ཟླ་ཆུ་སྡེ་བའི་འབྱོར་འབྲིང་ལམ་བུ།
2020.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤིང་མདའ་གྲོང་རྡལ་ཟླ་ཆུ་སྡེ་བར་ཐོན་དུས། མི་རྣམས་ཀྱི་སེམས་སུ་བག་ཆགས་ཟབ་མོ་ཞིག་འཇོག་པ་ནི་གྲལ་ལྟར་སྒྲིག་པའི་ཁང་ཤར་དེ་དག་ལས་གཞན། ཞང་དང་སྡེ་བ་རེ་རེའི་བར་ན་འཐེན་པའི་དག་གཙང་གི་ལམ་ཕྲན་དེ་དག་དང་དེ་ལས་ཀྱང་ལྷག་པ་ནི་སྡེ་མི་རེ་རེའི་གདོང་ན་ལྷུག་པོར་བཞད་པའི་ཡིད་འོང་གི་འཛུམ་མདངས་དེ་རེད།

ཟླ་ཆུ་སྡེ་བས་ཟླ་ཉིང་ཁ་ལ་རོང་སྒོ་རྒྱབ་རིར་བྱས་ཡོད་ཅིང་མདུན་ཕྱོགས་སུ་ཟླ་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་ཀྱིན་ཡོད། ཡུལ་དེའི་ཆ་སྙོམས་ཀྱི་ས་མགོའི་མཐོ་ཚད་ལ་རྨིད་སུམ་སྟོང་དྲུག་བརྒྱ་ཡོད་ཅིང་ཟླ་ཆུའི་འབབ་རྒྱུད་ཀྱི་ཞིང་ལས་ས་ཁུལ་དུ་གཏོགས། སྔོན་ཆད་མཐོ་འཁྱགས་ས་ཁུལ་འདི་རུ་འབྲུ་རིགས་ཀྱི་ཚོན་ཚད་མི་ལེགས་པས་ཞིང་ས་སྐོར་ཞིག་ལོ་མང་པོར་ཐང་རྒོད་དུ་ལུས་ཡོད་པ་རེད། ཞིང་ཕྱུགས་གཉིས་ཀ་གཉེར་བའི་བོད་རིགས་རྐྱང་རྐྱང་གི་སྡེ་བ་དེར་ཁྱོན་སྡོམ་ཁྱིམ་ཚང་བཞི་བརྒྱ་སོ་བདུན་ཡོད་ཅིང་མི་སྟོང་གཅིག་དང་བརྒྱད་བརྒྱ་གོ་ལྔ་ཡོད། སྔོན་ཆད་མི་གཅིག་གི་ལོ་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་མོ་བདུན་བརྒྱ་ཡས་མས་རེད། དེ་ལྟ་བུའི་དབུལ་ཕོངས་ཀྱི་སྡེ་བ་ཞིག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ངག་དབང་དྲི་མེད་ཀྱི་སྣེ་ཁྲིད་འོག་ཏུ། རང་ཉིད་ལ་དབང་བའི་དབུལ་ཐར་འབྱོར་འབྲིང་གི་ལམ་བུ་ཞིག་ཏུ་བསྐྱོད་ཐུབ་པར་གྱུར།

ཉིས་སྟོང་བདུན་ལོར་ངག་དབང་དྲི་མེད་ཀྱིས་ཟླ་ཆུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་ལྕི་མོ་དེ་ཕྲག་ཏུ་བླངས་པ་ནས་ད་ལྟའི་བར་དུ་ལོ་ངོ་བཅུ་གསུམ་འགོར་ཡོད། སྐབས་དེའི་ཟླ་ཆུ་སྡེ་བར་ལམ་ཡག་པོར་ཞིག་མེད་པར་མ་ཟད། ཕྱིར་འབུད་སའི་ཟམ་པ་གཅིག་ཀྱང་མེད་པས་སྡེ་མི་རྣམས་རྫོང་མཁར་དུ་འགྲོ་བར་ཉིན་གཅིག་གི་དུས་ཚོད་དགོས་ཀྱི་ཡོད་པ་རེད། དེའི་སྟབས་ཀྱིས། ངག་དབང་དྲི་མེད་ཀྱིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་རྗེས་སུ་ཆེས་ཐོག་མར་བསམ་བློ་གཏོང་རྒྱུའི་དོན་དག་དེ་ནི་ཇི་ལྟར་བྱས་ནས་སྡེ་བར་ལམ་ཡག་པོ་ཞིག་ལས་རྒྱུ་དེ་རེད།

ངག་དབང་དྲི་མེད་ཕྱོགས་བཞིར་རྒྱུག་ནས་སྡེ་མི་རྣམས་ལ་གཞུང་ལམ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ལས་གཞི་བརྩོན་ལེན་བྱས་ཏེ། ཉིས་སྟོང་བཅུ་དྲུག་ལོར་ཟླ་ཆུ་སྡེ་བས་ཐོག་དང་པོར་ཨར་འདམ་གྱི་ཟམ་ཆེན་དེ་འཛུགས་སྐྲུན་བྱས་པ་རེད།  ང་ཚོའི་སྡེ་བར་ལོ་འདི་འགའི་རིང་འགྱུར་ལྡོག་ཆེས་ཆེ་བ་ཞིག་ནི་ལམ་དང་ཟམ་པ་ཡོད་པ་དེ་རེད་ཅེས་ལོ་ན་ང་བདུན་ལ་སོན་པའི་ཟླ་ཆུ་སྡེ་བའི་སྡེ་མི་ཨ་རྐྱང་སེམས་འགུལ་ཐེབས་ཞོར་དུ་བཤད།

སྡེ་བའི་ལམ་ཤར་གཏོང་བྱེད་ཐུབ་པ་བྱུང་རྗེས་སུ། ཉིས་སྟོང་བཅུ་ལོར་ངག་དབང་དྲི་མེད་ཀྱིས་སྡེ་བའི་ནང་གི་ཁྱིམ་ཚང་བདུན་ཅུ་ལས་གྲུབ་པའི་སྐྱེལ་འདྲེན་རུ་ཁག་ཅིག་བཙུགས་ནས། ཟི་ལིང་དང་སྟེང་ཆེན་སོགས་ས་ཁུལ་གྱི་ཨར་འདམ་དང་རྣོ་ལྕགས་སོགས་དངོས་རྫས་སྐྱེལ་འདྲེན་བྱེད་པའི་ལས་ཀ་གཉེར། སྐྱེལ་འདྲེན་རུ་ཁག་དེའི་སྐོར་གླེང་སྐབས་ཤིང་མདའ་གྲོང་རྡལ་གྱི་མགོ་གཙོ་ཁྲིན་ཏུང་གིས་གདེང་ཚོད་ཡོད་པའི་སྒོ་ནས་བཤད་རྒྱུར། སྐྱེལ་འདྲེན་རུ་ཁག་དེའི་ད་ལྟ་ལོ་རེའི་ཁེ་སྤོགས་དེ་སྒོར་མོ་བྱེ་བ་གཅིག་ཙམ་དུ་གཏན་ཆགས་བྱུང་ཡོད་པ་དང་།  ལོ་མཇུག་ཏུ་དབུལ་ཕོངས་ཁྱིམ་ཚང་རེ་རེ་ལ་བགོ་བཤའ་རྒྱག་དུས་ཆེས་ཉུང་བར་སྒོར་མོ་ཁྲི་བདུན་ལྷག་ཡོད་པ་དང་། ཆེས་མང་བར་སྒོར་མོ་ས་ཡ་གཅིག་དང་འབུམ་དྲུག་ལྷག་ཡོད་ལ་རྗེས་ཕྱོགས་སུ་དེ་ལས་ཀྱང་མང་བར་འགྱུར་སྲིད་ཟེར།

ད་ལྟ་ངག་དབང་དྲི་མེད་ཀྱིས་དབུལ་བོ་ལས་ཐར་ཏེ་འབྱོར་འབྲིང་གི་ལམ་དུ་བསྐྱོད་པའི་གཙོ་གནད་དེ་རྒྱུན་དུ་སྡེ་བའི་ནང་དུ་བསྡད་ཡོད་པའི་མང་ཚོགས་ཀྱི་སྟེང་དུ་བསམ་བློ་གཏོང་བཞིན་ཡོད་པ་རེད། འདི་ལྟ་བུའི་ས་ཆུ་འཛོམས་པོ་ཞིག་ཡོད་པས་ཅིའི་ཕྱིར་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཕྱོགས་སུ་བཀོལ་སྤྱོད་མི་བྱེད་དམ། དེ་ལྟར་བྱས་ཚེ་ཁྱིམ་དུ་བསྡད་ཡོད་པའི་སྡེ་མི་རྣམས་ལ་དཔལ་འབྱོར་གྱི་ཡོང་འབབ་སྣ་གཅིག་འཕར་སྣོན་འབྱུང་ཐུབ་པ་མིན་ནམ། ངག་དབང་དྲི་མེད་ཀྱིས་ཟླ་ཆུ་སྡེ་བའི་གཞན་དང་མི་མཐུན་པའི་རི་ཆུའི་གནས་བབ་ལ་གཞིགས་ནས། ཞིང་ཆེན་ནས་ཆེད་སྤྱོད་མ་དངུལ་སྒོར་མོ་ས་ཡ་གསུམ་བརྩོན་ལེན་བྱས་ནས་སྦྲ་ནག་པོའི་གནས་སྐོར་སྤྲོ་སྐྱིད་གླིང་སོགས་གསར་དུ་ཕྱེས་པ་རེད།

རྒྱུན་དུ་སྡེ་བའི་ནང་དུ་བསྡད་ཡོད་པའི་མང་ཚོགས་རྣམས་ཀྱང་སྤྲོ་སྐྱིད་གླིང་དུ་སོང་ནས་ཞབས་ཞུ་བ་དང་གཙང་སྤྲ་བྱེད་མཁན་སོགས་ཀྱི་ལས་ཀ་སླ་མོའི་རིགས་ལས་ཆོག་པ་དང་། དེ་ལྟར་བྱས་ཚེ་ཟླ་རེར་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱ་རེ་ལེན་ཐུབ་ཀྱི་ཡོད་པ་རེད། དེ་ལྟར་ང་ཚོས་སྡེ་བ་ཡིས་རང་གི་ཉེ་འགྲམ་གྱི་རི་ཆུའི་ས་བབ་བཟང་བོར་བརྟེན་ནས་སྒོར་མོ་བཙལ་ཐུབ་ཀྱི་ཡོད་ཅེས་ངག་དབང་དྲི་མེད་ཀྱིས་བཤད།

སྡེ་མི་ཚེ་རིང་དོན་འགྲུབ་ཀྱིས་ཁོའི་འབྱོར་འབྲིང་འཚོ་བའི་གནས་ཚུལ་སྐོར་གླེང་སྐབས། ཁམས་པའི་ཕོ་གསར་དེའི་གདོང་ལ་འཛུམ་ཞིག་ལངས་ནས་བཤད་རྒྱུར། སྔོན་ཆད་ང་རང་ལ་བྱ་བ་ཅི་ཡང་མེད་ལ་ཡོང་འབབ་ཀྱང་མེད། སྡེ་བའི་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་ཡིན། ལོ་ལྔའི་སྔོན་དུ་ཧྲུའུ་ཅིས་ང་ལ་སྒོར་མོ་བསྐྱིས་ནས་ངས་སྐྱེལ་འདྲེན་རླངས་འཁོར་ཞིག་ཉོས་ཏེ་ཕྱོགས་ཡར་མར་ཀུན་དུ་དངོས་བོ་སྣ་ཚོགས་སྐྱེལ་འདྲེན་བྱས་པ་ཡིན། དེ་ལྟར་ལོ་གཅིག་འགོར་རྗེས་སུ་ངས་སྒོར་མོ་འབུམ་གཉིས་བཙལ་ཐུབ་པ་བྱུང་། སྒོར་མོ་དེ་དག་ལས་ཧྲུའུ་ཅི་ལ་སྔོན་ཆད་བསྐྱིས་པའི་སྒོར་མོ་ཕྱིར་སྤྲད་པར་མ་ཟད། ད་དུང་རང་ཉིད་ལ་དབང་བའི་རླངས་འཁོར་ཆུང་ཆུང་ཞིག་ཀྱང་ཉོས་པ་ཡིན། དོན་དག་དེ་ལས་ངས་བདེ་སྐྱིད་ཀྱི་འཚོ་བ་ནི་གཞན་གྱི་རོགས་སྐྱོར་གྱི་རྗེས་སུ་རང་གི་བརྩོན་འགྲུས་ལ་བརྟེན་ནས་བྱུང་བའི་གནས་ལུགས་རྟོགས་བྱུང་ཟེར།

ད་ལྟའི་འཚོ་བ་ནི་ཉིན་རེ་ནས་ཉིན་རེར་ཇེ་སྐྱིད་ཡིན་ཞིང་། རང་ཉིད་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་རང་གི་ཉེ་འགྲམ་གྱི་ཕ་མ་སྤུན་མཆེད་དག་ནམ་ཡང་བརྗེད་མི་རུང་སྟེ། ཁོ་ཚོར་རོགས་རམ་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་རང་གིས་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡིན་ཞེས་ངག་དབང་དྲི་མེད་ཀྱིས་བཤད།

                                                                                       ལོ་ཙཱ་བ། གཡང་འབུམ་རྒྱལ།