རྫ་ཆས་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་བྱུང་བ།
2020.09.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

རྒན་པོ་དཀོན་མཆོག་ཤེས་མཐར་ནངས་སྔ་མོ་ནས་ཡར་ལངས་ཤིང་། རྒྱུན་ལྡན་དང་འདྲ་བར་ཁང་པའི་ཕྱི་ནང་ལ་གཙང་སྦྲ་ཡག་པོ་ཞིག་བྱས་རྗེས། འབོལ་ཁྲིའི་ཐོག་ཙོག་ནས་ནངས་ཇ་འཐུང་ཞོར་ཁུག་མའི་ནང་གི་ལག་འཁྱེར་ཁ་པར་བླངས་ནས་ཡང་དང་བསྐྱར་དུ་ལྟ་བཞིན་མཆིས།

ཅུང་ཙམ་འགོར་རྗེས། ཁང་པའི་ཕྱི་རོལ་ནས་རླངས་འཁོར་ཞིག་གི་དུང་བརྡ་བརྒྱབ་པ་ན། སྔ་མོ་ནས་སྣོད་དུ་གྲ་སྒྲིག་བྱས་པའི་འཐུང་ཇ་ལག་ཏུ་བཟུང་ཞིང་། བྲེལ་འཚུབ་ངང་རླངས་འཁོར་ལ་བསྡད་དེ་རྫོང་མཁར་གྱི་མཁར་སྐོར་ལམ་བརྒྱུད་ནས་དབུལ་སྐྱོར་ཐོན་ལས་གླིང་དུ་ཆས།

ལོ་རེ་བཞི་ལ་སོན་པའི་རྒན་པོ་དཀོན་མཆོག་ཤེས་མཐར་ནི་ནང་ཆེན་རྫོང་ལྕི་ཆུ་ཡུལ་ཚོ་གསང་གཞུང་སྡེ་བའི་ཡིན། ད་ལྟ་རྫོང་དབུལ་སྐྱོར་ཐོན་ལས་གླིང་གི་གསང་གཞུང་སྡེ་བའི་རྫ་ཆས་རྒྱུན་འཛིན་ལས་གྲྭའི་ལྟེ་གནས་ཀྱི་ལས་བཟོ་པར་གྱུར་ཡོད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མི་དམངས་སྲིད་གཞུང་གི་སྣེ་ཁྲིད་འོག ཉེ་བའི་ལོ་འགའི་རིང་ལ། ལྕི་ཆུ་ཡུལ་ཚོ་གསང་གཞུང་སྡེ་བའི་གནའ་བོའི་རྫ་ཆས་རྒྱུན་འཛིན་ལས་གྲྭའི་ལྟེ་གནས་བཙུགས་ཤིང་། དེ་ནི་གཙོ་བོ་གནའ་བོའི་རྫ་ཆས་བཟོ་རྩལ་རྒྱུན་འཛིན་དར་སྤེལ་གཏོང་ཆེད་ཡིན་པ་དང་། ཞིང་སྡེའི་གཅིག་གྱུར་མགོ་ཁྲིད་འོག་ཕྱོགས་ཡོངས་ཀྱིས་མཐུན་སྦྱོར་བྱས་པ་དང་། རིག་འཛིན་གཙོ་བོ་ཡིན་པའི་སྒྱུ་རྩལ་པ་མང་པོ་ཞིག་གིས་དང་ལེན་ཧུར་ཐག་བྱས་ནས་བཙུགས་པ་རེད།

རྒན་པོ་དཀོན་མཆོག་ཤེས་མཐར་རྫོང་མཁར་དུ་གནས་མ་སྤར་བའི་སྔོན་ལ། རྫོང་ཐོག་ནས་ལམ་ཐག་ལེ་དབར་མང་པོའི་མཚམས་སུ་གནས་པའི་རི་ཁུག་ཅིག་ཏུ་ཕྱུགས་ཟོག་འཚོས་ནས། རང་གི་ཚ་བོ་དང་ཚ་མོ་རྣམས་གཉོར་སྐྱོང་བྱེད་པ་ལས་ལས་ཀ་གཞན་ལས་རྒྱུ་མེད་པ་རེད། ཡིན་ཡང་། རྫོང་ཐོག་ཏུ་གནས་སྤར་བ་ནས་བཟུང་། ཁོ་ཚང་གི་འཚོ་བར་འགྱུར་ལྡོག་བྱུང་བ་ནི་ཁང་གསར་དུ་བསྡད་ནས་འཚོ་བ་རོལ་བཞིན་ཚ་བོ་ཚ་མོ་རྫོང་གི་བྱིས་གཉོར་ཁང་དུ་སྐྱེལ་ཐུབ་པ་བྱུང་བ་དེ་ཡིན།

ལོ་གསུམ་གྱི་སྔོན་ནས་བཟུང་། རྒན་པོ་དཀོན་མཆོག་ཤེས་མཐར་དང་འདྲ་བའི་སྡེ་མི་མང་པོ་ཞིག་ཐོན་ལས་དབུལ་སྐྱོར་གླིང་དུ་ཡོང་ནས་ལས་ཀ་འཚོལ་བཞིན་ཡོད། རྒན་པོ་ཁོས་ལྕི་ཆུ་ཡུལ་ཚོ་གསང་གཞུང་སྡེ་བའི་གནའ་བོའི་རྫ་ཆས་རྒྱུན་འཛིན་ལས་གྲྭའི་ལྟེ་གནས་སུ། རྫ་བུམ་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་འཇམ་ལས་ཀྱི་ལས་ཀའི་འགན་བཞེས་བར་ཟླ་རེར་སྒོར་སྟོང་གསུམ་ལྷག་གི་ཡོང་སྒོ་ཡོད་པ་རེད།

གསང་གཞུང་སྡེ་བའི་གནའ་བོའི་རྫ་ཆས་བཟོ་རྩལ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིམ་བཞིན་ཆགས་པའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་ཤིག་ཡིན་པ་དང་། མི་རིགས་ཤིག་དང་ས་ཁུལ་ཞིག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པ་རེད། སྔོན་གྱི་གནའ་བོའི་བཟོ་རྩལ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་། ན་གཞོན་ལས་སྐྲུན་པ་རིག་འཛིན་སོགས་སློབ་མ་འགས་འབད་བརྩོན་ལྷོད་མེད་བྱས་པས་བཟོ་རྩལ་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

ལྕི་ཆུ་ཡུལ་ཚོ་གསང་གཞུང་སྡེ་བའི་གནའ་བོའི་རྫ་ཆས་རྒྱུན་འཛིན་བཟོ་རྩལ་པ་རིག་འཛིན་ནི་བོད་རྒྱུད་རྫ་ནག་གི་འབྱུང་ཁུངས་སུ་འབོད་པའི་ནང་ཆེན་རྫོང་ལྕི་ཆུ་ཡུལ་ཚོ་གསང་གཞུང་སྡེ་བར་སྐྱེས། ཆུང་དུས་ནས་སྡེ་བ་རུ་རྫ་ཆས་ནག་པོ་བཟོ་བཞིན་པ་མཐོང་བས། གནའ་བོའི་རྫ་ཆས་བཟོ་བའི་བཟོ་རྩལ་ལ་དགའ་ཞེན་ཆེན་པོ་སྐྱེས། དེའི་ཕྱིར་ཆུང་དུས་ནས་རྒན་རབས་པ་དག་གི་མདུན་ནས་རི་མོའི་འཇིམ་བཟོའི་ལག་རྩལ་བསླབས་ཤིང་། ཕ་ཡུལ་གྱི་རིག་གནས་རྒྱུན་འཛིན་དང་ན་གཞོན་ཚོར་ལས་རིགས་གསར་གཏོད་ཀྱི་ལམ་བུ་ཞིག་སྐྲུན་པར་འབད་པ་བྱས་པ་རེད།

ཡུན་རིང་བཟོ་སྐྲུན་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་པས། ཁོང་གི་བརྩམས་ཆོས་ལ་དགེ་རྒན་དང་ནང་ཆེན་གྱི་ལག་ཤེས་བཟོ་རྩལ་པའི་ཁས་ལེན་ཐོབ་པར་མ་ཟད། ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་པ་དང་རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་ཚོགས་འདུའི་སྟེང་དུའང་ཁོང་གི་བརྩམས་ཆོས་ཁ་ཤས་མཐོང་ཐུབ། རྫ་ནག་བེད་སྤྱོད་གཏོང་ས་གཙོ་བོ་ནི་བོད་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྟེགས་བུ་ཡིན་པས། བུམ་པ་དང་སྤོས་ཐབ། མར་གྱི་མཆོད་མེ་དང་ཆོས་ལུགས་ཀྱི་མཁོ་ཆས་སོགས་ཡོད།

རྫ་ཆས་ལས་གྲྭ་རུ། ན་གཞོན་འགས་རིགས་མི་འདྲ་བའི་རྫ་ཆས་དག་ལ་ཕྱི་ཐུམ་བརྒྱབ་ནས་ཤོག་སྒམ་ནང་འཇུག་བཞིན་འདུག བཟོ་གྲྭ་འདིར་གསང་གཞུང་སྡེ་བའི་ཁྱིམ་ཚང་གི་འཚོ་བར་ཅུང་དཀའ་ཁག་ཆེ་བའི་སྡེ་མི་ཚེ་བརྟན་བཀྲ་ཤིས་སོགས་དབུལ་ཕོངས་ཁྱིམ་ཚང་གི་མི་བཅུ་གསུམ་ལྷག་ལས་ཀར་ཞུགས་ནས་རང་རང་གི་ལས་རྐང་དུ་ལས་གཉེར་བྱེད་བཞིན་ཡོད།

ད་ལྟ་ལས་གྲྭ་དེ་ས་གནས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཚོལ་སའི་རྟེན་གཞིར་གྱུར་ཡོད་ཅིང་། ན་གཞོན་ལས་སྐྲུན་པ་རྣམས་ལ་དཔེ་སྟོན་གྱི་ནུས་པ་ཐོན་དང་འདོན་བཞིན་ཡོད་པ་ཡུལ་དངོས་ཀྱི་རྩིག་ལྡེབས་སུ་ཐུར་དུ་དཔྱངས་པའི་རྟགས་མ་མང་པོ་ལས་རྟོགས་ཐུབ།

རྫ་ཆས་རྒྱུན་འཛིན་ལས་གྲྭའི་ལྟེ་གནས་ཀྱི་འགན་འཛིན་པ་རིག་འཛིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་རབ་དང་རིམ་པའི་ཁྲོད། ཏང་དང་སྲིད་གཞུང་གིས་རྒྱུ་དངོས་ཀྱི་ཐད་ནས་རོགས་སྐྱོར་གང་མང་གནང་བཞིན་ཡོད་པས། ཁོ་ཚོས་ཀྱང་གོ་སྐབས་འདི་དམ་འཛིན་བྱས་ཏེ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། དམངས་ཁྲོད་ཀྱི་བཟོ་རྩལ་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུར་དམིགས་ནས་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་ལ་འཕེལ་རྒྱས་ཀྱི་སྟེགས་བུ་དང་རིན་ཐང་གསར་གཏོད་ཀྱི་གོ་སྐབས་དེ་བས་མང་ལ། མི་མང་པོར་ཆ་འཕྲིན་མཁོ་འདོན་བྱས་ཏེ་ཤེས་རྟོགས་བྱུང་ཡོད་པ་དང་། དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་དོ་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་རིན་ཐང་མཚོན་ཚུལ་ལ་དོ་སྣང་བྱེད་ཞོར། ཕྱོགས་གང་ཅིའི་ཐད་ནས་ན་གཞོན་མང་པོ་ཞིག་ལ་ལག་རྩལ་སྦྱངས་སའི་སྟེགས་བུ་འདོན་སྤྲོད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།