ལོ་ངོ་བཅུར་མ་དངུལ་སྒོར་དུང་ཕྱུར160ལྷག་བཏང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱས།
2020.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

 2010ལོ་ནས་བཟུང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྟེང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གལ་ཆེན་གྱི་བཀོད་སྒྲིག་བྱས། པེ་ཅིན་དང་ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་སོགས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར6དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས34། ཀྲུང་དབྱང་ཁེ་ལས17བཅས་ཀྱིས་སྔར་བཞིན་བློ་ཐག་རྦད་ཆོད་སྒོས་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོ་འདི་ཕྲག་ཏུ་བླངས་ཡོད།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་མཚོ་སྔོན་རོགས་སྐྱོར་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ་བཅུའི་རིང་ལ་ཕྱོགས་སོ་སོའི་རོགས་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར160ལྷག་ལ་བསླེབས་ཡོད།

ལོ་ངོ་བཅུའི་རིང་ལ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཁབ་ཀྱི་མཐུན་སྦྱོར་སྡེ་ཁག་གི་བློ་སེམས་རྩེ་གཅིག་གི་མཛུབ་སྟོན་སྣེ་ཁྲིད་འོག ཕྱོགས་སོ་སོའི་རོགས་སྒྲུབ་པ་དང་མཚོ་སྔོན་གྱི་རོགས་སྐྱོར་ལས་བྱེད་མི་སྣའི་ཐུན་མོང་གི་འབད་བརྩོན་འོག མཚོ་སྔོན་གྱི་རོགས་སྐྱོར་བྱ་བའི་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་བ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་ཤུགས་ཉིན་རེ་བཞིན་ཇེ་དྲག་ཏུ་གྱུར་ཞིང་།  རོགས་སྐྱོར་གཞི་ཁྱོན་རིམ་བཞིན་ཇེ་ཆེར་གྱུར་བ། རོགས་སྐྱོར་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་སོང་ཏེ། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐད་ལ་ཕན་འབྲས་ངེས་ཅན་ཞིག་བླངས་ནས། མཚོ་སྔོན་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིངས།

ལོ་ངོ་བཅུའི་རིང་ལ། སྐོར་ཐེངས་བཞི་ཡི་མཚོ་སྔོན་གྱི་རོགས་སྐྱོར་ལས་བྱེད་འཇོན་མི915ཡིས་འབོད་སྐུལ་དང་དུ་བླངས་ནས་མཐོ་སྒང་གི་ཡུལ་གྲུ་སོ་སོར་བསྐྱོད་དེ།  ཆབ་སྲིད་འཆད་ཁྲིད་དང་ཆེ་ཕྱོགས་ལ་བལྟ་བ།   ཤུགས་ཆེན་པོས་རོགས་སྐྱོར་བཅས་བྱས་ཏེ།   རོགས་སྐྱོར་བྱ་བར་ཕན་འབྲས་མངོན་གསལ་ཐོབ། གཞི་རིམ་ལ་ཁ་ཕྱོགས་པ་དང་རོང་འབྲོག་མང་ཚོགས་ལ་ཁ་ཕྱོགས་པ། དབུལ་ཕོངས་མང་ཚོགས་ལ་ཁ་ཕྱོགས་པ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། མ་དངུལ་འབོར་ཆེན་བཏང་ནས་རོགས་སྐྱོར་བྱ་ཡུལ་ས་ཁུལ་སོ་སོའི་མཁར་གྲོང་སྡོད་དམངས་དག་ལ་སྡོད་ཁང་བསྐྲུན་པ་དང་རོང་འབྲོག་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཚོགས་ལས་དོན། ཁྱད་ལྡན་ཐོན་ལས། སྐྱེ་ཁམས་འཛུགས་སྐྲུན། གཞི་རིམ་སྲིད་དབང་འཛུགས་སྐྲུན། འཇོན་མི་གསོ་སྦྱོང་སོགས་ཀྱི་ཁྱབ་ཁོངས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས།  མཚོ་སྔོན་གྱི་རོགས་སྐྱོར་ལས་གཞི་སྣ་ཚོགས2200ལྷག་ལག་བསྟར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ལས་དོན་ས་ཁུལ་གྱིས་སློབ་གསོ། འཕྲོད་བསྟེན། རིག་གནས་ལུས་རྩལ་སོགས་སྒྲིག་ཆས་མུས་གྲུ་བཞི་མ་ས་ཡ་གཅིག་ལྷག་གསར་འཛུགས་དང་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས་བ་དང་། ཞིང་སྡེའི་གཞུང་ལམ་སྤྱི་ལེ1200ལྷག་ཞིག་གསོ་བྱས་པ། མང་ཚོགས་ཁྲི་བརྒྱད་དང་སྟོང་གཉིས་ལྷག་གི་སྡོད་ཁང་ ཆ་རྐྱེན་ལེགས་བཅོས་བྱས་པར་མ་ཟད། མི་འབུམ་གཉིས་ཁྲི་བརྒྱད་དང་སྒོ་ཕྱུགས་ས་ཡ་གཅིག་འབུམ་བཞི་ཁྲི་གཅིག་ལྷག་གི་འཐུང་ཆུའི་གནད་དོན་དང་། མི་ཁྲི་ལྔ་སྟོང་གཅིག་གི་གློག་བཀོལ་སྤྱོད་གནད་དོན་ཐག་གཅོད་བྱས་ཡོད།

“ལག་གདང་སྦྲེལ་ནས་འབྱོར་འབྲིང་དུ་བསྐྱོད” ཅེས་པའི་ལས་འགུལ་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་རོགས་སྐྱོར་ཐོབ་མཁན་ཕྱོགས་གཉིས་ཀྱིས་གོམ་གང་མདུན་སྤོས་སྒོས་རྫོང་དང་ཡུལ་ཚོའི་ཆ་སྡེབ་རོགས་སྐྱོར་གཙོ་གནད་དུ་བཟུང་སྟེ། སྡེ་ཁག་དང་ཐོན་ལས་གླིང་། སྨན་ཁང་། སློབ་གྲྭ། ཁེ་ལས་སོགས་ཀྱི་ཁྱབ་ཁོངས་མང་པོའི་རོགས་སྐྱོར་དེ་ཁ་གསབ་ཡིན་པའི་རིམ་པ་མང་པོའི་ཆ་སྡེབ་རོགས་སྐྱོར་མ་ལག་བསྐྲུན།  ཆ་སྡེབ་རོགས་སྐྱོར་སྣ་ཚོགས་རིམ་བསགས་ཀྱིས་དགུ་བརྒྱ་ལྔ་བཅུར་བསླེབས་ཤིང་། དེའི་ཁྲོད་རྫོང་དང་གྲོང་ཁྱེར། ཆུས། སྲིད་འཛིན་བཅས41ལ་མཐུད་སྦྲེལ་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ113གི་སྡེ་བ་དང་སྡེ་ཁུལ420ལ་མཐུད་སྦྲེལ་བྱས་པ་དང་། སློབ་གྲྭ310དང་སྨན་ཁང66ལ་མཐུད་སྦྲེལ་བྱས་ཏེ། ཆ་སྡེབ་རོགས་སྐྱོར་གྲོས་མཐུན536བཀོད་པ་དང་།  རིམ་བསགས་ཀྱིས་ཞལ་འདེབས་དངོས་རྫས་སྣ་ཚོགས་སྒོར་དུང་ཕྱུར་བཅུ་གཅིག་དང་བྱེ་བ་བདུན་ས་ཡ་གསུམ་བཏང་ཡོད།

རོགས་སྐྱོར་ཕྱོགས་སོ་སོས་རོགས་སྐྱོར་བྱ་ཡུལ་ས་ཁུལ་དག་ལ་རིམ་པ་མི་འདྲ་བའི་ཐོན་ལས་གླིང་ཁུལ13འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་ཏེ། བཅའ་སྡོད་ཁེ་ལས184ཚུར་འགུགས་ནང་འདྲེན་བྱས་ཡོད། རོགས་སྐྱོར་ཐོབ་པའི་ས་ཁུལ་དག་ལ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་སྒེའུ་ཁུང་གསར་སྐྲུན་དང་ཚོང་ཁང34འཛུགས་པ། མཚོ་སྔོན་གྱི་མིང་གྲགས་ཚོང་རྟགས་དང་མཚོ་སྔོན་གྱི་ཐོན་རྫས་ཕྱིར་བསྐྱོད་པའི་ལམ་བུ་མུ་མཐུད་དུ་རྒྱ་བསྐྱེད།  མཚོ་སྔོན་གྱི་རོགས་སྐྱོར་ཀྲུང་དབྱང་ཁེ་ལས་ཀྱིས་ཐུན་མིན་གྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོའི་འཐབ་ཇུས་ཀྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བྱས།  དེ་ཡང་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། རྣམ་པ་གསར་པའི་རྡོ་སོལ་དང་རྫས་འགྱུར་བཟོ་ལས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་ནུས་ཁུངས་གསར་སྤེལ། གློག་དྲ་འཛུགས་སྐྲུན། དྲོད་རླངས་མཁོ་འདོན་བཟོ་སྐྲུན་སོགས་སྤྱི་ཚོགས་དཔལ་འབྱོར་གྱི་གཙོ་གནད་ཁྱབ་ཁོངས་དག་ལ་འབྲེལ་ཡོད། གནད་འཁེལ་དབུལ་སྐྱོར་བྱ་བ་ལག་བསྟར་བྱས་པའི་ཚུན་ལ།  རོགས་སྐྱོར་ཕྱོགས་སོ་སོས་ཁྱོན་བསྡོམས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་སོ་དགུ་དང་བྱེ་བ་བདུན་ས་ཡ་གཅིག་བཏང་ནས། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ལ་རོགས་སྐྱོར་བྱས་པ་དང་། དབུལ་ཕོངས་མི་གྲངས་འབུམ་གཉིས་ཁྲི་བདུན་སྟོང་གཅིག་ཉིས་བརྒྱར་ཕན་ཁེ་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གི་དབུལ་ཕོངས་རྫོང32གྱིས་བདེ་བླག་ངང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་རྒྱབ་སྐྱོར་བྱས་ཏེ། དབུལ་པོར་གྱུར་ཚད2015ལོའི18.13%ནས2019ལོའི0.01%ལ་ཇེ་དམར་སོང་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།