ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱས། 
2020.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

སྤྲིན་དཀར་ལང་ལོང་གཡོ་ཞིང་རྫ་ཆུ་ལྷང་ལྷུང་འབབ་པའི་ངོགས་སུ།འབྲོག་པ་ཟླ་བསོད་རྩྭ་ཐང་དུ་བསྡད་དེ་ཐག་རིང་གི་ནོར་ལུག་ལ་ལྟ་བཞིན་འདུག  ནོར་ལུག་དེ་དག་ལས་རང་ལ་གཅིག་ཀྱང་མེད་ནའང་གདོང་ལ་བདེ་སྐྱིད་ཀྱི་འཛུམ་གྱིས་ཁེངས་ཡོད།

ལོ་ན45ལ་སླེབས་པའི་ཟླ་བསོད་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྐྱིད་སྟོད་ཡུལ་ཚོ་ཡུལ་སྨད་སྡེ་བའི་ཡིན་ཞིང་། སྡེ་བ་དེ་ནི་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་སྐོར་ནས་སྐད་གྲགས་ཆོད་པའི་སྡེ་བ་ཞིག་ཡིན། འོན་ཀྱང་ལོ་ན་གཞོན་དུས་ཀྱི་ཟླ་བསོད་ལ་རྩྭ་ཐང་མེད་ལ་ནོར་ལུག་ཀྱང་མེད།

ནོར་མེད་ན་ནོར་ཁུལ་ག་ནས་ཡོད། རྩྭ་ཐང་དུ་གཏམ་དཔེ་འདི་འདྲ་ཞིག་ཁྱབ་འདུག འདིའི་དོན་ནི་འབྲོག་ཁྱིམ་དུ་ནོར་ལུག་དང་ཕྱུགས་ཟོག་མེད་ན། འཚོ་བའི་འགན་སྲུང་མེད་ལ་དབུལ་ཕོངས་ཀྱི་གནས་སུ་ལྷུང་འགྲོ་བའི་དོན་ཡིན། ཟླ་བསོད་ལ་མཚོན་ནའང་དེ་འདྲ་རེད།

ཁྱིམ་དུ་དབུལ་ཞིང་ཕོངས་པས་སྦྲ་གུར་སྟབས་བདེ་ཞིག་བཟོ་བར་ཡང་རྒྱུ་ཆ་དཀོན་པོ་ཡོད་པས་གང་སར་འཁྱམས་ནས་འགྲོ་བ་ལས་ཐབས་གཞན་མེད། ལོ་དེ་དག་གི་རིང་ལ་སྡེ་བའི་མི་ཚང་མས་ཟླ་བསོད་ལ་“ལས་མེད་མི་འཁྱམ”ཞེས་འབོད་ཀྱིན་ཡོད།

ཁོའི་འཚོ་བའི་འགྱུར་ལྡོག་ནི་2009ལོ་ལ་བྱུང་བ་སྟེ།  སྐབས་དེར་སྡེ་བའི་ཀྲུའུ་རིན་དཀར་ལྷ་དབང་གྲགས་ཀྱིས་ཟླ་བསོད་རང་ཁྱིམ་དུ་བོས་ཏེ་སྡེ་བའི་ནང་དུ་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ཞིག་འཛུགས་རྒྱུ་ཡིན་པ་དང་། ཟླ་བསོད་དེའི་ནང་དུ་ཞུགས་འདོད་ཡོད་མེད་སྐོར་དྲིས།

སྐབས་དེར་ཟླ་བསོད་ཀྱིས་མགོ་ནང་ལ་བསྒུར་ནས་བསམ་གཞིགས་ཀྱི་གཏིང་ལ་ལྷུང་། “ནོར་ལུག་དགོས་པ་མ་རེད། ཁྱོད་ཡོང་ནས་མཉམ་ལས་ཁང་གི་ཕྱུགས་འཚོས་དང་ཆོག ང་ཚོས་ཁྱོད་ལ་གླ་ཕོགས་སྟེར།”ཟེར་ཞོར་དཀར་ལྷ་དབང་གྲགས་ཀྱིས་ཟླ་བསོའི་ཕྲག་པར་རྡེབ་ཙམ་བྱས།

“ཆོག་གི”ཟླ་བསོད་ཀྱིས་དེ་ལྟར་ཡིད་འཐད་བྱུང་བའི་ལན་བཏབ། ལོ་མཇུག་དེར་ཟླ་བསོད་དངོས་སུ་ཡུལ་སྨད་སྡེ་བའི་འབྲོག་ལས་ཆེད་ལས་མཉམ་ལས་ཁང་དུ་ཞུགས་ཐུབ་པར་གྱུར་ནས་ཕྱུགས་འཚོ་བ་དང་འོ་མ་བཞོ་བའི་གཏན་འཇགས་ཀྱི་བྱ་བ་ཞིག་རེག་ཐུབ་སོང་།

ཡུལ་སྨད་སྡེ་བའི་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་ཟླ་བསོད་ཀྱི་འཚོ་བ་ལ་འགྱུར་ལྡོག་བཏང་བར་མ་ཟད། སྔོན་ཆད“གནམ་ལ་བརྟེན་ནས་ཕྱུགས་འཚོ་ཞིང་འཚོ་བ་རོལ་བཞིན་པའི”སྡེ་བ་དེའི་རྣམ་པར་ཡང་“འགྱུར་ལྡོག”བཏང་།

དཀར་ལྷ་དབང་གྲགས་ཀྱིས། ང་ཚོས་རྩྭ་ས་སྤྱི་ཆིང་ཁྲི་གཅིག་དང་ཕྱུགས་རིགས1570ལྷག་བསྡུས་ནས། རྩྭ་ཕྱུགས་དོ་མཉམ་དང་སྣོད་བཅུད་ཁོར་ཡུག་ལེགས་བསྒྱུར་བྱས་པར་མ་ཟད། ངལ་རྩོལ་ནུས་པ་ལྷག་མ་ཁག་གཅིག་གནས་སྤོ་བྱས་པས་མཉམ་ལས་ཁང་ལ་སྡེ་མི་ཀུན་གྱིས་རྒྱབ་སྐྱོར་ཐོབ་ཅེས་བཤད།  སྔོན་ཆད་སྡེ་བའི་མཉམ་ལས་ཁང་གི་རྣམ་པ་ཁྱབ་སྤེལ་གཏོང་སྐབས། སྡེ་མི་ཚང་མས་དེ་ལ་རྣམ་འགྱུར་ལེགས་པོ་ཞིག་བཟུང་མེད་པ་དང་། མཉམ་ལས་ཁང་བཙུགས་པའི་ལོ་དང་པོར་འབྲོག་པ་ཁྱིམ་ཚང35ཙམ་མ་གཏོགས་མཉམ་ལས་ཁང་དུ་ཞུགས་མེད་ཟེར། 

གསར་འགོད་པ་སྐྱིད་སྟོད་ཡུལ་ཚོ་དང་བར་ཐག་སྤྱི་ལེ60ཡོད་པའི་ཡུལ་སྨད་སྡེ་བར་སླེབས་སྐབས། འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ནོར་ལུག་རྣམས་ཁྱུ་དང་ཁྱུ་བྱས་ནས་སྔོ་ལྗང་གི་རྩྭ་ཐང་སྟེང་ཁྱབ་འདུག་ཅིང་། ཆེད་གཉེར་གྱི་ཕྱུགས་རྫི་རེ་གཉིས་ཀྱིས་མཉམ་ལས་ཁང་གི་རྩྭ་རར་དོ་དམ་དང་ནོར་ལུག་འཚོ་སྐྱོང་ལེགས་པོ་བྱས་པས་ཡུལ་སྨད་སྡེ་བའི་ནོར་ལུག་ཇེ་མང་དང་རྩྭ་ཐང་ཡང་སྔར་ལས་མཛེས་སྡུག་ལྡན་པར་གྱུར་ཡོད།

མཉམ་ལས་ཁང་གི་གཞོགས་གཅིག་གི་ཁང་པའི་ནང་དུ། ཚོགས་མི་འགའ་ཅོག་ཙེའི་མཐའ་རུ་བསྡད་དེ་ལས་ཀར་བྲེལ་བཞིན་འདུག  སྡེ་མི་ནོར་དགའ་ཡིས་ལག་གི་ལས་ཀ་ལས་ཞོར་དུ། འདི་ནི་ང་ཚོས་མཉམ་ལས་ཁང་གི་ནོར་ལུག་གི་པགས་པས་བཟོས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཤིག་ཡིན། ད་ལྟ་མཉམ་ལས་ཁང་གིས་ལོ་རེ་བཞིན་ནོར་ལུག་གསོས་བའི་བགོ་བྱ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད།  ང་ཚོར་ལས་ཀའང་ཇེ་མང་དུ་འགྲོ་བཞིན་ཡོད་པས་སྒོར་མོ་ཡང་སྔོན་ཆད་ལས་མང་དུ་བཙལ་ཐུབ།  ཞོར་ལ་བྱིས་པ་དང་ལོ་ལོན་རྣམས་ལའང་བདག་སྐྱོང་བྱེད་ཁོམ་ཡོད་པ་རེད་ཅེས་མུ་མཐུད་དུ་བཤད།

ཆེད་ལས་མཉམ་ལས་ཁང་བཙུགས་པ་ནས་བཟུང་ནོར་ལུག་གི་སྐྱེ་ཁམས་གསོ་སྤེལ་ཐོན་ལས་འཕེལ་རྒྱས་སུ་བཏང་བར་མ་ཟད། ཡུལ་སྨད་སྡེ་བས་སྔ་རྗེས་སུ་སྔོ་ཚལ་དྲོད་ཁང30བསྐྲུན་པ་དང་། ནོར་ལུག་གི་བལ་ཁུལ་བསླས་འཐག་རྟེན་གཞི་དང་ཨར་ལས་བཟོ་སྐྲུན་རུ་ཁག་སོགས་བཙུགས་ནས། འབྲོག་པ་གང་མང་ཞིག་གི་ཡོང་འབབ་འཕར་བར་སྣེ་ཁྲིད་བྱས་ཡོད་ལ། སྡེ་མི་དག་གི་ལས་ཞུགས་དང་། སློབ་ཞུགས། རྒན་གསོ། ཁོར་ཡུག་སྲུང་སྐྱོབ། རྩྭ་རའི་རྩོད་གཞི་སོགས་ཀྱི་གནད་དོན་མང་པོ་ཐག་གཅོད་བྱེད་པར་ཡང་སྐུལ་འདེད་བཏང་ཡོད།

2019ལོའི་ལོ་མཇུག་ལ་སླེབས་དུས།མཉམ་ལས་ཁང་ལ་རུ་མི་ཁྱིམ་ཚང147དང་མི620ཡོད་པ་རེད། དཔལ་འབྱོར་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་ཡོད་པའི་ནང་ཕྱུགས་ལས་ཡོང་འབབ་ལ་སྒོར་ཁྲི་ས་ཡ་གཅིག་འབུམ་གཅིག་ཁྲི་ལྔ་དང་། སྔོ་ཚལ་རྟེན་གཞིར་ཡོང་འབབ་སྒོར་ཁྲི་དྲུག  ལོ་ཧྲིལ་པོའི་འཛུགས་སྐྲུན་ཐད་ནས་སྒོར་འབུམ་གཅིག་དང་ཁྲི་གསུམ། བལ་ཁུལ་གྱི་ལག་བཟོའི་ཡོང་འབབ་སྒོར་འབུམ་གཅིག་དང་ཁྲི་གཅིག་ཡོད།  ཆེད་ལས་ཁང་གི་ཁྱིམ་མི་རྣམས་ལ་བགོ་བྱ་བརྒྱབ་པ་སྒོར་འབུམ་དགུ་དང་ཁྲི་བདུན་སྟོང་ལྔ་ལ་སླེབས་ཡོད།

དུས་ད་ལྟ་ཡུལ་སྨད་སྡེ་བའི་འབྲོག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ལོ11ལྷག་འགོར་ཡོད། ས་ཁོངས་དབྱེ་ནས་ཕྱུགས་འཚོ་རེས་དང་། ཕྱུགས་འཚོ་ལུགས་མཐུན། ཐོན་ཁུངས་བསྡུ་སྒྲིལ། གཅིག་གྱུར་དོ་དམ་བཅས་ཀྱི་བྱ་ཐབས་བརྒྱུད་མཉམ་ལས་ཁང་གི་སྦས་ཤུགས་ནུས་པ་རིམ་བཞིན་སྔོག་འདོན་བྱས་ཡོད་ལ། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་ཁྱིམ་རིམ་བཞིན་མང་དུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་གཞི་ཁྱོན་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཡུལ་སྨད་སྡེ་བ་འཕེལ་རྒྱས་སུ་གཏོང་བའི་རྟེན་གཞི་གཙོ་བོར་གྱུར་ཡོད།

ཡུལ་སྨད་སྡེ་བའི་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་གཞུང་ལས་ཁང་དུ། སྡེ་བའི་ཀྲུའུ་རིན་དང་མཉམ་ལས་ཁང་གི་ལས་འཛིན་པའི་འགན་གཅིག་ལྕོགས་སུ་ཁུར་བའི་དཀར་ལྷ་དབང་གྲགས་ཀྱིས་མངགས་ཐོ་འགའ་ཐག་གཅོད་བྱེད་པའི་ལས་ལ་བྲེལ་བཞིན་འདུག

དཀར་ལྷ་དབང་གྲགས་ཀྱིས། ད་ལྟ་རྒྱལ་ཁབ་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ལ།སྡེ་མི་ཚོ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་རེ་འདུན་ཡང་ཆེ་རུ་གྱུར་ཡོད།   མཉམ་ལས་ཁང་ནི་ཁབ་ལེན་རྡོ་ཇི་བཞིན། སྡེ་མི་ཚང་མ་གཅིག་སྒྲིལ་བྱས་ཡོད། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ཚེ། ཡུལ་སྨད་སྡེ་བའི་འཚོ་བ་ཡག་པོ་ད་དུང་རྗེས་ན་ཡོད་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཟེར། 

ཉིན་གུང་སླེབས་དུས། ཟླ་བསོད་ཀྱིས་སྔར་རྒྱུན་ལྟར་མཉམ་ལས་ཁང་གི་ཟ་ཁང་དུ་འོ་ཇ་ཕོར་བ་གང་དང་རྩམ་པ་ཏོག་ཙམ་གྱིས་གུང་ཇ་བྱས་པ་དང་། ཕྱི་དྲོའི་ལས་ཚོགས་འཚོག་པར་ད་དུང་དུས་ཚོད་ངེས་ཅན་ཞིག་ཡོད་པས།ཁ་པར་གྱི་ཁ་ཕྱེས་ནས་རྫོང་མཁར་ན་ཡོད་པའི་ཚ་བོ་དང་བརྙན་ལམ་ནས་ཁ་བརྡ་བྱེད་བཞིན་འདུག

ཟླ་བསོད་ཀྱིས་བརྙན་ལ་བལྟས་རྗེས་འཛུམ་དམུལ་དམུལ་གྱིས། དེ་སྔ་སྡེ་བའི་ནང་ཆེས་དབུལ་པོ་ང་ལྟ་བུས་ཀྱང་ད་ལྟ་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད་པས་ད་རུང་དཔེ་མི་སྲིད་པ་ཅི་ཞིག་ཡོད།རིང་ཉིད་ལ་མཚོན་ན་ད་ལྟའི་འཚོ་བར་ཧ་ཅང་ཡིད་ཚིམ་ཡོད། ལོ་རེར་ཡོང་འབབ་སྒོར་ཁྲི7ཙམ་ཡོད་པ་མ་ཟད། ད་དུང་རྫོང་མཁར་དུ་ཁང་པ་དང་རླངས་འཁོར་ཡང་ཉོས་ཡོད་ཟེར།

                                   ལོ་ཙཱ་བ། དངོས་སྦྱོང་སློབ་མ་ཚེ་རིང་བསམ་གྲུབ།