མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་བཅུ་འགོར་བའི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་བསྡུས།
2020.09.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

 ལོ་ངོ་བཅུའི་བརྒྱུད་རིམ་ལ་རྩིས་བཤེར་དང་གཟི་འོད་འབར་བའི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དང་། དགེ་མཚན་ལྡན་པའི་ལམ་ལུགས་ལ་དྲིན་གཟོ་ཞུས་ནས་ཡིད་འོང་གི་འབྱུང་འགྱུར་ལ་རྒྱང་ལྟ་བྱས།

ཉེ་སྔོན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་བཅུ་འགོར་བའི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས། ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་དབུལ་སྐྱོར་མཐུན་སྦྱོར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ལ། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གཏིང་ཟབ་ཀྱིས་ལག་ལེན་བྱས་ཤིང་། ལོ་བཅུའི་བརྒྱུད་རིམ་ལ་རྩིས་བཤེར་བྱས་ནས་གཟི་འོད་འབར་བའི་གྲུབ་འབྲས་སྤྱི་སྡོམ་བྱས་པ་དང་། དགེ་མཚན་ལྡན་པའི་ལམ་ལུགས་ལ་དྲིན་གཟོ་ཞུས་ནས་ཡིད་འོང་གི་འབྱུང་འགྱུར་ལ་རྒྱང་ལྟ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཤིང་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཙུའོ་ཨན་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་པས་སོ་སོར་གཏམ་བཤད།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ནས་མཚོ་སྔོན་གྱི་ཚོགས་འདུར་ཞུགས་པའི་མཚོ་སྔོན་རོགས་སྐྱོར་གྱི་ལས་བྱེད་འཇོན་མིའི་འཐུས་ཚབ་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱས་ཤིང་། གཟེངས་བསྟོད་ཐོབ་པའི“མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱི་སྔོན་ཐོན་མི་སྣ”ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་པོར་མཚོ་སྔོན་གྱི་བྱ་བ་སོ་སོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ནི་ཏང་ཀྲུང་དབྱང་གི་ས་ཁོངས་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་འཐབ་ཇུས་ལག་བསྟར་གྱི་སྒྲུབ་ཐབས་གལ་ཆེན་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་ངོ་བོའི་ཁྱད་ཆོས་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོའི་བླང་བྱ་མངོན་པར་མཚོན་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་པར་མཚོན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་ལ་གཙིགས་མཐོང་ཆེས་ཆེར་གནང་བ་དང་ནུབ་རྒྱུད་དབུལ་ཕོངས་མང་ཚོགས་ལ་ཐུགས་ཁུར་བླ་ལྷག་གནང་བ་མངོན་པར་མཚོན་ཡོད་པར་མ་ཟད། དེ་ནི་རང་རྒྱལ་གྱི་ཆབ་སྲིད་དགེ་མཚན་དང་ལམ་ལུགས་དགེ་མཚན་གྱི་མངོན་ཚུལ་གསལ་པོ་དང་། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་ལ་སྙེག་པའི་རྩེ་རིམ་ཇུས་འགོད། དར་རྒྱས་ས་ཁུལ་དང་དར་རྒྱས་མིན་པའི་ས་ཁུལ་གཉིས་གཅིག་གྱུར་འཕེལ་རྒྱས་འགྲོ་བའི་ཀྲུང་གོའི་ཇུས་གཞི། བོད་འབྲེལ་གཙོ་གནད་ས་ཁུལ་ཡུན་རིང་བདེ་འགོད་ཡོང་བའི་གསོན་ཉམས་ལྡན་པའི་ལག་ལེན་བཅས་ཡིན།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ལོ་ངོ་བཅུའི་རོགས་སྐྱོར་ལས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་ཉམས་སུ་མྱངས་པ་དང། ཏང་ཀྲུང་དབྱང་གི་ཐུགས་ཁུར་བླ་ལྷག་འོག མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་བས་དབུལ་ཐར་མཁྲེགས་གཏོར་དང་དམངས་ཚིས་ལེགས་བཅོས། འཇོན་མིར་རོགས་འདེགས། ཐོན་ལས་མཉམ་ལས། སྐྱེ་ཁམས་འཛུགས་སྐྲུན་བཅས་སུ་ཤུགས་བསྡུས་ནས་གནད་ཁེལ་ཤུགས་འདོན་བྱས་ཤིང་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཆེན་པོ་བླངས། མཉམ་སྐྲུན་གྱིས་འཕེལ་རྒྱས་སྔར་ལས་མཛེས་སྡུག་ལྡན་པར་བཏང་ཡོད་དེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་སྒོར་མོ་དང་བློ་སེམས་རྣམ་དག་གིས་དངོས་སྒྲུབ་ནན་འཛིན་བྱས་ནས། ཐོན་ལས་ལ་སྣེ་ཁྲིད་དང་ལས་ཞུགས་གསར་སྐྲུན། འཕེལ་རྒྱས་ལ་སྐུལ་འདེད་བཏང་། མཉམ་བཅོས་ཀྱིས་མི་རིགས་སྔར་ལས་མཐུན་སྒྲིལ་ལྡན་པར་བྱས་ཡོད་དེ། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་གཞིགས་ནས། ཕན་ཚུན་ཕྱོགས་གཉིས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཞིང་ཀྲུང་ཧྭ་མི་རིགས་གཞི་གཅིག་ཏུ་འདུས་པའི་འདུ་ཤེས་བརྟན་པོར་བསྐྲུན། མཉམ་སྤྱོད་ཀྱིས་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་བཏང་ཡོད་དེ། དམངས་ཕན་ལས་གཞི་སྐོར་ཞིག་ལག་བསྟར་བྱས་པ་དང་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་མང་བའི་སློབ་གསོའི་ཁེ་ཕན་དང་བདེ་ཐང་གི་ཁེ་ཕན་ཐོབ་ལ། ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན། མཉམ་རྒྱལ་གྱིས་མཉམ་ལས་སྔར་བས་ཡུན་བརྟན་དུ་བཏང་ཡོད་དེ། ཕན་ཚུན་འདྲི་རྟོག་དང་འབྲེལ་འདྲིས་ཤུགས་ཆེར་སྤེལ་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆིངས་བཞག་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དེ་ཕྱོགས་གཅིག་གི་རོགས་སྐྱོར་ནས་ཕྱོགས་གཉིས་ཀྱི་མཉམ་ལས་སུ་བསྒྱུར་བར་ཧུར་བརྩོན་གྱིས་སྐུལ་འདེད་བཏང་།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་རོགས་སྐྱོར་གྱི་ལོ་ངོ་བཅུ་ཡིས་མཚོ་སྔོན་གྱི“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བར་རྨང་གཞི་བརྟན་པོ་བཏིང་ལ། ལོ་བཅུའི་རིང་གི་མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱིས་མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་ཆེད་དུ་བྱུར་བུར་གཏམ་པའི་དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་བསགས་ཡོད་ཅིང་རྔམས་མཐུག་པའི་རྨང་གཞི་བརྟན་པོ་བཏིང་ཡོད། ལམ་ལུགས་ཀྱིས་ང་ཚོ་སྔར་ལས་སྤོབས་སེམས་ལྡན་པར་བྱས་ཡོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དང་རྒྱལ་ཁབ་ཀྱི་ཁ་གཏད་རོགས་སྐྱོར་གྱི་འཐབ་ཇུས་ཆེན་པོ་ནི་ང་ཚོས་གསར་གཏོད་མདུན་བསྐྱོད་བྱེད་པའི་ཆེས་ཆེ་བའི་སྤོབས་སེམས་ཡིན། གསོལ་འབུལ་གྱིས་ང་ཚོར་སྔར་ལས་ཕན་འབྲས་ཐོབ་པར་བྱས་ཡོད་དེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནི་ཡོད་ཚད་མི་དམངས་ཀྱི་ཆེད་དུ་འབུལ་བའི་དོན་དངོས་ཀྱི་གཟུགས་དབྱིབས་ཡིན་ལ། ང་ཚོས་གསར་གཏོད་མདུན་བསྐྱོད་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། འཕེལ་རྒྱས་ཀྱིས་ང་ཚོར་སྔར་ལས་རྨང་གཞི་མཐུག་པར་བཟོས་ཡོད་དེ། རོགས་སྐྱོར་པ་ཡིས་ཁྱེར་ཡོང་བའི་རྩ་ཆེའི་རྒྱུ་ནོར་ནི་ང་ཚོས་གསར་གཏོད་མདུན་བསྐྱོད་བྱེད་པའི་བློས་འཁེལ་ཆོག་པའི་འགན་སྲུང་ཡིན། འབད་བརྩོན་གྱིས་ང་ཚོར་སྔར་ལས་རེ་བ་ལྡན་པར་བྱས་ཡོད་དེ། འབད་བརྩོན་གྱི་ནུས་པ་སྦྱངས་ཤིང་འབྱུང་འགྱུར་གྱི་བསུ་མ་དང་ལེན་བྱེད་པ་ནི་ང་ཚོས་གསར་གཏོད་མདུན་བསྐྱོད་བྱེད་པའི་རེ་བའི་འོད་སྣང་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་ལྷག་པའི་མཐུན་སྒྲིལ་དམ་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་བསྟུན་ལྷན་སྐྱོད་དང་ལག་རྡང་སྦྲེལ་ནས་ཧུར་བརྩོན་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་བའི་ཁྲོད་སྔར་ལས་མཚར་སྡུག་བཀྲ་བའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

ཞིན་ཁྲང་ཞིང་གིས་ཤིས་ཚིག་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གྲོས་ཚོགས་ལ་ཞུགས་པའི་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་ཚབ་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་དང་། མཚོ་སྔོན་གྱི་ལས་དོན་ལ་བྱས་རྗེས་མི་དམན་པ་འཇོག་མཁན་རྒྱ་ཆེའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། དུས་ཡུན་རིང་པོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་ལས་རིགས་ཁག་ལ་བླ་ན་མེད་པའི་གུས་འདུད་ཞུས། ཁོས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་མཛད་དེ་ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་ཡོད། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཁབ་ཀྱི་པུའུ་ཨུ་དང་ལས་ཁུངས34དང་། ཀྲུང་དབྱང་གི་ཁེ་ལས17། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར6གིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དེ་ཆབ་སྲིད་ཀྱི་ལས་འགན་དང་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སྔ་གཞུག་ཏུ་སྐོར་ཐེངས་བཞི་ལ་ཕུལ་དུ་བྱུང་བའི་ལས་བྱེད་པ་དང་ཤེས་ལྡན་པ915མཚོ་སྔོན་དུ་བྱ་བ་སྒྲུབ་པར་མངགས་པ་དང་། སྲིད་ཇུས་དང་མ་དངུལ། ཐོན་ལས། རིག་སྟོབས་སོགས་ཀྱི་ཐད་ནས་ཕྱོགས་ཡོངས་དང་རིམ་པ་མང་པོས་དབུལ་སྐྱོར་བྱ་བར་རོགས་སྐྱོར་གནང་ནས། ང་ཚོས་དུས་ཡུན་རིང་པོར་ཐག་གཅོད་བྱེད་བསམས་ཀྱང་བྱེད་མ་ཐུབ་པའི་གནད་དོན་མང་པོ་ཐག་གིས་བཅད་པ་དང་། སྔོན་ཆད་བསྒྲུབ་དགོས་བསམས་རུང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ནས། མཚོ་སྔོན་གྱི་བོད་འབྲེལ་ཁུལ་དང་རྫོང་། ཐ་ན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག

ཝང་ཙུའོ་ཨན་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་བོད་ལྗོངས་བྱ་བའི་མཐུན་སྦྱོར་ཚན་ཆུང་གཞུང་ལས་ཁང་གི་ཚབ་མཛད་དེ་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་བཅུ་འགོར་བའི་རིང་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་གནང་། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་འབྲེལ་བྱ་བའི་ཁྱོན་ཡོངས་ལ་དམིགས་ནས། ཁ་གཏད་རོགས་སྐྱོར་བྱ་བར་སྔར་བས་མཐོང་ཆེན་དང་ཤུགས་བསྣན་ནས་ཉིན་འགའི་སྔོན་ལ་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བསྡུས་ཤིང་། ཁ་གཏད་རོགས་སྐྱོར་བྱ་བའི་བྱེད་ཕྱོགས་སྲིད་ཇུས་དང་གཞི་རྩའི་བླང་བྱ་སྔར་བས་གསལ་པོར་བྱས་ཡོད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་བར་སྔར་ལས་མཐོང་ཆེན་དང་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས། ལས་གཞི་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏེགས་ནས། ཐོག་མཐའ་བར་གསུམ་དུ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་ཁ་གཏད་རོགས་སྐྱོར་བྱ་བའི་ལས་འགན་ཨང་དང་པོར་བརྩིས་ཏེ། རྒྱུན་ཆད་མེད་པར་རོང་འབྲོག་པའི་ཡོང་སྒོ་ཇེ་མཐོར་གཏོང་བ་དང་། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། མཚོ་སྔོན་དང་ནང་ལོགས་ས་ཁུལ། མཚོ་སྔོན་གྱི་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པར་ཐུགས་ཁུར་དང་གསོ་སྐྱོང་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པར་བྱ་བ་དང་འཚོ་བ་དང་ཁོར་ཡུག་བཅས་ལེགས་པོ་བསྐྲུན་དགོས། སྔོན་ཐོན་དཔེ་ལེགས་ཅན་བསལ་འདེམས་དང་དྲིལ་སྒྲོག་བྱེད་པར་ཤུགས་བསྣན་ནས། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་དང་། ཁེ་ཕན་གཅིག་པའི་ཐུན་མོང་ཚོགས་པ། འགན་འཁྲི་གཅིག་པའི་ཐུན་མོང་ཚོགས་པ་བཅས་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱེད་དགོས།

ཚོགས་ཆེན་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི“མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མི་སྒེར”ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཆོད་དོན》སྒྲོག་འདོན་བྱས། ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲང་ཀོང་རུང་དང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཝང་ཡུས་ཡན། མ་ཅི་ཞའོ། ཁྲེན་རུའེ་ཧྥེང་། ཉི་མ་སྒྲོལ་མ། ཁོང་ཡུང་། ལིའུ་ཐའོ། དབྱང་ཀྲི་ཝུན་བཅས་གྲོས་ཚོགས་སུ་ཞུགས།

མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྔོན་ཐོན་མི་སྒེར50ལ་གཟེངས་བསྟོད་ཐོབ་པ་དང་། གཟེངས་བསྟོད་ཐོབ་པའི་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་པའི་འཐུས་ཚབ་དང་། པེ་ཅིན་གྲོང་ཁྱེར་དང་སློབ་གསོ་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བྱ་བའི་ཐད་ནས་བསམ་བློ་བརྗེ་རེས་དང་གཏམ་བཤད་གནང་། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།