དབུལ་ཐར་གཏམ་རྒྱུད་ལེགས་པོར་འཆད་དེ། དབུལ་ཐར་མཁྲེགས་གཏོར་གྱི་དྲང་ཕྱོགས་ནུས་པ་འདོན་སྤེལ་བྱེད་དགོས།
2020.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ད་ལོ་ནི་རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་ལེན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་འབེན་དེ་ད་ལོར་དུས་ལྟར་ལེགས་འགྲུབ་བྱེད་དགོས། མིག་སྔར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས“ང་ཚོ་འབྱོར་འབྲིང་གི་སྤྱི་ཚོགས་སུ་བསྐྱོད”ཞེས་པ་བརྗོད་བྱ་ཡིན་པའི་བཅར་འདྲིའི་བྱེད་སྒོའི་འགོ་བརྩམས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི“ཀྲུང་གོའི་གཏམ་རྒྱུད”ལེགས་པོར་འཆད་དེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི“ཀྲུང་གོའི་སྟོབས་ཤུགས”བརྒྱུད་སྒྲོག་བྱས་པ་དང་། དེ་ཡིས་སྔར་ལས་ལྷག་པའི་སྒོ་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་ཆེས་མཐའ་མཇུག་གི་རྒྱལ་ཁ་ལེན་པར་དོན་སྙིང་གལ་ཆེན་ལྡན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ས་ཆ་རེར་ཕེབས་ནས་རྟོག་དཔྱོད་བྱེད་སྐབས། དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས། “ཁོ་ཚོའི་འཚོ་བར་དཀའ་ངལ་ཡོད་པ་མཐོང་ཚེ། ངའི་སེམས་ལ་ན་ཟུག་སྐྱེས་གིན་འདུག་ལ། ཁོ་ཚོའི་འཚོ་བ་ཅུང་ཟད་བཟང་ན། ངའི་སེམས་ལ་དགའ་སྤྲོ་སྐྱེས་ཡོང་”ཞེས་གསུངས་མྱོང་། དབུལ་ཐར་མཁྲེགས་གཏོར་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་མི་དམངས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པའི་གསོན་ཉམས་ལྡན་པའི་མཚོན་བྱེད་ཅིག་ཡིན་པ་དང་། དེ་ཡིས་མི་དམངས་དཀྱིལ་སྙིང་ཡིན་པའི་རིན་ཐང་གི་ཁ་ཕྱོགས་ཤིག་མཚོན་བཞིན་ཡོད་པ་རེད། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་ལེན་པ་དང་མཇུག་བསྡུ་བའི་ལོ་ཡང་ཡིན་པས། འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ལྡན་དགོས། དབུལ་སྐྱོར་མཁྲེགས་གཏོར་གྱི་གནད་འགག་གི་སྐབས་འདིར་སྟོབས་ཤུགས་སྔར་ལས་ཆེན་པོ་ཡོད་དགོས།

དབུལ་སྐྱོར་མཁྲེགས་གཏོར་ནི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཤིག་ཡིན་པས། དུས་རབས་ཀྱི་སྙིང་སྟོབས་ལྡན་པའི་དཔེ་མཚོན་མི་སྣ་སྐོར་ཞིག་དང་། ཕུལ་དུ་བྱུང་བའི་དབུལ་སྐྱོར་ལས་བྱེད་པ་སྐོར་ཞིག་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སོང་ནས་དུ་ཞགས་མེད་པའི་འཐབ་རྩོད་ཁྲོད་ཞུགས་ངེས་པ་དང་། ཁོ་ཚོ་ཉིན་མཚན་དབྱེར་མེད་དུ་ཁྱིམ་ཚང་རེ་རེར་བསྐྱོད་དེ་འཚམས་འདྲི་དང་། དྲིལ་སྒྲོག མཐུན་སྦྱོར་བཅས་བྱེད་སྲིད་པ་ཡིན། ཁོ་ཚོ་ལྟ་བུའི་ཆེས་སྤྱིར་བཏང་དང་རླབས་ཆེ་བའི་མི་མང་པོ་ཞིག་གིས་འབད་བརྩོན་དང་ཡོད་ཚད་ཕུལ་བར་བརྟེན་ནས། ད་གཟོད་ང་ཚོས་མཐོང་ཐུབ་པའི་མཛེས་སྡུག་གི་འཚོ་བ་འདི་བསྐྲུན་ཐུབ་པ་བྱུང་བས། ང་ཚོས་ཁོ་ཚོའི་གཏམ་རྒྱུད་ལེགས་པོར་འཆད་དེ། དབུལ་ཐར་མཁྲེགས་གཏོར་གྱི་དྲང་ཕྱོགས་ནུས་པ་བརྒྱུད་སྒྲོག་བྱེད་དགོས།

དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་པོར་སྒྲུབ་དགོས་པར་མ་ཟད། ད་དུང་ལེགས་པོར་འཆད་དགོས། དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ན། འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་ནམ་ཡང་མཐོང་ཆེན་བྱེད་དགོས། དབུལ་ཐར་གཏམ་རྒྱུད་ལེགས་པོར་འཆད་རྒྱུ་དེ་དབུལ་ཐར་བྱ་བ་སྔར་ལས་ཡག་པོར་བསྒྲུབ་རྒྱུའི་ཆེད་ཡིན་ལ། དབུལ་ཐར་གཏམ་རྒྱུད་ལེགས་པོར་འཆད་རྒྱུ་ནི་དབུལ་ཐར་མཁྲེགས་གཏོར་གྱི་དྲང་ཕྱོགས་ནུས་པ་འདོན་སྤེལ་དང་བརྒྱུད་སྒྲོག་བྱེད་པའི་ཆེད་ཡིན།

དབུལ་ཐར་མཁྲེགས་གཏོར་གྱི་ཉམས་མྱོང་སྤྱི་བསྡོམས་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ནི་དུས་རབས་ཀྱི་ཁྲག་རྩ་དང་མཉམ་དུ་འདྲེས་ཡོད་པས། མི་སྣའི་སྙིང་སྟོབས་ཀྱི་ཁྱད་ཆོས་སྔོག་འདོན་བྱས་ཏེ། སྔར་ལས་བཟང་པོའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་འཐབ་རྩོད་ཀྱི་སྙིང་སྟོབས་ལ་རྒྱལ་ཁ་ལེན་པའི་སྟོབས་ཤུགས་གཅིག་བསྡུས་བྱས་ཆོག་པས། གཏམ་རྒྱུད་ལེགས་པོ་རེ་རེར་རང་གི་ཁྱད་ཆོས་ཡོད་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་བརྩེ་སེམས་ཡང་ལྡན་པར་བྱེད་དགོས། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དང་བཀོད་སྒྲིག་འོག མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ལ་རླབས་ཆེན་གྱི་གྲུབ་འབྲས་བླངས་ཡོད། “མཚོ་སྔོན་གྱི་གཏམ་རྒྱུད”ལེགས་པོར་འཆད་དེ། དབུལ་ཐར་མཁྲེགས་གཏོར་གྱི་དྲང་ཕྱོགས་ནུས་པ་བརྒྱུད་སྒྲོག་བྱས་ནས། མཚོ་སྔོན་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་ཆེན་མོ་ཉམས་སུ་མྱོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་མཐུན་སྒྲིལ་བྱས་ནས་མཉམ་དུ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་དུས་རབས་གསར་བའི་དབྱངས་རྟ་ལ་ཉན་དགོས།

དབུལ་ཐར་མཁྲེགས་གཏོར་གྱི་གཏམ་རྒྱུད་ལེགས་པོར་འཆད་དེ། མཁྲེགས་གཏོར་བྱ་བའི་ཁྲོད་ཀྱི་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་གསར་སྐྲུན། ཀྲུང་གོའི་སྙིང་སྟོབས་བཅས་སྔོག་འདོན་བྱེད་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་སྙིང་སྟོབས་གཅིག་བསྡུས་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལེགས་པོར་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་དབུལ་ཕོངས་ཡིན་པའི་གནད་དོན་མེད་པར་གཏོང་རྒྱུ་དེ་ནི་དཀའ་ཚེགས་ཆེ་བ་དང་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འོས་འགན་ཤིག་ཡིན་ལ། འདིའི་ནང་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་མི་གཅིག་ཀྱང་ལུས་སུ་འཇུག་མི་རུང་བའི་དམངས་ཀྱི་བརྩེ་སེམས་ཤིག་འཁྱིལ་ཡོད་ཅིང་། “གནམ་ས་བླ་འོག་བརྗེ་བའི་སྙིང་སྟོབས”ཀྱི་འགན་འཁྲི་ཞིག་དང་། “ཁང་རྙིང་མ་གཏོར་ན་ཕྱིར་མི་ལོག་པའི”ཆོད་སེམས་ཞིག “མི་བརྒྱ་སེམས་གཅིག་གི་འབད་པ་བྱས་ནས་དཀའ་ངལ་ཇི་ལྟར་ཆེ་ན་དེ་ལྟར་མདུན་དུ་བསྐྱོད་པའི”སྙིང་སྟོབས་ཤིག་འདུས་ཡོད། ལྟོས་ཚོད་ལ་གཅིག་མཚུངས་ཡིན་པ་ལྟ་བུའི་མི་དང་དོན་དག་ཁྲོད། འབད་བརྩོན་གྱིས་དེའི་ཁྱད་ཆོས་དང་སྣ་མང་རང་བཞིན་སྔོག་འདོན་བྱས་ནས་དོན་དངོས་དང་ཡིད་སེམས་འགུགས་པའི་མི་སྣའི་རྣམ་པ་ཞིག་བཞེངས་བསྐྲུན་བྱེད་དགོས། ཟུར་མི་འདྲ་བ་ནས་མིག་གི་མཐོང་བ་དང་སེམས་ནང་གི་མཛེས་སྡུག་སོ་སོ་འབྲི་བཞེངས་བྱེད་དགོས་ཤིང་། འབྲི་རྩལ་སྣ་ཚོགས་ལ་བརྟེན་ནས་ཞིང་སྡེའི་འགྱུར་ལྡོག་རེ་རེ་ཀློག་པ་པོའི་སྤྱན་ལམ་དུ་བཀྲམས་སྟེ། དུས་རབས་ཀྱི་འོད་དང་བརྙན་རིས་ཀྱི་ལམ་ནས་དངོས་ཡོད་ཀྱི་རྣམ་པ་ངོ་མ་དེ་ཉར་ནས། མ་འོངས་པའི་ཀྲུང་གོའིདབུལ་ཐར་གཏམ་རྒྱུད་ལ་རྩ་ཆེ་བའི་ཡིག་ཚགས་ཤིག་བསྐྲུན་དགོས།

དབུལ་ཐར་གཏམ་རྒྱུད་ལེགས་པོར་འཆད་དེ། མཁྲེགས་གཏོར་གྱི་ཡིད་ཆེས་ཇེ་མཐོར་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུའི་སྟེང་དུ་ཕབ་པའི་རྐང་རྗེས་རེ་རེར་དཀའ་ཚེགས་ལྡན་ལ། གཟུགས་བརྙན་རེ་རེས་འབད་བརྩོན་བྱེད་བཞིན་པའི་དཔའ་བོའི་སྣང་བརྙན་མཚོན་པར་བྱས་ཡོད། བྱེ་བྲག་གི་དབུལ་ཐར་གཏམ་རྒྱུད་དང་། དབུལ་ཐར་མི་སྣ། དབུལ་ཐར་གྲུབ་འབྲས་ལེགས་པོར་འཆད་དེ། “ཧུར་བརྩོན་གཏམ་རྒྱུད”ཀྱིས་ཆེས་མཇུག་མཐའི“མཉམ་འཛོམས”དུང་བརྡ་བསྒྲགས་དགོས། ཞིང་སྡེའི་དབུལ་ཐར་གཏམ་རྒྱུད་ལེགས་པོར་འཆད་པ་དང་། རྟོག་དཔྱོད་ཞིབ་འཇུག གནད་དོན་ཐག་གཅོད་བྱེད་པ་སོགས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་ཞིང་སྡེ་དར་སྤེལ་བྱ་བ་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཐོན་ལས་འཕེལ་རྒྱས་དང་། ཞིང་སྡེའི་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན། ཁོར་ཡུག་འཕྲོད་བསྟེན་ལེགས་སྒྲིག་བྱེད་པའི་གཙོ་གནད་བྱ་བ་སོ་སོར་གཅིག་གྱུར་སྐུལ་འདེད་བཏང་སྟེ། གཏམ་རྒྱུད་ལེགས་པོར་འཆད་དེ་དབུལ་ཐར་མཁྲེགས་གཏོར་གྱི་དྲང་ཕྱོགས་ནུས་པ་བརྒྱུད་སྒྲོག་བྱེད་དགོས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔར་ལས་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་ཞིག་འཛུགས་སྐྲུན་བྱེད་དགོས། གསོན་ཉམས་ལྡན་པའི་དབུལ་ཐར་ཕྱུག་འགྱུར་གྱི་རྒྱལ་ཁའི་དཔེ་མཚོན་དང་། དཔེ་མཚོན་ལྡན་པའི་སྔོན་ཐོན་མི་སྣའི་གཏམ་རྒྱུད་ཀྱིས་རིགས་སོ་སོའི་མང་ཚོགས་རྣམས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་མཐོར་འདེགས་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་དྲང་ཕྱོགས་ནུས་པ་འདོན་སྤེལ་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་ལ་སྐུལ་འདེད་གཏོང་དགོས་པ་དང་། ཁོ་ཚོས་གོ་སྐབས་དམ་འཛིན་དང་འབད་བརྩོན་ལྷོད་མེད་བྱས་ནས། སྒྱིད་ལུག་དང་རྣམ་གཡེང་གི་རིང་དུ་བསྐྱུར་ནས། སྟོབས་ཤུགས་ཆེན་པོས་ཁོ་ཚོའི་ཡིད་ཆེས་ལ་ཡར་སྐུལ་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

འདི་ནི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་སྐབས་ཀྱི“མཆོངས་བརྒལ་དམག་འཐབ”ཅིག་ཡིན་པ་དང་། འདི་ནི་དབུལ་ཕོངས་ཀྱི་རྩ་བ་དོར་ཏེ། བདེ་སྐྱིད་ཀྱི་ལམ་དུ་ཞུགས་པའི་བརྒྱུད་ལམ་ཉག་ཅིག་ཡིན་ལ། ཏང་སེམས་དང་དམངས་ཀྱི་འདོད་བློ་གཉིས་མཉམ་དུ་གོང་སྤེལ་གཏོང་བ་དང་། དབུལ་ཕོངས་མང་ཚོགས་གཅིག་ཀྱང་རྗེས་སུ་མི་བསྐྱུར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་རེད། ང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་དབུལ་ཐར་གཏམ་རྒྱུད་ལེགས་པོར་འཆད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དྲང་ཕྱོགས་ནུས་པ་བརྒྱུད་སྒྲོག་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ཡིད་ཆེས་བརྟན་པོའི་སྒོ་ནས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལ་དྲིས་ལན་འདེབས་དགོས།

ལོ་ཙཱ། ཚེ་རིང་སྒྲོལ་མ།