ལས་འགན་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། མཐུན་སྒྲིལ་འབད་འཐབ་སྒོས་མཛེས་སྡུག་གི་མ་འོངས་པ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བསྟན།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནི་1951ལོར་བཙུགས་ཤིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་སུ་བཙུགས་པའི་དེང་རབས་ཀྱི་སློབ་གྲྭ་དང་པོ་ རེད། སློབ་གྲྭ་དེའི་སློབ་གཙོ་ལིས་ཏུང་རོས་ཀྱིས་བཤད་རྒྱུར། ད་ལོ་ནི་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་པ་དང་སང་ལོ་ནི་སློབ་གྲྭ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ཞིང་། སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས་གསར་བརྗེའི་འགྲེམས་སྟོན་ཁང་དང་། འཛིན་གྲྭའི་རུ་ཁག་གི་ཚོགས་འདུ། གཏམ་རྒྱུད་བརྗོད་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས་ནས་ང་ཡི་ཀྲུང་ཧྭ་ལ་དགའ་བའི་འདུ་ཤེས་དེ་ལོ་ཆུང་བྱིས་པ་ཚང་མའི་སེམས་སུ་ཟུག་པར་བྱེད་རྒྱུ་ཡིན་ཟེར།
རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ་ཐུགས་ལ་བཅངས་ནས་ང་ཚོའི་ལས་དོན་ལ་དེ་བས་མཐོ་བའི་བླང་བྱ་དང་དེ་བས་ཞིབ་ཚགས་ཀྱི་ལས་འགན་བཏོན་ཡོད”བོད་ལྗོངས་མངའ་རིས་ས་གནས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་འཇམ་དབྱངས་ཚེ་རིང་གིས་བཤད་རྒྱུར། མངའ་རིས་ས་ཁུལ་འདི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་མངའ་རིས་ས་ཁུལ་གྱི་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
བོད་ལྗོངས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པའི་གནད་འགག་ནི་ཏང་དང་མི། ཏང་ཡོན་ལས་བྱེད་པ་བཅས་ལ་ཐུག་ཡོད།
ས་མགོའི་མཐོ་ཚད་རྨིད་སྟོང་ལྔ་ལྷག་ཡོད་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་སྟོན་འགོ་ཚུགས་མ་ཐག་པ་ཡིན་རུང་། དགུན་ཁ་ལྟར་གྲང་ངར་ཧ་ཅང་ཆེ། གསོ་རླུང་དཀོན་ནའང་ལས་བྱེད་པ་དང་ལས་བཟོ་བ་ཚོས་རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་ཡོད་ཚད་མཐོ་སྒང་གི་གནས་འདིར་ཕུལ་དང་འབུལ་བཞིན་ཡོད།
མཚོ་གཉིས་རྫོང་ཏང་ཨུའི་ཧྲུའུ་ཅི་དབྱང་ཝུན་ཧྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་བོད་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བར། བྱ་བ་སྒྲུབ་སྐབས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་གོ་རྟོགས་དེ་བས་མཐོན་པོ་ཡོང་བ་བཅས་བྱས་ཏེ།“དཀའ་སྡུག་ཐེག་ཐུབ་པ་དང་། དམག་འཐབ་བྱེད་ཐུབ་པ། བཟོད་བསྲན་བྱེད་ཐུབ་པ། མཐུན་སྒྲིལ་བྱེད་ཐུབ་པ། ལེགས་སྐྱེས་འབུལ་ཐུབ་པ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་དག་གི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་མངོན་པ་བྱ་རྒྱུ་ཡིན་ཟེར།
མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུ་ནི། བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད།
ཡུན་ནན་ནི་བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱི་གྲས་ཤིག་ཡིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ནི་ཡུན་ནན་ནས་བོད་ལྗོངས་ལ་བསྐྱོད་པའི་བྱང་སྒོ་ཆེན་མོ་ཡིན་པ་རེད། བདེ་ཆེན་རྫོང་གི་རྫོང་དཔོན་སྐལ་བཟང་རྣམ་རྒྱལ་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་ལས་དོན་ལ་ཁ་ཕྱོགས་གསལ་བོར་བསྟན་ཡོད། ང་ཚོས་བོད་ལྗོངས་དང་ས་མཚམས་སྦྲེལ་བའི་ཁུལ་དང་རྫོང་གི་མཉམ་བསྐྲུན་མཉམ་གཏོད་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། རྒྱུན་ཆད་མེད་པར་དམངས་ཚིས་འགན་སྲུང་ཇེ་ལེགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་བདེ་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་ཟེར།
ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མང་ཚོགས་ལ་མཛེས་སྡུག་གི་འཚོ་བ་རོལ་ཐུབ་པ་བྱ་རྒྱུ་ནི་བོད་འབྲེལ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ལ་འབྲེལ་བ་དམ་པོ་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནུས་ཤུགས་སྔར་བས་ཆེ་བ་འདོན་པ་དང་། ཐབས་ཤེས་དེ་བས་མང་བ་འདོན་པ། རྗེས་མཐུད་རོགས་སྐྱོར་དང་རྒྱབ་སྐྱོར་དེ་བས་མང་བ་བཅས་བྱེད་དགོས་པ་དང་། ཞིང་སྡེ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་ཡོད། དེ་ནི་སྡེ་བའི་གོམ་སྟབས་རྗེས་མའི་འབད་འཐབ་ཀྱི་ཁ་ཕྱོགས་ཡིན”ཞེས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་རོགས་ཟ་གོང་མ་སྡེ་བའི“ལོ་རབས་90ནང་སྐྱེས་བའི”སྡེ་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་དོན་གྲུབ་ཀྱིས་དེ་ལྟར་བཤད་བྱུང་། ཁོས་མུ་མཐུད་དུ་བཤད་རྒྱུར། ང་ཚོའི་སྡེ་བར་ཉམས་འགྱུར་ལྡན་པའི་སྒོར་གཞས་ཡོད་ལ། ཚགས་ཤ་དང་ཕྱུར་བ་སོགས་ཟས་རིགས་སྣ་ཚོགས་ཡོད། ད་དུང་ཉེ་འགྲམ་དུ་མཛེས་སྡུག་ལྡན་པའི་བརླན་སའང་ཡོད། ང་ཚོས་ཁྱད་ལྡན་གྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་ཡུལ་སྐོར་གྱི་སྡེ་གསར་བསྐྲུན་ནས་སྡེ་མི་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཟེར།
རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། རི་ཀླུང་བཅས་སྲུང་སྐྱོབ་ཡག་པོ་བྱས་ཏེ། སྔར་བས་མཛེས་སྡུག་གི་མདོ་དབུས་མཐོ་སྒང་འཛུགས་སྐྲུན་བྱེད་དགོས།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་ཁུལ་དུ་གནས་ལ། གནས་དེར་བསྐྱོད་ཚེ། བརྗིད་ཆགས་པའི་གངས་རི་དང་ལྷུང་ལྷུང་དུ་འབབ་པའི་ཆུ་བོ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་བཅས་མིག་ལམ་དུ་མངོན་ཡོང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཡིན།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་རྩྭ་ཐང་ཕྱོགས་བསྡུས་ཆེད་ལས་རུ་ཁག་གི་རུ་དཔོན་གཞོན་པ་མཁའ་འགྲོ་ཚེ་རིང་གིས་མྱོང་ཚོར་ཟབ་མོས “མཐོ་སྒང་དུ་གནས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་གནས་འདིའི་རྩྭ་རྩི་ཤིང་སྲུང་སྐྱོབ་ཡག་པོ་བྱེད་པའི་དོན་སྙིང་ནི། སྐྱེ་ཁམས་སླར་གསོའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་ཙམ་མ་ཡིན་པར་འབྲོག་པའི་ཁྱིམ་གཞིས་ཀྱི་འདུ་ཤེས་དེ་བས་ཇེ་ཟབ་ཏུ་གཏོང་རྒྱུ་དང་། མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་དེ་བས་གཅིག་སྒྲིལ་ཡོང་བའི་ཆེད་དུ་ཡིན་ཞེས་དེ་ལྟར་བཤད་བྱུང་།
ལོ་ཙཱ།སྒྲོལ་མ་སྐྱིད།