ཞིན་ཧེ་རྫོང་གི་ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར་གྱི་འཕེལ་རྒྱས།
2020.09.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 68

  ཞོགས་པའི་ཉི་གཞོན་གྱི་འཛུམ་ཟེར་ཀློང་ནས༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམ༽ཞེས་པའི་བཅར་འདྲིའི་ཚོགས་པ་བཅར་འདྲིའི་ས་ཚིགས་གཉིས་པ་སྟེ་ཞིན་ཧེ་རྫོང་དུ་བསྐྱོད། ཞིན་ཧེ་རྫོང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ལྷོའི་མཚམས་སུ་ཆགས་ཡོད་ལ།  ཕྱུགས་ལས་གཙོ་བོར་གཉེར་བའི་རྫོང་ཞིག་ཡིན།  རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོས་ས་གནས་མང་ཚོགས་ཀྱི་འཚོ་བར་སྔ་ན་མེད་པའི་དྲོད་ཁོལ་བསྩལ་ཡོད་པ་ཐོས་པས། ང་ཚོའི་བཅར་འདྲིའི་གོམ་ཁ་རྩི་གོར་ཐང་གྲོང་རྡལ༼ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར༽གྱི་ཕྱོགས་སུ་བསྒྱུར། 

ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར། 

༼ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར༽ནི་ཞིན་ཧེ་རྫོང་གི་གྲོང་རྡལ་གསུམ་དང་། ཡུལ་ཚོ་བཞི། སྲིད་འཛིན་སྡེ་བ་ང་བདུན་གྱི་དབུལ་ཕོངས་ཁྱིམ་ཚང་བརྒྱད་བརྒྱ་གནས་སྤར་ནས་ཡོང་བ་ལས་གྲུབ་པ་དང་། ས་སྤྱིའི་རྒྱ་ཁྱོན་ལ་མུའུ་སྟོང་གཅིག་དང་ལྔ་བརྒྱ་ཡོད་ལ། འཛུགས་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་དྲུག་དང་སྟོང་གཉིས་བརྒྱད་བརྒྱ་སུམ་ཅུ་ཡོད་ཅིང་།  ལས་གཞི་འདིའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ལྷག་བཏང་ཡོད་པ་རེད།

ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར་གྱི་ཐང་ཆེན་དུ་སྡེ་མིས་འཁྲབ་སྟོན་བྱེད་བཞིན་པ། 

ཞིན་ཧེ་རྫོང་གིས་དཀའ་ངལ་ཆེ་བའི་མང་ཚོགས་རྣམས་ས་གཞན་དུ་གནས་སྤར་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པའི་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་བྱ་བའི་ཐད་ལ་བཏོན་པའི་རེ་བ་དང་།  ཀྲུང་དབྱང་དང་ཞིང་ཆེན་རིམ་པས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ལ་བཏོན་པའི་ཇུས་ཆོད་དངོས་འབེབ་གང་ལེགས་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་རྣམས་གནས་སྤོར་དུ་འཇུག་པའི་བྱ་བ་དེ་དབུལ་ཐར་བྱ་བའི་གནད་འགག་ཅིག་ཏུ་བཟུང་ནས། ཐོན་ཁུངས་སོ་སོ་ལེགས་སྒྲིག་དང་མ་དངུལ་གཅིག་བསྡུས་བྱས་ཏེ་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་མི་རྣམས་གནས་འདིར་བཀོད་སྒྲིག་བྱས།

ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར་གྱི་ཀྲུའུ་རིན་གཡུང་དྲུང་ཐར། 

ང་ཚོ་གནས་འདིར་ཐོན་སྐབས། ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར་གྱི་ཐང་ཆེན་དུ་མི་རྣམས་ཀྱིས་རིག་རྩལ་ལེ་ཚན་ལ་རོལ་མྱོང་བྱེད་བཞིན་འདུག མི་ཚོགས་ཀྱི་ཁྲོད་ནས་བོད་ལྭ་གྱོན་པའི་སྐྱེས་པ་ཞིག་གིས་ང་ཚོའི་མདུན་བསུས་བྱུང་། ཁོ་ནི་གཡུང་དྲུང་ཐར་རེད། གཡུང་དྲུང་ཐར་ལ་མཚོན་ན། དམག་ཁུངས་ནས་ཕྱིར་ལོག་མཁན་ཞིག་ཡིན་པ་དང་། སྔོན་ཆད་ཕྱུགས་ལས་ལ་བརྟེན་ནས་ཁ་གསོ་ཐབས་བྱེད་བཞིན་ཡོད་པས། འཚོ་བར་དཀའ་ངལ་ཅུང་ཆེ། 2019ལོར་སྡེ་གསར་འདིར་གནས་སྤར་ནས་ཡོང་བ་དང་། རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པས་རང་ཉིད་ཀྱིས་སྒོར་མོ་གཅིག་ཀྱང་ཕུད་མ་དགོས་པར་སྡོད་ཁང་གསར་བའི་ནང་འདུག་ཐུབ་པ་བྱུང་ལ། ད་ལྟ་སྡེ་གསར་འདིའི་ཀྲུའུ་རིན་གྱི་འགན་ཡང་བཞེས་ཡོད་པ་རེད། ཁོས་རང་གི་འཚོ་བའི་འགྱུར་ལྡོག་ཐད་ནས་བཤད་རྒྱུར། ད་ལྟ་ང་ཚོ་སྡེ་གསར་འདི་རུ་སྤྱི་སྤྱོད་རླངས་འཁོར་ཐོན་ཡོད་པས། སྒོ་ཕྱི་ལ་འགྲོ་ན་སྟབས་བདེ་བ་དང་། ནད་ལ་སྟོན་སའི་སྨན་ཁང་དང་། བྱིས་པ་སློབ་གྲྭ་སྐྱེལ་ས་སོགས་ཀྱང་རང་ཁྱིམ་གྱི་སྒོ་ཁ་ན་ཡོད་པས། སྔོན་ཆད་དང་བསྡུར་ན་གོང་འཕེལ་ཆེན་པོ་སོང་ཡོད་ཟེར།

ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར་གྱི་སྡེ་མི་འབྲུག་ཐར་རྒྱལ། 

ཕ་ཡུལ་ལུང་བཟང་ཡུལ་ཚོའི་ཡིན་པའི་འབྲུག་ཐར་རྒྱལ་ནི་ལྟོས་ཚོད་ལ་ཕོ་ལོ་སུམ་ཅུ་ལྷག་ལ་ཐོན་ཡོད་པ་དང་། བློ་རིག་རྒོད་ཅིང་ལས་ལ་བརྩོན་མཁན་ཞིག་ཡིན་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་བར་བྱེད། ཁོས་བཤད་རྒྱུར། སྔོན་ཆད་ཕྱུགས་ལས་ས་ཁུལ་དུ་འཚོ་བ་རོལ་བཞིན་ཡོད་པ་དང་། འཚོ་བར་དཀའ་ཁག་ཤིན་ཏུ་ཆེ་བས། 2018ལོར། ཨ་མདོ་དམངས་སྲོལ་སྡེ་གསར་རུ་གནས་སྤར་བ་དང་། གནས་འདིར་ཡོང་རྗེས་སྡེ་བའི་དོ་དམ་མི་སྣའི་གྲས་སུ་ཞུགས་པས། ཟླ་རེར་ཟླ་ཕོགས་ཡོད་པ་དང་། འཚོ་བ་ཡང་སྔར་ལས་ཇེ་བཟང་དུ་སོང་ཡོད་ཟེར།

ཨ་མདོ་དམངས་སྲོལ་སྡེ་གསར་གྱི་སྡེ་མི་འཕགས་པ་རྒྱལ། 

ཕྱུགས་ལས་གཉེར་ན་ཕྱུགས་ཟོག་ལ་བརྟེན་དགོས། ཕྱུགས་ཟོག་མེད་ན་ཁྱིམ་ཚང་ལ་འཚོ་རྟེན་མེད་པར་གྱུར་བ་རེད། རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་བྱ་བས་དབུལ་བོ་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་བར་བསྡོངས་གྲོགས་མཛད་བཞིན་ཡོད་ཅིང་།  ལུང་བཟང་ཡུལ་ཚོ་སྨུག་པོ་སྡེ་བའི་འཕགས་པ་རྒྱལ་ནི་དེའི་གྲས་ཀྱི་གཅིག་རེད། ཁོས་བཤད་རྒྱུར། ཁོ་རང་མི་གཉོམ་ཆུང་ཞིག་ཡིན་པའི་ཁར་ཁྱིམ་ཚང་ཡང་དཀའ་ངལ་ཅན་ཞིག་གི་ཡིན། ད་ལྟ་ཁོ་རང་སྡེ་གསར་འདི་རུ་གནས་སྤར་ནས་ནགས་སྲུང་བྱས་ཏེ་ཡོང་སྒོ་ཡང་ལེན་བཞིན་ཡོད་པས། འཚོ་བར་དཀའ་ཁག་མེད་ལ་འཚོ་བ་སྔར་ལས་སྐྱིད་པོ་རོལ་བཞིན་ཡོད་ཟེར།

ཨ་མདོ་དམངས་སྲོལ་སྡེ་གསར་གྱི་གློག་རྡུལ་ཚོང་དོན་འགྲེམ་ཚོང་ལྟེ་གནས། 

ཉིས་སྟོང་བཅུ་དགུ་ལོར། ཨ་མདོ་དམངས་སྲོལ་སྡེ་གསར་ནས་ཞིན་ཧེ་རྫོང་གློག་རྡུལ་ཚོང་དོན་འགྲེམ་ཚོང་ལྟེ་གནས་ཤིག་ཕྱེས་པ་དང་། དེ་ནི་གཙོ་བོ་དྲ་ལམ་ཁག་ནས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱས་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བར་འབད་བརྩོན་བྱེད་པ་ཞིག་ཡིན་ལ། ཚོང་དོན་ལྟེ་གནས་དེ་ནས་ད་ལྟའི་བར་དུ་ཕྱིར་འཚོང་བྱས་པའི་ཡོང་སྒོ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གསུམ་ཁྲི་དྲུག་ལྷག་ལ་སླེབས་ཤིང་། དེས་རོང་འབྲོག་པ་ཁྱིམ་ཚང་སྟོང་གཅིག་དང་བཞི་བརྒྱ་གྱ་གསུམ་གྱི་ཡོང་སྒོ་འཕར་སྣོན་ཡོང་བར་རོགས་རམ་བྱས་པ་དང་། དེའི་ནང་དབུལ་ཕོངས་ཁྱིམ་ཚང་གི་མི་བཞི་བརྒྱ་དང་ང་བཞི་ཡོད་ཅིང་། དེ་ནི་དབུལ་ཕོངས་མང་ཚོགས་རྣམས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བྱེད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་རེད།

ཞིན་རྫོང་དབུལ་སྐྱོར་ཅུའུ་ཡི་ལས་བྱེད་མི་སྣ་དབྱངས་ཅན་སྒྲོལ་མ། 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་ཐར་གྱི་ལམ་དུ་མི་གཅིག་ཀྱང་ལུས་མི་རུང་ཞེས་གསུངས་པ་ནང་བཞིན། ཞིན་ཧེ་རྫོང་གིས་ཀྱང་དཀའ་ངལ་ཆེ་བའི་མང་ཚོགས་ལ་བྱ་བ་མང་པོ་བསྒྲུབས་པས2019ལོར་རྫོང་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་རྣམས་དབུལ་ཐར་བྱེད་ཐུབ་པ་བྱུང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནས་ཞིན་ཧེ་རྫོང་དབུལ་སྐྱོར་ཅུའུ་ཡི་ལས་བྱེད་མི་སྣ་དབྱངས་ཅན་སྒྲོལ་མས་བཤད་རྒྱུར། དབུལ་ཐར་མང་ཚོགས་རྣམས་སྡེ་གསར་འདིར་གནས་སྤར་རྗེས་ཁོ་ཚོར་ནགས་སྲུང་དང་། རྩྭ་སྲུང་། དོ་དམ་མི་སྣ་ཚོགས་ཀྱི་སྤྱི་ཕན་ལས་རྐང་བཀོད་སྒྲིག་བྱས་ཏེ་ཡོང་སྒོ་བཙལ་དུ་འཇུག་བཞིན་ཡོད་པ་དང་། ད་ལྟ་ཁོ་ཚོའི་འཚོ་བ་ཕྱོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་ཡོང་ཡོད་ཟེར།

ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར་གྱི་ཀྲུའུ་རིན་གཡུང་དྲུང་རྒྱལ་གྱིས་ད་ལྟ་སྡེ་གསར་འདིའི་ཕྱིའི་རྣམ་པ་མཛེས་སྡུག་ལྡན་པ་ཁོ་ན་མ་ཡིན་པར་ནང་སེམས་ཀྱི་བསམ་བློར་ཡང་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅེས་བཤད་པ་ནང་བཞིན། ཁོ་ཚོའི་འགྱུར་ལྡོག་དེ་ཡིས་ཁོ་ཚོ་རང་ཉིད་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་གི་སྒོ་འཕར་ཡངས་པོར་ཕྱེས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་སྒྲོལ་མ། ཐུབ་བསྟན་རྡོ་རྗེ། ཐུབ་བསྟན།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།