མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་བྱ་མདོ་ཡུལ་ཚོའི་སྡེ་མིས་གཙགས་དྲུབ་ལ་བརྟེན་ནས་མཚར་སྡུག་གི་འཚོ་བ་སྐྲུན།
2020.09.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 52

བྱ་མདོ་ཡུལ་ཚོ་སྡེ་མང་སྡེ་བ། 

སྟོན་དུས་ཀྱི་མཐོ་སྒང་གི་ནམ་ཟླ་སྐབས་རེར་འཁྱག་ལ་སྐབས་རེར་དྲོ་བ་ཞིག་རེད། ༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམ༽ཞེས་པའི་བཅར་འདྲིའི་ཚོགས་པ་ས་ཚིགས་བཞི་བ་སྟེ་ཀོས་ནན་རྫོང་བྱ་མདོ་ཡུལ་ཚོ་སྡེ་མང་སྡེ་བར་ཐོན། སྡེ་བ་དེར་ཁྱིམ་ཚང་སུམ་བརྒྱ་བཅུ་དང་། མི་གྲངས་སྟོང་གཅིག་དང་སུམ་བརྒྱ་ཉི་ཤུ་ཡོད་ལ། དེ་ནི་ཀོས་ནན་རྫོང་གི་བྱང་ཕྱོགས་ཀྱི་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་ཤིང་། རང་བྱུང་གི་ནམ་ཟླའི་དྲོད་གྲང་སྙོམས་པས། ཞིང་ལས་ཁོ་ནར་བརྟེན་བཞིན་ཡོད་ཅིང་། ཡོང་སྒོ་སྣ་གཅིག་རྐྱང་ཡིན་པ་རེད།

ཀོས་ནན་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་ཀུང་ཟིའི་འགོ་གཙོ་རིན་ཆེན་རྒྱལ། 

ཡིན་ཡང་། གནས་འདིའི་མི་རྣམས་ནི་གནའ་སྔ་མོ་ནས་ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བ་དང་། ཁྱད་པར་དུ་སྐྱེས་མ་རྣམས་ནི་ཆེ་བཀུར་ཆུང་བྱམས་ལྡན་པ་དང་། ཁྱིམ་ཐབ་ལ་བློ་དཀར་བ། ཁྱིམ་ལས་གཙིགས་སུ་འཛིན་པ་སོགས་མཛངས་མའི་ཡོན་ཏན་གྱིས་ཀུན་ནས་ཕྱུགས་པས་སྔོན་ཆད་མཛངས་མའི་ལུང་བ་ཞེས་གྲགས་ཀྱང་། ད་ལྟ་སྒྲ་འགྱུར་ནས་མཛེས་མའི་ལུང་བར་གྲགས་ཡོད་པ་རེད། ཁྱིམ་ལས་ཀྱི་ཁྲོད་ཁོ་མོ་ཚོར་ཁོམ་པ་ཡོད་དུས་དུས་རྟག་ཏུ་མེ་ཏོག་དང་། ཐོར་ཅོག སྐྲ་ལུང་སོགས་གཙགས་རྒྱུར་ཤིན་ཏུ་དགའ་བ་ལས་དེ་དག་ཕྱིར་འཚོང་བྱས་ནས་ཡོང་སྒོ་བཙལ་བའི་ཕྱོགས་ལ་བསམ་བློ་གང་ཡང་བཏང་མ་མྱོང་། ལོ་ཟླའི་འཕེལ་འགྱུར་གྱི་ཀློང་ནས་གཙགས་དྲུབ་རིག་གནས་དེ་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཤིག་ཏུ་གྱུར་བ་དང་། གཙགས་དྲུབ་དེ་ཆེས་ཐོག་མར་ཐོན་ལས་སུ་བསྒྱུར་མཁན་ནི་རིན་ཆེན་རྒྱལ་ལགས་རེད། དེ་ཡང་2005ལོར་ཁོ་རང་ཁྲིན་ཏུའུ་རུ་སོང་ནས་ལྟོས་དབང་གིས་བཤམས་སྟོན་ཁང་ཞིག་ཏུ་སྒྲོལ་དཀར་གྱི་གཙགས་དྲུབ་ཤིག་བཤམས་ཡོད་པ་མཐོང་བ་དང་།  ཁོའི་སེམས་ལ་རང་གི་ས་ཆ་ནའང་ལག་རྩལ་དེ་ཡོད་པས་ལག་རྩལ་དེ་སྣ་མང་པོ་ནས་འཕེལ་རྒྱས་གཏོང་ཐུབ་རྒྱུ་ན་རང་ས་ཆ་འདི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཐུབ་ཀྱི་རེད་བསམ་ནས་ཐོག་མར་ཁོ་རང་གིས་མཚོ་ལྷོའི་ཁུལ་ཐོག་ཏུ་མཚོ་ལྷོའི་བོད་ལུགས་གཙགས་དྲུབ་ཞེས་པའི་བཟོ་ཁང་ཞིག་ཕྱེས་ཤིང་། གཙགས་དྲུབ་རིག་གནས་དར་སྤེལ་གཏོང་བའི་ཐད་ལ་བསམ་གཞིགས་གང་མང་བཏང་མྱོང་། ཁོས་བཤད་རྒྱུར། ང་ཚོ་བོད་ལ་གནའ་ནས་གཙགས་དྲུབ་རིག་གནས་འདི་དར་ཡོད་ཀྱང་། རྒྱུན་སྐྱོང་ཐུབ་མེད། ང་ཚོ་བྱ་མདོ་ས་ཆའི་འདོགས་ཆའི་སྟེང་གི་གཙགས་དྲུབ་འདི་ལས་རྒྱུན་མ་ཆད་པར་ད་བར་དུ་དམངས་ཁྲོད་དུ་དར་བ་རེད། དེ་བས། རང་ཉིད་ཀྱིས་ཀྱང་ཤུལ་བཞག་རིག་གནས་འདི་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་ལོ་གང་མང་ཞིག་ལ་ཞིབ་འཇུག་བྱས་པ་ཡིན། འདིར་མ་ཡིག་ལ་ལྟ་ས་མེད་པའི་རྐྱེན་གྱིས་རང་ཉིད་ཀྱིས་ལོ་བཅོ་ལྔའི་རིང་ལ་ཞིབ་འཇུག་བྱས་མཐར་སྡེ་བའི་ནང་གི་ལོ་ཆུང་བུ་མོ་བཅོ་ལྔར་ལག་རྩལ་ཁྲིད་དེ། ཁོ་མོ་རྣམས་ལ་རི་དྭགས་དང་། ཡུལ་ལྗོངས་སོགས་རྣམ་པ་མང་པོའི་གཙགས་དྲུབ་རི་མོར་གཙགས་དུ་བཅུག་པ་ཡིན་ཟེར།

གཙགས་དྲུབ་ཐོན་རྫས། 

2015ལོར་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པ་ལ་བརྟེན་ནས་ཁོས་སྡེ་མང་སྡེ་བ་ནས་ཀོས་ནན་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་ཀུང་ཟི་ཞེས་པ་ཞིག་བཙུགས་ཏེ། སྡེ་བའི་མི་རྣམས་ཀྱིས་གཙགས་དྲུབ་གཙགས་པར་སྐུལ་འདེད་བྱས་ལ། ཀུང་ཟི་སྡེ་བ་ནས་འཛུགས་པའི་དམིགས་ཡུལ་ཐད་ནས་ཁོས་མུ་མཐུད་དུ་བཤད་རྒྱུར། རང་སྡེ་བ་ནས་བཙུགས་ན་གཅིག་ནས་ཕྱིར་ཞོར་ལས་ལ་འགྲོ་མི་ཐུབ་པའི་མི་རྣམས་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཏེ། རང་ཁྱིམ་གྱི་སྒོ་ཁ་ནས་ཡོང་སྒོ་བཙལ་ཐུབ་པ་དང་། ཡང་གཅིག་བཤད་ན་ཕྱིར་རང་གི་ཕ་ཡུལ་ལ་ཡོང་ན་བྱ་མདོ་གཙགས་དྲུབ་ཀྱི་ཕ་ས་ཞེས་པའི་མིང་ཞིག་ཨེ་ཐོགས་ལ་བསམ་ནས་ལོག་པ་ཡིན་ཟེར།

གཙགས་དྲུབ་གཙགས་བཞིན་པ། 

མི་ལ་བརྩོན་འགྲུས་ལྡན་གྱུར་ན།  འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པའི་དཔེ་བཞིན་དུ།  ཚོང་རའི་ནང་གཙགས་དྲུབ་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་པས། ད་ལྟ་ས་ཆ་འདིའི་སྐྱེས་མ་ཚོས་གཙགས་དྲུབ་ལ་བརྟེན་ནས་ཡོང་སྒོ་བཙལ་བཞིན་ཡོད་པ་རེད།

སྡེ་མང་སྡེ་བའི་སྡེ་མི་ཚེ་མོ། 

ཚེ་མོ་ནི་ཆུང་དུས་ནས་གཙགས་དྲུབ་གཙགས་པར་ཧ་ཅང་དགའ། ད་ལྟ་མོ་རང་ལོ་ལྔ་བཅུ་ང་ལྔར་སླེབས་ཡོད་ཀྱང་། རང་སྡེ་བའི་བུ་མོ་ཆུང་ཆུང་ཚོས་གཙགས་དྲུབ་གཙགས་པར་དུས་རྒྱུན་མཛུབ་སྟོན་གནང་བཞིན་ཡོད། མོས་བཤད་རྒྱུར། རང་ཉིད་ཆུང་དུས་སུ་སྡེ་བའི་རྒན་པ་རྣམས་ཀྱི་མཛུབ་སྟོན་གྱི་འོག་ནས་རིམ་བཞིན་ནར་སོན་པ་ཡིན་ལ། ད་ལྟ་གཞོན་པ་ཚོས་གཙགས་དྲུབ་གཙགས་ན་གང་དུ་འགྲིག་ཡོད་པ་དང་། གང་དུ་འགྲིག་མེད་པ་སོགས་གསལ་བོར་ཤེས་ཀྱིན་ཡོད། རང་གི་ཤེས་ཚོད་ཀྱིས་བཤད་པ་ཡིན། དེ་བས་རང་སྡེ་བའི་བུ་མོ་ཆུང་ཆུང་འདི་དག་གཙགས་དྲུབ་གཙགས་ན་གཅིག་ལས་གཅིག་བཟང་ཡིན་ལ། ད་ལྟ་གཙགས་དྲུབ་ཉོ་མཁན་ཡོད་པས་ཡོང་སྒོ་ཡང་ལོན་བཞིན་ཡོད་པ་རེད་ཟེར།

སྐྱེས་མས་འཁྲབ་སྟོན་བྱེད་བཞིན་པ། 

ཀོས་ནན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་གཙགས་དྲུབ་ཀྱི་ཕ་ས་ཞེས་པའི་མཚན་སྙན་ལ་བརྟེན་ནས། ད་དུང་བོད་ལྗོངས་འབྲི་ཆུ་དངུལ་གཏོང་ཚད་ཡོད་ཀུང་ཟི་དང་གན་རྒྱ་བཞག་ནས་སྡེ་མང་སྡེ་བ་ནས་མཛེས་མ་ལུང་བའི་ལྗོངས་རྒྱུ་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱས་པ་དང་། ལྗོངས་ཁུལ་དེ་ནི་རྨ་ཆུའི་འགྲམ་རྒྱུད་དང་། ཚ་རྔ་འགག་ཆུ་མཛོད་ཀྱི་ལྷོ་ཕྱོགས་སུ་ཡོད་པས། ཚ་རྔ་འགག་བརྒྱུད་དེ་འདིར་ཡོང་མཁན་གྱི་ཆུ་ཐོག་གི་ཡུལ་སྐོར་བ་ངལ་གསོ་བྱེད་སའི་བསྟི་གནས་ཡག་པོ་ཞིག་ཡིན་པ་རེད།

སྡེ་མང་སྡེ་བའི་སྡེ་དཔོན་རྡོ་རྗེ་ཚེ་རིང་།

སྡེ་དཔོན་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར། མཛེས་མ་ལུང་བའི་ལྗོངས་རྒྱུ་ཞབས་ཞུ་ལྟེ་གནས་འདི2016ལོ་ནས་ལས་མགོ་བརྩམས་པ་དང་། ད་ལོར་ཞབས་ཞུ་ལྟེ་གནས་འདིའི་གསོལ་མགྲོན་ཁང་ཆེན་མོའི་སྒོ་ཡང་ཕྱེས་ཡོད་པ་རེད། དེ་ལ་ཁྱད་ཆོས་ཅི་ཡོད་ཟེར་ན། གཅིག་ནས་སྡེ་མང་སྡེ་བས་སྲོལ་རྒྱུན་གྱི་གཙགས་དྲུབ་རིག་གནས་རྒྱུད་འཛིན་བྱས་ཡོད་པས། དེ་དར་སྤེལ་དང་ཕྱིར་འཚོང་ཐད་ལ་ནུས་པོ་ཆེན་པོ་ཐོན་ཐུབ་པ་དང་། དེ་ནས་སྡེ་བ་འདི་ཚ་རྔ་འགག་གི་རྨ་ཆུ་དང་འབྲེལ་ཡོད་པས་སྡེ་མང་སྡེ་བས་བོད་ལྗོངས་འབྲི་ཆུ་ཀུང་ཟི་དང་མཉམ་འབྲེལ་སྒོས་ཟ་ཁང་དང་ལས་གཞི་གཞན་པ་ལས་པར་ཤུགས་བརྒྱབ་སྟེ། མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་ཟེར།

    བྱ་མདོ་ཡུལ་ཚོ་གོ་རི་མདོ་སྡེ་བའི་ཆོས་དཀར་སྒྲོལ་མ་ནི་ཞིང་བ་དཀྱུས་མ་ཞིག་ཡིན་ཞིང་། མོས་ཀོས་ནན་གཙགས་དྲུབ་དྲ་སྟེང་ནས་ཕྱིར་འཚོང་བྱེད་པའི་ཐབས་ལ་བརྟེན་ནས་ས་དེའི་བུད་མེད་རྣམས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་བཞིན་ཡོད་པ་རེད། མོས་བཤད་རྒྱུར། སྔོན་ཆད་སྡེ་བ་འདིའི་མི་ཚང་མས་གྲོ་ནས་སྲན་གསུམ་འདེབས་པ་ལ་བརྟེན་པ་དང་། དེའི་ཞོར་དུ་ཞོར་ལས་ལའང་འགྲོ་དགོས། ད་སྐབས་གཙགས་དྲུབ་དར་ཡོད་པས་སྐྱེས་མ་མང་པོ་ཞོར་ལས་ལ་མི་འགྲོ་བར་ཡུལ་ནས་སྐྲ་ལུང་དང་། མེ་ཏོག་གཙགས་བཞིན་ཡོད། དང་ཐོག་ཡོང་སྒོ་མང་པོ་ལེན་མི་ཐུབ་ཀྱང་། སྲིད་ཇུས་ཡག་པོའི་རྐྱེན་གྱིས་ཐད་གཏོང་སོགས་ཀྱི་ལམ་ནས་ཕྱིར་འཚོང་བྱས་པ་དང་། ང་རང་ཉིད་ཀྱིས་ཀྱང་ཐད་གཏོང་བྱས་ནས་དྲིལ་སྒྲོག་བྱས་པར་བརྟེན་ལྷ་ས་དང་ཧྲང་ཧེ་གྲོང་ཁྱེར་སོགས་ནས་མངགས་ཉོ་བྱེད་མཁན་བྱུང་བས། ཡོང་སྒོ་ཇེ་བཟང་དུ་སོང་བ་དང་། ད་ལྟ་ཁྱིམ་ཚང་རེ་ནས་གཙགས་དྲུབ་གཙགས་མི་ཤེས་མཁན་ཕལ་ཆེར་མེད་ལ། གཙགས་དྲུབ་འདི་ལ་བརྟེན་ནས་ཕྱིར་ཞོར་ལས་ལ་འགྲོ་མི་དགོས་པར་ཡོང་སྒོ་ལེན་ཐུབ་པས། ཚང་མའི་འཚོ་བ་ཇེ་བཟང་ནས་ཇེ་སྐྱིད་རེད་ཟེར།

ཀོས་ནན་ས་ཆའི་སྐྲ་ལུང་། 

ཀོས་ནན་གཙགས་དྲུབ་ནི་དམངས་ཁྲོད་ཀྱི་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་།  དུས་ཀྱི་འཕེལ་འགྱུར་ཁྲོད་ཀོས་ནན་གཙགས་དྲུབ་ཀྱིས་མུ་མཐུད་དུ་འཚོལ་ཞིབ་དང་གསར་གཏོད་བྱས་པ་བརྒྱུད། སྲོལ་རྒྱུན་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་དང་དེང་རབས་ཅན་གྱི་གསར་དར་རྣམ་པ་གཉིས་ཟུང་འབྲེལ་བྱེད་ཐུབ་པ་བྱུང་བས། གཙགས་དྲུབ་ཐོན་ལས་ཀྱི་འཕེལ་རྒྱས་གསར་བའི་སྒོ་མོ་ངང་གིས་ཕྱེས། ད་ལྟ། གསོན་ཉམས་དོད་པོའི་ཀོས་ནན་གྱི་གཙགས་དྲུབ་ཐོན་རྫས་མང་པོ་རང་ས་གནས་མ་ཟད་ཐ་ན་རྒྱལ་ཡོངས་སུ་འགྲེམ་འཚོང་བྱེད་བཞིན་ཡོད་པས། ཀོས་ནན་མང་ཚོགས་ཀྱིས་གཙགས་དྲུབ་ཐོན་ལས་ལ་བརྟེན་ནས་མཚར་སྡུག་གི་འཚོ་བ་སྐྲུན་བཞིན་འདུག

གསར་འགོད་པ། ཚེ་རིང་སྒྲོལ་མ། ཐུབ་བསྟན་རྡོ་རྗེ། ཐུབ་བསྟན།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།