བདེ་སྐྱིད་སྡེ་བའི་བདེ་སྐྱིད་གསང་གྲངས། “ཆུ་སྣུམ་ལས་དཀོན་པ”ནས“རི་ཆུའི་མཛེས་ཉམས་ལ་རོལ་བའི”བར།
2020.09.21 ཁུངས། མི་དམངས་དྲ་བ། ཀློག་གྲངས། 17

 བདེ་སྐྱིད་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་རྨ་ཆུའི་འགྲམ་རྒྱུད་དུ་གནས་ཤིང་། རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པ་དང་གནམ་གཤིས་ལེགས་པས་ཡུལ་སྐོར་བ་ཚོས་མཚོ་སྔོན་གྱི་མཛེས་གྲོང་ཞེས་འབོད་ཀྱིན་ཡོད།

“ ཕྱོགས་གཅིག་གི་ས་ཆུ་ཡིས་ཕྱོགས་གཅིག་གི་མི་གསོ་མི་ཐུབ་པའི”རྣམ་པ་བསྒྱུར་ཆེད། 2016ལོའི་ཟླ9པར་སྣང་ར་ཡུལ་ཚོའི་རྟ་ར་ཁ་སྡེ་བས་ཡུལ་གཞན་དུ་གནས་སྤོ་བའི་ལས་གཞི་ལག་བསྟར་བྱས་ནས་རི་འགོར་གནས་པའི་སྡེ་བ30རི་འདབས་སུ་བབས། རོང་འབྲོག་ཁྱིམ་ཚང་དག་གཅིག་རྗེས་གཉིས་མཐུད་ངང་སྡོད་ཁང་གསར་བར་སྤོས་ནས་འཚོ་བ་གསར་བ་སྐྱེལ་མགོ་བརྩམས་པ་དང་། རྨ་ཆུ་ལ་བརྟེན་ནས་བསྐྲུན་པའི་བདེ་སྐྱིད་སྡེ་བའང་དེ་ལྟར་ཆགས་པ་རེད།

ད་ལྟའི་བདེ་སྐྱིད་སྡེ་བ་ནི་རྨ་ཆུའི་རོང་སའི་སྐྱེ་ཁམས་ཁོར་ཡུག་མཛེས་ཤིང་ཁྱད་ཆོས་དམིགས་བསལ་ལྡན་པ། མངོན་གསལ་དོད་པ་བཅས་ཀྱི་སྐྱེ་ཁམས་མཛེས་ལྗོངས་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་བདེ་སྐྱིད་སྡེ་བའི“ཧྲུའུ་ཅི་དང་པོ”ལོ་བརྒྱ་ཚེ་རིང་གིས་དེ་སྔའི་ཁྱིམ་ཚང་དབུལ་པོ་ཁག་གཅིག་ལ་མཚོན་ན“ཆུ་སྣུམ་ལས་གོང་ཆེ”ཞེས་པ་དེར“ ཆུ་དཀོན་པའི་ཚད་འདི་འདྲ་ཞིག་ལ་སླེབས་ཡོད”ཅེས་དེ་ལྟར་བཤད་བྱུང་།

བདེ་སྐྱིད་སྡེ་བའི་ལོ50ལ་སླེབས་པའི་སྡེ་མི་ཤ་བོ་དོན་གྲུབ་ནི་ཕ་མེས་ཡང་མེས་ནས།   རོང་མ་འབྲོག་གི་འཚོ་བ་སྐྱེལ་ཞིང་། གནམ་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་པས། ལོ་གང་བོར་འབྲུ་རིགས་མང་པོ་ཐོན་མི་ཐུབ། ཆུ་འཐུང་ན་མིས་ཁུར་བར་བརྟེན་དགོས་ལ། ཆུ་ལེན་ཐེངས་རེར་ཆུ་ཚོད་གཉིས་གསུམ་ཙམ་དགོས་ཀྱི་ཡོད།

ཕ་མ་གཉིས་ཀ་དབང་པོ་སྐྱོན་ཅན་ཡིན་པ་དང་། ཁང་པར་རྒྱུན་དུ་ཐིགས་ཆུ་འཛག་པ། ཁྱིམ་མི་ལྔ་པོ་ཚ་ཐབ་གཅིག་གི་ཐོག་འཚང་དགོས་པས་འཚོ་བར་དཀའ་ཁག་ཧ་ཅང་ཆེ་ཞེས་ཤ་བོ་དོན་གྲུབ་ཀྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་། “སྐབས་དེར་ཁྱིམ་ཚང་གི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་བརྒྱ་ཕྲག་ཁ་ཤས་ལས་མེད། སྐད་ཆ་འདི་གཞན་ལ་བཤད་ན་སུས་ཀྱང་ཡིད་མི་ཆེས”ཟེར།

རང་སས་རང་མི་མ་སོས་པར། རི་འགོའི་གནད་དོན་རི་འདབས་ནས་ཐག་གཅོད་དགོས།

2016ལོའི་ཟླ9པར། གཅན་ཚ་རྫོང་གིས་འཚོ་སྡོད་ཆ་རྐྱེན་ཞན་པ་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཚབས་ཆེན་ཡིན་པའི་ཡུལ་ཚོ་དང་གྲོང་རྡལ7གྱི་སྡེ་བ30ཡི་རོང་འབྲོག་ཁྱིམ་ཚང251གི་མི946ས་བབ་ལེགས་པའི་རྨ་ཆུའི་འགྲམ་གྱི་བདེ་སྐྱིད་སྡེ་བར་དབུལ་སྐྱོར་གནས་སྤོ་བྱས་པ་རེད།

བདེ་སྐྱིད་སྡེ་བས་གནམ་གཤིས་དང་། ས་ཁོངས། རྨ་ཆུའི་ཆུ་བེད་མཛེས་ལྗོངས་སོགས་ཀྱི་ལེགས་ཆར་བརྟེན་ནས། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་འདྲེན་དུ་བྱས་ཏེ་ཁྱད་ལྡན་ཞིང་ལས་དང་། རིག་གནས། འོད་ཤུགས་སོགས་མཉམ་འདྲེས་གཏིང་ཟབ་ཐུབ་པའི“ལས་རིགས་མང་པོ་མཉམ་གནས་དང་རེས་སྐོར་མང་པོའི་སྐུལ་ཁྲིད”བྱས་པའི་དབུལ་སྐྱོར་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པ་རེད།

2020ལོའི་བར་གོང་རིམ་གྱི་རྒྱབ་སྐྱོར་འོག་བདེ་སྐྱིད་སྡེ་བས“བོད་ཁྱིམ་སྤྲོ་སྐྱིད་ཁང”38བསྐྲུན་ཡོད།   ཡུལ་སྐོར་བ་ཉིན་རེ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས།  ད་ལོར་སྡེ་བའི་ཁྱིམ་ཚང12ཀྱིས་རང་འགུལ་ངང“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་བ་རེད།

ཤ་བོ་དོན་གྲུབ་ཀྱིས་ཁང་པ་གཙང་སྦྲ་བྱས་ཏེ། བོད་བཟོའི་ཁྱིམ་ཆས་བསྒྲིགས་ནས“བོད་ཁྱིམ་སྤྲོ་སྐྱིད་ཁང”བཙུགས་པ་རེད།  འོན་ཀྱང་དང་ཐོག་ཚོང་གཉེར་བྱེད་པར་དཀའ་ཁག་ལ་འཕྲད། “  རང་ཉིད་ལ་ཉམས་མྱོང་ཅི་ཡང་མེད་པས་ཚོང་གཉེར་བྱེད་མི་ཤེས།  རྗེས་སུ་གསོ་སྦྱོང་ལ་ཞུགས་པ་མ་ཟད་ཇ་མ་ཞིག་ཀྱང་གླས་པ་ཡིན། ད་ལྟ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ལྔ་ཡོད”ཅེས་གསར་འགོད་པར་དེ་ལྟར་བཤད་བྱུང་།

ལོ་བརྒྱ་ཚེ་རིང་གིས་བཤད་རྒྱུར། ད་ལྟ་སྡེ་བར་འོད་ཤུགས་དབུལ་སྐྱོར་ལག་བསྟར་བྱས་ནས་རང་སྤེལ་རང་སྤྱོད་དང་གློག་དྲར་ཞུགས་པས། ལས་གཞི་དེ་ཁོ་ནར་ཁྱིམ་ཚང་རེའི་ལོའི་ཡོང་འབབ་སྒོར5000ཡན་ཟིན་ཡོད། དེའི་ཁར་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་གནས་ཀྱི་ཡོང་འབབ་དང་སྡོང་ཕྲུག་མཉམ་ལས་ཁང་དང་། ཞིང་སྡེའི་ཡུལ་སྐོར།  སྡེ་བའི་མཉམ་ལས་དཔལ་འབྱོར་བཅས་ཀྱི་ཁེ་སྤོགས་བགོ་བཤའ་བརྒྱབ་ན“ད་ལྟ་སྲིད་གཞུང་གི་ཁ་གསབ་གང་ཡང་མེད་པའི་དབང་དུ་བཏང་ནའང་། བདེ་སྐྱིད་སྡེ་བའི་སྡེ་མི་རྣམས་དབུལ་ཕོངས་ལས་ཐར་ཐུབ”ཟེར།

ཤ་བོ་དོན་གྲུབ་ཀྱིས་རླངས་འཁོར་ཉོས་པས། “བོད་ཁྱིམ་སྤྲོ་སྐྱིད་ཁང”གིས་ཚོང་ཟོག་འདྲེན་པར་སྟབས་བདེར་གྱུར། “གནས་སྤོ་མ་བྱས་གོང་མི་གཞན་གྱིས་ང་ལ་ཁ་ལོ་བའི་ལག་ཁྱེར་ལེན་དགོས་ཚུལ་བཤད་ན་ཡང་། ངའི་བསམ་པར་མི་ཚེ་འདིར་རླངས་འཁོར་ཉོ་མི་ཐུབ་ཐག་ཆོད་ཡིན་པས། རླངས་འཁོར་སྦྱོང་འདོད་ཀྱི་བསམ་པ་ཡོད་མ་མྱོང”ཟེར།

སྔོན་ཆད་ལག་ཁྱེར་ཁ་པར་བཀོལ་མ་མྱོང་པའི་ཤ་བོ་དོན་གྲུབ་ལ་ད་ལྟར་ལག་ཁྱེར་ཁ་པར་ཡོད་པས་དོན་དག་ཆེ་ཆུང་ཚང་མ་རྒྱུན་དུ་སྐད་འཕྲིན་བརྒྱུད་ནས་འབྲེལ་གཏུག་བྱེད་ཀྱི་ཡོད།

ཁྱིམ་ཚང་དབུལ་པོ་ནས་ཁྱིམ་ཚང་ཕྱུག་པོའི་བར་དང་། “འཐུང་ཆུ་དཀོན་པོ”ནས་དྭངས་ཤིང་གཙང་བའི་རི་ཆུའི་བར་དུ་སྡོད་པའི་བདེ་སྐྱིད་སྡེ་བའི་མི་རྣམས་ལ་དགའ་སྤྲོའི་ཁེངས་ཡོད། སྡེ་འདབས་ཀྱི་གྱང་ངོས་སུ་སྦྱར་ཡོད་པའི་གནས་སྤོས་སྔ་རྗེས་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་བསྡུར་རེས་བྱས་པའི་པར་རིས་ལས་ཀུན་གྱི་འཚོ་བའི་ཐད་ལ་འགྱུར་ལྡོག་ག་ཚོད་བྱུང་བ་གསལ་པོར་མཐོང་ཐུབ།

“བདེ་སྐྱིད་སྡེ་བའི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་དེ་གཅན་ཚ་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད”ཅེས་ལོ་བརྒྱ་ཚེ་རིང་གིས་དེ་ལྟར་བཤད་བྱུང་།

གཅན་ཚ་རྫོང་གི་རྫོང་དཔོན་བསྟན་འཛིན་གྱིས་བཤད་རྒྱུར། རྫོང་དེའི་མི་གྲངས་བསྡོམས་འབོར་གྱི་དྲུག་ཆའི་གཅིག་ཟིན་པའི་མི་གྲངས་དབུལ་པོ་དག་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཕོངས་ལས་ཐར་ཡོད། ད་ལྟ“རྗེས་མཐུད་སྲ་བརྟན་ཆེན་པོ་དགུ” སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བཞིན་ཡོད་ཅིང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱས་ནས། དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་རིགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་འགུལ་རྣམ་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས)42ཚང་མ་རྫོང་དབུལ་པོའི་གྲལ་ནས་ཐར་བ་རེད། དབུལ་པོ་དབུལ་རྐྱང་ཁྱོན་ཡོངས་ནས“གཙང་སེལ”བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། རྗེས་ཕྱོགས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་ཡོང་བར་མུ་མཐུད་དུ་དམ་འཛིན་ཡག་པོ་དང་། དབུལ་ཞྭ་ཕུད་རྗེས་ལྷོད་གཡེང་སྒྱིད་ལུག་བྱེད་པ་ནན་འགོག དབུལ་ཕོངས་གནད་འཁེལ་སྔོན་འགོག་དང་བལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཚོལ་ཞིབ་དང་འཛུགས་པ་བཅས་བྱས་ནས། དབུལ་ཐར་མཁྲེགས་གཏོར་དུས་བཅད་ལྟར་ཕྱོགས་ཡོངས་ནས་མཇུག་བསྡུའི་འགན་ལེན་བྱ་རྒྱུ་རེད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།