རྡོ་སྦིས་ཡུལ་ཚོ་རུ་དབུལ་ཐར་ཕྱུག་འགྱུར་གྱི་མཉམ་སྒྲོག་རོལ་དབྱངས་དཀྲོལ།
2020.09.18 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 18

གསེར་མདོག་གི་སྟོན་དུས་སུ། མཚོ་ཤར་གྲོང་ཁྱེར་ཞོན་ཧ་ཟ་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་ཡུལ་ཚོ་ཁིས་དམར་སྡེ་བར་ཐོན་དུས། སྡེ་མི་རྣམས་ཀྱིས་འབྲུ་རིགས་འབྲེག་སྡུད་བྱེད་པའི་ལོ་ལེགས་ཀྱི་རྣམ་པ་དེ་མཐོང་ཐུབ།

ན་ནིང་ལོ་དཀར་ས་མུའུ་བརྒྱད་ཅུ་བཏབ་པར་ཆ་སྙོམས་ཀྱིས་ས་ཞིང་མུའུ་གཅིག་གི་ནང་དུ་སྒོར་མོ་བརྒྱད་བརྒྱའི་ཡོང་སྒོ་ཡོད་པ་རེད། ད་ལོར་སྔར་ལས་བསམ་ཕྱོགས་བསྒྱུར་ནས་ས་ཞིང་མུའུ་སུམ་བརྒྱ་དང་སུམ་ཅུའི་སྟེང་དུ་ནས་ནག་བཏབ་པ་དང་ས་མུའུ་བརྒྱ་དང་ཉི་ཤུའི་སྟེང་དུ་ཞོག་ཁོག་བཏབ།ས་མུའུ་བརྒྱ་ཡི་སྟེང་དུ་སྨན་རྩྭ་བཏབ། དེ་དག་ལས་ནས་ནག་ནི་ད་ལྟ་འབྲེག་སྡུད་བྱས་ནས་མཛོད་དུ་བཅུག་ཡོད་ལ་ཏག་ཏག་ཕྱིར་འཚོང་བྱེད་པར་བསྒུག་ཡོད། ཞོག་ཁོག་དང་སྨན་རྩྭ་གཉིས་ཀྱི་སྐྱེ་སྟོབས་ཀྱང་ལེགས་པོ་འདུག་པས་སྔོན་དཔག་བྱས་པ་ལྟར་ན་ཡོང་འབབ་མི་བཟང་རྒྱུ་མི་འདུག ཁིས་དམར་སྡེ་བ་རུ་འདེབས་འཛུགས་ཀྱི་གཞི་རྒྱ་ཅུང་ཆེན་པོ་གཉེར་བཞིན་པའི་མཁའ་འགྲོ་སྐྱབས་ཕྱོགས་གཅིག་ནས་ལས་ཀར་བྲེལ་བཞིན་དུ་ཕྱོགས་གཅིག་ནས་དགའ་སྤྲོ་དང་བཅས་ཏེ་དེ་ལྟར་བཤད་བྱུང་།

དེ་ནི་ཞོན་ཧ་རྫོང་རྡོ་སྦིས་ཡུལ་ཚོའི་ཐོན་ལས་ཅུང་ཆེན་པོ་ཞིག་ཡིན་ཞིང་ཞིང་པ་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་རྨི་ལམ་མངོན་འགྱུར་བྱེད་པའི་བསྡུས་གཟུགས་ཤིག་ཀྱང་རེད།

ཉེ་བའི་ལོ་འགའི་རིང་ཞོན་ཧྭ་རྫོང་གིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་།དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།རྟེན་གཞི་འཛུགས་སྐྲུན་བྱས་ནས་ཟོང་རྟགས་བསྐྲུན་པ་དང་། ཁེ་ལས་གཙོ་བོ་གཉེར་ནས་ཚོང་ར་འཛིན་པའི་བསམ་ཕྱོགས་ལྟར། དབུལ་ཕོངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱད་ལྡན་ཞིང་ལས་ལོ་ཏོག་དང་སྨན་རྩྭ་སོགས་ཁྱད་ལྡན་ཕན་མཐོའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། རིམ་བཞིན་དུ་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་གཙོ་བོ་ཡིན་པའི་སྒྲིག་གཞིའི་རྣམ་པ་གྲུབ་པར་བྱས་ནས། ལས་ཞུགས་ཀྱིས་དབུལ་སྐྱོར་བྱེད་པ་དང་ངལ་རྩོལ་པ་ལྷག་མ་ཕྱི་རོལ་ཏུ་ཞོར་ལས་སུ་འགྲོ་བ། མ་རྩའི་ཡོང་འབབ་ཀྱིས་ཁ་གསབ་བྱེད་པ་བཅས་དམངས་ཕྱུག་ཐོན་ལས་ཀྱི་རྣམ་པ་གྲུབ་པར་བྱས་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་མཉམ་སྒྲོག་རོལ་དབྱངས་ཤིག་དཀྲོལ།

ད་ལོ་ལོ་ན་ལྔ་བཅུ་ཡིན་པའི་མཁའ་འགྲོ་སྐྱབས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཁིས་དམར་སྡེ་བའི་མི་ཡིན་ཞིང་། ལོ་སྔོན་མ་དག་ཏུ་ཁུལ་དང་རྫོང་གཞན་པ་ནས་དབྱར་རྩྭ་དགུན་འབུའི་ཚོང་ལས་གཉེར་བཞིན་ཡོད་ཅིང་ཉིས་སྟོང་བཅོ་བརྒྱད་ལོར་ཕ་ཡུལ་དུ་ལོག་སྟེ་ཚོང་ལས་འཕེལ་རྒྱས་སུ་བཏང་བ་རེད།

ང་རང་ཕ་ཡུལ་དུ་ལོག་དུས་ཕ་ཡུལ་གྱི་ཞིང་ས་ས་རྒོད་དུ་བསྐྱུར་བ་ཇེ་མང་ནས་ཇེ་མང་ཡིན་པས་སེམས་ནས་མི་བཟོད་པ་ཞིག་རེད། དེ་བས་ཞིང་ས་དེ་དག་བཀོལ་སྤྱོད་བྱེད་མགོ་བརྩམས་པ་ཡིན་ཞེས་མཁའ་འགྲོ་སྐྱབས་ཀྱིས་བཤད། སྔོན་ཆད་ཚོང་རྒྱག་པའི་སྐབས་སུ་གྲོགས་པོ་མང་པོ་ཞིག་ངོ་ཤེས་པ་དང་ཁོ་ཚོའི་ཁྲོད་དུ་གྲོགས་པོ་ཞིག་གིས་ནས་ནག་གི་ཚོང་ལས་གཉེར་བཞིན་ཡོད་པས་ཡོང་འབབ་ཤིན་ཏུ་བཟང་།

དེ་བས་ཉིས་སྟོང་བཅུ་དགུ་ལོར། མཁའ་འགྲོ་སྐྱབས་ཀྱིས་སྡེ་བའི་ནང་གི་སྡེ་མི་སྒྲོལ་མ་སྐྱབས་དང་མཉམ་འབྲེལ་བྱས་ནས་ནས་ནག་འདེབས་པའི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་དང་། ས་ཞིང་མུའུ་གང་ལ་སྒོར་བརྒྱ་དང་ལྔ་བཅུ་བྱས་ནས་ཉེ་འགྲམ་གྱི་ཞིང་ཁྱིམ་མང་པོའི་ལག་ནས་ཞིང་ས་མུའུ་དྲུག་བརྒྱ་ལྷག་གླས་ཏེ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཐད་བཀོལ་སྤྱོད་བྱས།

སྡེ་བའི་ནང་དུ་གསོ་སྤེལ་ལས་རིགས་ཀྱི་ཐོན་ལས་ཡོད་པར་བརྟེན། སྡེ་མི་རྣམས་ལའང་ཡོང་འབབ་འཕར་སྣོན་འབྱུང་སའི་སྒོ་མོ་གཅིག་ཇེ་མང་དུ་གྱུར། ནས་ནག་དང་ཞོག་ཁོག་སོགས་འདེབས་པར་ལས་བཟོ་བ་དགོས་མཁོ་ཆེ་བས། ང་ཚོས་གདན་ཞུ་བྱས་པ་ཚང་མ་སྡེ་བའི་ནང་གི་མང་ཚོགས་ཡིན་པར་མ་ཟད། ད་དུང་སྔོན་ལ་སྡེ་བའི་ནང་གི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་གི་མི་སྣ་དག་གདན་ཞུ་བྱས་པ་ཡིན་ཞེས་མཁའ་འགྲོ་སྐྱབས་ཀྱིས་བཤད། མཉམ་ལས་ཁང་དུ་རྒྱུན་དུ་ལས་ཀ་ལས་མཁན་གྱི་མི་སྣ་བཅུ་དྲུག་ཡོད་ཅིང་། དེའི་ནང་དུ་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་སྣའི་ཟླ་ཕོགས་དེ་ལས་བཟོ་བ་གཞན་དང་བསྡུར་ན་ཅུང་ཙམ་མཐོ་བ་རེད།

ལོ་ན་ལྔ་བཅུ་ལ་སོན་པའི་གཡང་དྲུང་མཚོ་ནི་ཁིས་དམར་སྡེ་བའི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་ཞིང་། གཙོ་བོ་ངལ་རྩོལ་པ་མེད་པའི་དབང་གིས་དབུལ་བོར་གྱུར་ཞིང་། རྒྱུན་དུ་ཡོང་འབབ་གཞན་ཅི་ཡང་མེད་པར་ཞིང་ས་ཆུང་ངུ་དེའི་ཡོང་སྒོ་ཁོ་ནར་བརྟེན་ཡོད་པ་རེད། ཡིན་ནའང་དེང་སྐབས་ཁོ་མོར་ཕྱོགས་གཉིས་ཀྱི་ཡོང་སྒོ་ཡོད་པ་རེད།  ངས་རང་གི་ས་མུའུ་བཅུ་ཡོད་པའི་ཞིང་ས་དེ་སྡེ་བའི་ཆེད་ལས་མཉམ་ལས་ཁང་གི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་འཁོར་སྐྱོད་བྱེད་དུ་བཅུག་པས་ལོ་རེར་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱའི་ས་ཞིང་འཁོར་སྐྱོད་ཀྱི་རིན་པ་ལེན་ཐུབ་ཀྱི་ཡོད་པར་མ་ཟད། དེ་དང་མཉམ་དུ་ང་རང་ཉིད་ཀྱིས་མཉམ་ལས་ཁང་གི་ནང་དུ་ཡུར་མ་ཡུར་བ་སོགས་ཀྱི་ལས་ཀ་ཅུང་ཙམ་རེ་བྱས་ན་ཉིན་གཅིག་ལ་སྒོར་མོ་བརྒྱ་རེ་བཙལ་ཐུབ་ཀྱི་ཡོད་པ་དང་། མཉམ་ལས་ཁང་དེ་རུ་ཉིན་བཅུ་གྲངས་ཙམ་ལ་ལས་ཀ་ལས་ནའང་ཟླ་གཅིག་ལ་སྒོར་མོ་སྟོང་གཉིས་ཙམ་རེ་ལེན་ཐུབ་ཀྱི་ཡོད་པས་ད་ལྟ་འཚོ་བའི་གྲོན་དངུལ་ཐད་གནད་དོན་ཅི་ཡང་མེད་ཅེས་གཡང་དྲུང་མཚོ་དགའ་སྤྲོ་ཆེན་པོས་བཤད།

ངས་ད་ལྟ་སྡེ་བའི་ནང་དུ་ཞོག་ཁོག་གསོག་གཉེར་བྱེད་ས་ཞིག་ལས་རྩིས་ཡོད། སྟོན་ཁར་ཞོག་ཁོག་བླངས་རྗེས་མཛོད་དུ་བཞག་སྟེ་དུས་ཚིགས་རྗེས་མ་དག་གི་ནང་དུ་ཕྱིར་འཚོང་བྱས་ན་ཉོ་མཁན་མང་པོ་ཡོད་པ་རེད། མཁའ་འགྲོ་སྐྱབས་ཀྱིས་ཡིད་ཆེས་དང་བཅས་དེ་ལྟར་བཤད་པར་བལྟས་ན།   ཁོས་མུ་མཐུད་དུ་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བར་གྲ་སྒྲིག་བྱས་ནས་སྔར་ལས་མང་པའི་དབུལ་ཕོངས་ཁྱིམ་ཚང་དག་གི་སྣེ་ཁྲིད་དེ་ཁོ་ཚོའི་ཡོང་འབབ་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་རྒྱུ་ཡིན་པ་ཤེས་ཐུབ།

ད་ལོ་ལོ་ན་ང་བརྒྱད་ཡིན་པའི་མ་ཧྲ་པ་ཉི་བཟའ་མི་བཞི་བོས་ད་ལྟའི་བར་དུ་ཀླུ་ལུང་སྡེ་བ་རུ་རང་གི་ཞིང་ས་ཆུང་ངུ་དེ་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། ཉིས་སྟོང་བཅོ་ལྔ་ལོར་ཁོ་ཚང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་པ་རེད།

དབུལ་བོ་ལས་ཐར་བར་ས་ཞིང་ཆུང་ངུ་ཙམ་ལ་བརྟེན་ནས་བསྡད་ན་འབྱོར་ཕྱུག་གི་ལམ་དུ་ཇི་ལྟར་བསྐྱོད། ལོ་འདི་དག་གི་རིང་དུ་མ་ཧྲ་པ་ཉི་ལ་མཚོན་ན་འཚོ་བའི་བྱེད་ཐབས་སྣ་མང་སྤྱད་ཀྱང་ཕན་འབྲས་ཆེན་པོ་མ་བྱུང་། ཡིན་ནའང་ཐོན་ལས་ཇི་ལྟར་འཕེལ་རྒྱས་སུ་བཏང་སྟེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུ་ནི་ཁོས་ནམ་ཡང་བསམ་བློ་གཏོང་བཞིན་པའི་གནད་དོན་ཞིག་ཡིན།

ཀླུ་ལུང་སྡེ་བ་ནི་ས་བབ་ཅུང་མཐོ་བའི་ས་ཁུལ་དུ་ཆགས་ཡོད་ཅིང་རི་ཀླུང་རྒྱ་ཆེ་ཞིང་རྩྭ་ཡི་ཐོན་ཁུངས་ཕུན་སུམ་ཚོགས་པས་ཕྱུགས་ཟོག་གསོ་སྤེལ་བྱེད་པའི་ལས་རིགས་གཉེར་བར་ཧ་ཅང་འཚམ།  མ་ཧྲ་པ་ཉི་ཡིས་ཕྱུགས་ཟོག་གསོ་སྤེལ་བྱེད་པའི་ལས་རིགས་དེ་སྤྱིར་ན་དཀའ་ཁག་ཆེ་བ་ཤེས་ནའང་ཁོ་ལས་རིགས་དེ་ལ་འཇུག་རྒྱུའི་སེམས་ཐག་བཅད་པ་རེད།

ཉིས་སྟོང་བཅོ་ལྔ་ལོར། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དུ་བདམས་རྗེས་སུ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་རོགས་སྐྱོར་མི་སྣའི་རྒྱབ་སྐྱོར་འོག མ་ཧྲ་པ་ཉི་ཡི་ལག་ཏུ་སྲིད་གཞུང་གི་རོགས་སྐྱོར་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་འབྱོར་བས་ཁོས་ར་ལུག་ཉེར་བདུན་ཉོས་ཏེ་ར་ལུག་དེ་དག་གསོ་སྤེལ་བྱེད་མགོ་བརྩམས། ཡིན་ནའང་གསོ་སྤེལ་གྱི་ལག་རྩལ་ཞན་ཁར་རང་བྱུང་གི་གནོད་འཚེ་སོགས་ཀྱི་དབང་གིས་ལོ་དེའི་དགུན་ཁར་ར་ལུག་མི་ཉུང་བ་ཞིག་ཤི་སོང་།  ཁོས་དེ་ནི་གྲང་ངར་ཆེ་བའི་དབང་གིས་ཡིན་པར་འདོད་ཀྱང་། ཡུལ་ཚོའི་ཕྱུགས་ལས་སྨན་པ་རྣམས་ཀྱི་རོགས་སྐྱོར་འོག མ་ཧྲ་པ་ཉི་ཡིས་འཇིབ་འབུ་ནད་ཀྱི་དབང་གིས་ར་མ་རྣམས་ཤི་བའི་གནས་ལུགས་ངོ་མ་དེ་ཤེས་སོང་།

སྤྱིར་བཏང་གི་ཕྱུགས་ནད་དེ་དག་སྔོན་འགོག་བྱེད་པའི་ཐད་ནས་མ་ཧྲ་པ་ཉི་ལ་མཚོན་ན་ཅི་ཡང་མི་ཤེས། དེས་ཁོ་རང་ལ་གསོ་སྤེལ་ལག་རྩལ་གྱི་གལ་ཆེན་རང་བཞིན་གསལ་བོར་ཤེས་སུ་བཅུག་སོང་། དེ་ནས་བཟུང་མ་ཧྲ་པ་ཉི་ཡུལ་ཚོ་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་གསོ་སྤེལ་རྩལ་ནུས་གསོ་སྦྱོང་ལ་ཧུར་བརྩོན་ཆེན་པོས་ཞུགས་པ་དང་། ཉིན་རྒྱུན་དུ་དུས་ཚོད་བཙལ་ནས་ཕྱུགས་ཟོག་གསོ་སྤེལ་བྱེད་པའི་ཆེད་ལས་ཤེས་བྱ་སྐོར་ལ་ནན་ཏན་གྱིས་སྦྱང་བ་བྱས་ཏེ། རང་ཉིད་ཀྱི་གསོ་སྤེལ་ལག་རྩལ་མཐོར་འདེགས་སུ་གཏོང་ཅི་ཐུབ་བྱས།  ལོ་འགའི་རིང་སློབ་སྦྱོང་དང་འཚོལ་ཞིབ་བྱས་པ་བརྒྱུད་ཕྱུགས་ནད་སྐོར་ཞིག་ཕྱུགས་སྨན་ས་ཚིགས་ཀྱི་སྨན་པར་མ་བརྟེན་པར་རང་ཉིད་ཀྱིས་སྨན་བཅོས་བྱེད་ཐུབ་ཀྱི་ཡོད་ཅེས་མ་ཧྲ་པ་ཉི་ཡིས་བཤད། མ་ཧྲ་པ་ཉི་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་བྱེད་ཐུབ་པའི་ཆེད་དུ། རྡོ་སྦིས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཆེད་དུ་རོགས་སྐྱོར་མི་སྣ་བཀོད་སྒྲིག་བྱས་ནས་ཁོ་ཚང་ལ་འགྲོ་རུ་བཅུག་པར་མ་ཟད། ཆེད་ལས་མི་སྣ་གདན་འདྲེན་བྱས་ནས་མཛུབ་སྟོན་བྱེད་དུ་བཅུག གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས་དབུལ་ཐར་བྱས་རྗེས་ཀྱི་མ་ཧྲ་པ་ཉི་ཡི་འཚོ་བར་འགན་སྲུང་ཡོད་པ་ནས་ཁོས་མུ་མཐུད་དུ་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་གཏང་མགོ་བརྩམས་ནས་ཕྱུག་འགྱུར་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱས།

ཉིས་སྟོང་བཅུ་དྲུག་ལོར།  མ་ཧྲ་པ་ཉི་ཡིས་གསོ་སྤེལ་གྱི་ཡོང་སྒོ་དེ་དབུལ་ཐར་གྱི་ཚད་གཞི་ལས་བརྒལ་ནས་གཟི་བརྗིད་ལྡན་པའི་སྒོ་ནས་དབུལ་ཕོངས་ཀྱི་ཞྭ་མོ་རྒྱང་དུ་དོར། མ་ཧྲ་པ་ཉི་ཡིས་དཀའ་སྡུག་སྣ་ཚོགས་ཁྱད་དུ་བསད་ནས་རྒྱུན་ཆད་མེད་པར་ཁོས་གསོ་སྤེལ་བྱེད་བཞིན་པའི་ཕྱུགས་ཟོག་གི་ཁ་གྲངས་ཇེ་མང་ལ་བཏང་། ཉིས་སྟོང་བཅུ་དགུ་ལོར། ཁོས་ར་ལུག་གསོ་སྤེལ་བྱས་པའི་ཡོང་སྒོ་དེ་སྒོར་མོ་ཁྲི་བཅོ་ལྔར་བུད་དེ་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་བླངས། ད་ལྟ་ར་ལུག་བརྒྱ་དང་དྲུག་ཅུ་ཡོད་པ་དང་དེ་དག་ལས་ར་ལུག་བརྒྱ་ཙམ་གསོ་ཁ་ནས་འབུད་ཐུབ་པར་བྱས་ན་ཡོང་སྒོ་སྒོར་མོ་ཁྲི་བཅོ་བརྒྱད་རེད། མ་ཧྲ་པ་ཉི་ཡིས་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་བཏང་བའི་དུས་མཉམ་དུ། ད་དུང་ཉེ་འགྲམ་གྱི་ཁྱིམ་ཚང་བཅུ་ཕྲག་འགའ་ལ་ཕྱུགས་རིགས་གསོ་སྤེལ་བྱེད་པར་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་བཞིན་ཡོད་པ་དང་། ད་ལྟ་ས་གནས་དེ་རུ་ཁྱིམ་ཚང་སུམ་ཅུ་ལྷག་ཙམ་ཞིག་ར་ལུག་གསོ་སྤེལ་བྱེད་པའི་ལས་རིགས་དེའི་ཁྲོད་དུ་ཞུགས་ཡོད་པ་རེད།

                                                                                          ལོ་ཙཱ་བ། གཡང་འབུམ་རྒྱལ།