མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་ཡུལ་ལྗོངས་ཁུལ་གྱིས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་དམངས་ཀྱི་ཡོང་སྒོ་འཕར་བར་བྱས།
2020.09.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 52

ཚ་རྔ་འགག་ཡུལ་ལྗོངས་ཁུལ། 

འབྲས་ལྡན་སྟོན་གྱི་དུས་ཚིགས་འདི་ལ་སྐབས་གཉིས་པའི་བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་སྟེ། ༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམ༽ཞེས་པའི་བཅར་འདྲིའི་ཚན་ཆུང་གུང་ཧོ་རྫོང་ཐོག་ནས་ལམ་ལ་ཆས་ཏེ་དུས་ཚོད་གཅིག་རིང་བགྲོད་མཐར་རྫོང་ཐོག་དང་བར་ཐག་སྤྱེ་ལེ་ཞེ་བརྒྱད་ཀྱིས་ཆོད་པའི་ཚ་རྔ་འགག་སྐྱེ་ཁམས་ཡུལ་སྐོར་ལྗོངས་རྒྱུ་ཁུལ་དུ་ཐོན།

ཚ་རྔ་འགག་ཆུ་མཛོད་ཁུལ་ནི་ཀོས་ནན་རྫོང་དང་། ཁྲི་ཀ་རྫོང་། ཞིན་ཧེ་རྫོང་བཅས་ཀྱི་འབྲེལ་མཚམས་སུ་གཡུ་ཡི་མནྡལ་ཐང་ལ་ལྷུང་བ་ཇི་བཞིན་སྔོ་ལྟེམ་མེར་འཁྱིལ་འདུག་ལ། ཆུ་མཛོད་ཁུལ་དེ་ལོ་རབས་བདུན་ཅུ་བའི་ནང་འཛུགས་སྐྲུན་བྱེད་མགོ་ཚུགས་ཤིང་། དེ་ནི་མཐོ་སྒང་གི་ཆུ་གློག་ལས་དོན་གྱི་རྡོ་རིང་ལྟ་བུ་ཞིག་ཡིན་པར་མ་ཟད། དེ་ལ་རྨ་ཆུའི་ཆུ་རགས་དང་པོའི་མཚན་སྙན་ཀྱང་ཐོབ་ཡོད། གནས་འདི་མཛེས་སྡུག་ལྷུན་གྱིས་གྲུབ་པའི་རི་ཚོགས་ཀྱིས་མཐའ་ནས་བསྐོར་འདུག་ཅིང་། ལམ་འགྲམ་ཀུན་ཏུ་སྔོ་ལྗང་ལྗང་གི་ལྗོན་ཤིང་དང་། རྩ་རྩི་ཤིང་སྣ་ཚོགས་ཀྱིས་ཁེངས་འདུག་པས། ཡུལ་འདི་ནི་མི་རྣམས་ཀྱིས་ཁམས་གསེང་བྱེད་སའི་གནས་མཆོག་ཏུ་གྱུར་བ་ཞིག་རེད།

ཚ་རྔ་འགག

2012ལོར་མཚོ་ལྷོ་ཁུལ་གྱིས་ཚོང་འགུགས་དངུལ་འདྲེན་བྱེད་པའི་ཐབས་ལ་བརྟེན་ནས་ལོ་དེའི་ཟླ་བརྒྱད་པ་ནས་མཚོ་སྔོན་ཚ་རྔ་འགག་ཡུས་ཡོན་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་ཟི་དང་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱེད་རྒྱུའི་གན་རྒྱ་བཞག་ཅིང་། ཚ་རྔ་འགག་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་མཛུབ་སྟོན་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་བཞག་ནས་འཛུགས་སྐྲུན་བྱས།   ལྗོངས་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བརྒྱད་བརྒྱ་དང་བདུན་ཅུ་ཡོད་པ་དང་། འཛུགས་སྐྲུན་བྱེད་པའི་དུས་ཡུན་ལོ་བདུན་ནས་བཅུ་བར་ཡིན་ལ། སྤྱིའི་མ་དངུལ་གཏོང་ཚད་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ཡིན་ཞིང་། ད་ལྟའི་བར་དུ་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་སྒོར་མོ་དུང་ཕྱུར་བཞི་བཏང་ཟིན་པ་དང་། 2015ལོའི་ཟླ7པ་ནས་དངོས་སུ་ཡུལ་སྐོར་བ་སྣེ་ལེན་བྱེད་མགོ་ཚུགས། ཡུལ་སྐོར་ལྗོངས་རྒྱུ་ཁུལ་དེ་རུ་མགྲོན་ཁང་དང་། ཟ་ཁང་། ཡུལ་སྐོར་ཞབས་ཞུ་ལྟེ་གནས། ལུས་སྦྱོང་བྱེད་ས། ཚིགས་ཇ་འཐུང་ས། གླུ་གཞས་གཏོང་ས་སོགས་བཀོད་སྒྲིག་བྱས་ཡོད་པས། ཡུལ་སྐོར་བས་གནས་འདི་ནས་ཡུལ་སྐོར་སྐྱིད་པོ་ཞིག་གཏོང་བར་མཐུན་རྐྱེན་བསྐྲུན་ཡོད་པར་མ་ཟད། ད་དུང་ས་གནས་མང་ཚོགས་རྣམས་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུ་བྱ་བའི་ནང་ཞུགས་ཏེ་རང་གི་ཡོང་སྒོ་འཕར་སྣོན་བཏོང་བར་སྐུལ་འདེད་པ་བྱེད་བཞིན་ཡོད་པ་རེད།

ཚ་རྔ་འགག་གྲོང་རྡལ་ཝན་ཝོན་སྡེ་བའི་སྡེ་མི་མགུ་གྲགས།

ཚ་རྔ་འགག་གྲོང་རྡལ་ཝན་ཝོན་སྡེ་བའི་སྡེ་མི་མགུ་གྲགས་ལ་མཚོན་ན། སྔོན་ཆད་ཕྱུགས་འཚོས་ནས་འཚོ་བ་རོལ་བཞིན་ཡོད་པས་དཔལ་འབྱོར་གྱི་ཡོང་ཁུངས་སྣ་གཅིག་རྐྱང་ཡིན་པའི་སྟེང་། ད་དུང་བྱིས་པ་སློབ་གྲྭར་བསྐྱལ་ནའང་ས་ཐག་ཤིན་ཏུ་རིང་བར་བརྟེན། ཝན་ཝོན་སྡེ་བར་གནས་སྤར་ཏེ་ད་ལྟའི་བར་ལོ་བཅུ་གཅིག་ལྷག་འགོར་ཡོད། ལོ་གཉིས་ཀྱི་སྔོན་ལ་ཁོ་རང་མཚོ་སྔོན་ཚ་རྔ་འགག་ཡུས་ཡོན་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་ཟིའི་ནང་ལས་ཞུགས་བྱས་ཏེ་ཡུལ་སྐོར་བས་ལུས་སྦྱོང་བྱེད་ས་རུ་བྱ་བ་སྒྲུབ་བཞིན་ཡོད་པས། ཟླ་རེར་སྒོར་མོ་སྟོང་གསུམ་ལྷག་གི་ཟླ་ཕོགས་ཡང་ལེན་བཞིན་ཡོད། ཁོས་བཤད་རྒྱུར། སྔོན་ཆད་རི་སྒང་དུ་འཚོ་བ་རོལ་བའི་སྐབས་སུ་ཞོར་ལས་ལ་སོང་ན་ལམ་ཐག་ཤིན་ཏུ་རིང་བ་དང་། བྱིས་པ་སློབ་གྲྭར་སྐྱེལ་བར་ཡང་དཀའ་ཁག་ཆེན་པོ་ཡོད་པ་རེད། འདིར་གནས་སྤར་རྗེས་བྱིས་པ་སློབ་གྲྭར་སྐྱེལ་ན་སྟབས་བདེ་བར་མ་ཟད། ཁྱིམ་གྱི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པས། ང་རང་ལ་མཚོན་ནའང་ཕྱོགས་གང་ཐད་ནས་འཕེལ་རྒྱས་འགྲོ་བཞིན་འདུག་ཟེར། 

ཚ་རྔ་འགག་ཡུལ་ལྗོངས་ཁུལ་གྱི་གླུ་བ་ཨ་སངས། 

ད་ལྟའི་དུས་རབས་འདིར་མགྱོགས་འཕྲིན་དང་འཁྱིག་དབྱིངས་སོགས་ནི་དྲིལ་སྒྲོག་གི་སྟེགས་བུ་ཧ་ཅང་རྒྱུགས་ཆེ་བ་ཞིག་རེད། ཕ་ཡུལ་ཁྲི་ཀ་ནས་ཡིན་པའི་ཨ་སངས་ད་ལོ་ལོ་ན་ཉེར་བརྒྱད་ཡིན་པ་དང་། སློབ་གྲྭ་ཆེན་མོ་འགྲིམས་མ་མྱོང་བས་ཕ་ཡུལ་དུ་ཡོད་དུས་ཞིང་ལས་ལ་བརྟེན་ནས་ཡོང་སྒོ་བཙལ་བཞིན་ཡོད། ཡིན་ཡང་ཁོ་ལ་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པས།  མགྱོགས་འཕྲིན་སོགས་ཀྱི་ལམ་ནས་གླུ་དབྱངས་བླངས་ནས་དྲ་སྟེང་དུ་མིང་གྲགས་ཅུང་ཟད་ཡོད་པས་ཚ་རྔ་འགག་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱིས་ཁོ་རང་གླུ་དབྱངས་ལེན་པར་གདན་འདྲེན་ཞུས་ཏེ་ད་ལྟ་ལྗོངས་རྒྱུ་ཁུལ་འདི་རུ་གླུ་དབྱངས་ལེན་བཞིན་ཡོད་ལ།  ཟླ་རེར་སྒོར་མོ་སྟོང་བཞི་ལྷག་གི་ཟླ་ཕོགས་ལེན་བཞིན་ཡོད་པ་རེད། ཁོས་བཤད་རྒྱུར། སྔོན་ཆད་ཁོ་རང་ལ་ཡོང་སྒོ་མེད། འདིར་ཡོང་ནས་གླུ་དབྱངས་བླངས་ན་ཟླ་ཕོགས་ཡོད་པ་དང་། ཁོ་རང་ལ་འཚོ་བའི་ཁ་སྣོན་ཡོད་པར་གྱུར་བས་སེམས་གཏིང་ནས་དགའ་སྤྲོ་སྐྱེས་བཞིན་ཡོད་ཟེར།

ཚ་རྔ་འགག་གྲོང་རྡལ་གྱི་སྡེ་མི་ལྷ་འབུམ། 

རིག་གནས་ཆུ་ཚད་མཐོན་པོ་མེད་པའི་ཞིང་བ་ཞིག་ལ་ཟླ་རེར་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་གྱུར་ན་དེ་ལ་མི་མགུ་མཁན་སུ་ཞིག་ཡོད། དེ་ནི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གྱིས་ཁོའི་ལས་དབང་ལ་ཁ་ལོ་བསྒྱུར་བ་མ་ཡིན་ནམ། ཝན་ཝོན་སྡེ་བ་ནི་ཚ་རྔ་འགག་ཆུ་མཛོད་ཁུལ་དུ་ལྷིང་འཇགས་ཀྱིས་འཚོ་ཞིང་། སྔོན་ཆད་སྡེ་བ་འདིར་ཁྱིམ་ཚང་ཤིན་ཏུ་ཉུང་། རྗེས་སུ་ཚ་རྔ་འགག་ཆུ་མཛོད་ལས་པ་དང་བསྟུན་ནས་མི་མང་པོ་ཞིག་འདིར་གཞིས་ཆགས་ཏེ། ད་ལྟ་ཁྱིམ་ཚང་ཉིས་བརྒྱ་ཙམ་དང་མི་སྟོང་གཉིས་ལྷག་ཡོད་ལ།  དེའི་ནང་བོད་རིགས་ཁྱིམ་ཚང་བརྒྱ་དང་དྲུག་ཅུ་ལྷག་ཡོད་པ་རེད།  སྡེ་མི་ལྷ་འབུམ་གྱིས་བཤད་རྒྱུར། སྔོན་ཆད་ཕྱུགས་ཟོག་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས་ཁྱིམ་ཚང་གི་ཡོང་སྒོ་ཞན་པ་དང་།  ཡོང་སྒོ་བཙལ་དུ་འགྲོ་ས་ཡང་མེད། ད་ལྟ་ཚ་རྔ་འགག་གྲོང་རྡལ་དུ་ཡུལ་སྐོར་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་བྱས་ཡོད་པས། ཁོ་རང་གིས་ཀྱང་སྒོ་སྲུང་གི་བྱ་བ་གཉེར་ནས་ཟླ་རེར་སྒོར་མོ་སྟོང་གསུམ་རེའི་ཟླ་ཕོགས་ལེན་བཞིན་ཡོད་ལ།   ཡོང་སྒོ་སྔོན་ཆད་ལས་ཇེ་བཟང་དུ་སོང་ཡོད་ཟེར། 

སྔོན་ཆད་མི་ཚོགས་ཀྱི་འདུ་འཛིས་དབེན་པའི་ཚ་རྔ་འགག་དེ་ད་ལྟ་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་མང་པོའི་མིག་གི་དབང་བོ་གཡོར་ས་རུ་གྱུར་བ་དེས་ལྷ་འབུམ་ལྟ་བུའི་སྔོན་ཆད་ཕྱུགས་ཟོག་ལ་བརྟེན་ནས་འཚོ་བ་རོལ་བའི་སྡེ་མི་གང་མང་ཞིག་གིས་ཀྱང་ལས་རིགས་གསར་བར་འཇུས་ནས་འཚོ་ཚིས་བྱ་ཐབས་གསར་བར་འཐམ་བཞིན་ཡོད་པ་དང་། འདིས་ཚ་རྔ་འགག་གི་འགྱུར་ལྡོག་མཚོན་ཡོད་པར་མ་ཟད། འབྱོར་འབྲིང་འཚོ་བའི་ལམ་དུ་ཤུགས་ཀྱིས་བགྲོད་བཞིན་པའི་མཚོ་ལྷོའི་འཕོ་འགྱུར་ཡང་མཚོན་བཞིན་ཡོད་པ་རེད།

གསར་འགོད་པ། ཚེ་རིང་སྒྲོལ་མ། ཐུབ་བསྟན་རྡོ་རྗེ། ཐུབ་བསྟན།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།