རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྣམ་པ་གསར་པར་གྱུར་པ།
2020.09.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

གནས་འདི་རུ་བརྗིད་ཆགས་པའི་རི་བོ་དང་སྣ་མང་བའི་ས་དབྱིབས།  སྣོལ་མར་བཞུར་བའི་ཆུ་བོ་དང་སྐར་ཚོགས་བཀྲམ་པ་ལྟ་བུའི་མཚེའུ་མང་པོ་ཡོད།  དབུས་རྒྱུད་དུ་བརྗིད་ཆགས་ལྡན་པའི་ཁུ་ནུ་རི་བོས་འཕྲེད་དུ་བཅད་ཡོད་པ་དང་།  ལྷོ་ཕྱོགས་སུ་གདང་ལ་རི་བོ་ཀྲོང་ངེར་འགྲེངས་ཡོད་ལ།  བྱང་རྒྱུད་དུ་མདོ་ལ་རིང་མོ་འགྱིང་སྟབས་ཀྱིས་གནས་ཡོད་པར་མ་ཟད།  མཐའ་ཡས་པའི་རྩྭ་ཐང་དང་མུ་མཐའ་མེད་པའི་ཚྭ་འདམ་གཞོང་དང་།  འབྲི་ཆུ་དང་རྨ་ཆུ་དང་རྫ་ཆུ་བཅས་ཀྱི་ཆུ་མགོ་གནས་འདི་རུ་ཡོད་ལ།  ཀྲུང་གོའི་སྐམ་ས་དང་མཐོ་སྒང་གི་ཚྭ་མཚོ་ཆེས་ཆེན་མོའང་གནས་འདི་རུ་ཡོད།

གནས་འདི་རུ་ཏང་གི་བཀའ་དྲིན་ཚོར་བ་དེ་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་གཞིས་ཆེན་མོའི་ཁྱིམ་རྒྱུད་སྙིང་སྟོབས་ཀྱི་གཞི་རྒྱུ་རུ་བསྒྱུར་མཁན་ངེས་དོན་མཐར་ཕྱིན་ཚང་གི་མི་རབས་བཞི་བོ་ཡོད་པ་དང་།  གནས་འདི་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་བྱས་རྗེས་འབུར་ཐོན་བཞག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཡོན་ལས་བྱེད་པ་བཟང་པོ་རྒྱ་མཚོ་སོགས་ཡོད།  མི་རིགས་ལ་མཐུན་སྒྲིལ་ལྡན་ཞིང་སྤྱི་ཚོགས་འཆམ་མཐུན་ཡིན་ལ།  རིག་གནས་དར་ཞིང་རྒྱས་པ་དང་།  དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་བྱུང་ཡོད་པའི་གནས་འདི་ནི་མཚོ་སྔོན་ཡིན།

ལོ་ཟླ་ནི་ངོ་མཚར་ཆེ་བའི་སྨྱུ་གུ་ཞིག་དང་འདྲ་བར་མཚོ་སྔོན་གྱི་བོད་འབྲེལ་ཁུལ་དྲུག་གི་ལོ་ལྔའི་རིང་གི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་ཟིན་ཐོར་བཀོད་ཡོད། མཚོ་སྔོན་གྱིས་བོད་འབྲེལ་ཁུལ་དྲུག་གི་སྤོ་སྒྱུར་གཏོང་སྤྲོད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་བཞི་ཐེར་འབུམ་བདུན་དང་ཀྲུང་དབྱང་གི་རྒྱབ་སྐྱོར་སྲིད་ཇུས་འཆར་འགོད་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་མོ་དུང་ཕྱུར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་དང་ཐེར་འབུམ་དགུ་དུང་ཕྱུར་དྲུག་ལྷག ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་ཐེར་འབུམ་དགུ་དང་དུང་ཕྱུར་གསུམ་ཙམ་བཅས་དོན་འཁྱོལ་བྱས་པ་དང་།  2019ལོར་མཚོ་སྔོན་གྱི་བོད་འབྲེལ་ཁུལ་དྲུག་གི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ཧ་ལམ་སྒོར་མོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་གསུམ་དུང་ཕྱུར་དགུ་མངོན་འགྱུར་བྱུང་བ་དེ2015ལོ་དང་བསྡུར་ན་རིམ་བསགས་ཀྱིས་ཧ་ལམ་བརྒྱ་ཆའི་ཉེར་གཉིས་འཕར་ཡོད།  མཁར་གྲོང་དང་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་སྒོར་མོ་ཁྲི་གསུམ་དང་སྟོང་བཞི་བཞི་བརྒྱ་གྱ་གཅིག་དང་སྒོར་མོ་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་ང་དྲུག་ཡིན་པ་དེ2010ལོ་དང་བསྡུར་ན་ལྡབ་གཅིག་དང་གྲངས་ཆུང་གསུམ་གསུམ་དང་ལྡབ་གཅིག་དང་གྲངས་ཆུང་བདུན་ལྔ་འཕར་ཡོད་པས།  གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་ཚད་གཙོ་བོ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད་པ་རེད།

ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ནི་ནམ་ཡང་མཚོ་སྔོན་འཕེལ་རྒྱས་ཀྱི་འདེགས་སྐྱོར་བརྟན་པོ་ཡིན།  ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པའི་ཚུན་དུ།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱས་ཏེ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་།  ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་དེ་གཙོ་ཐིག་ཏུ་བཟུང་ཞིང་།  རྒྱལ་ཁབ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡོང་བར་ཤུགས་སྣོན་པ་དེ་ཤུགས་འདོན་སར་བརྩི་བ་དང་།  དམངས་འཚོ་ལེགས་སྒྱུར་བྱེད་པ་དང་མི་སེམས་གཅིག་ཏུ་སྒྲིལ་བ་དེ་མགོ་རྩོམ་ས་དང་རྐང་ཚུགས་ས་བྱས་ཤིང་།  ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོ་དང་མཚོ་སྔོན་གྱི་དོན་དངོས་གནས་ཚུལ་ནས་མགོ་རྩོམ་པ།  རང་རྟོགས་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་དུ་འདྲེས་པ་དང་རྒྱལ་ཁབ་བདེ་འཇགས་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ།  དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་ཚུལ་ཧྲིལ་པོར་ཞབས་ཞུ་སྒྲུབ་པ་བཅས་བྱས་ཏེ།  མཚོ་སྔོན་གྱི་བོད་འབྲེལ་ཁུལ་དྲུག་མགྱོགས་མྱུར་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་།  མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས།  མཚོ་སྔོན་ནི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་འཆམ་མཐུན།  ཆོས་ལུགས་ཞི་མཐུན།  མི་དམངས་བདེ་སྡོད་ལས་བརྩོན།  སྐྱེ་ཁམས་རྒྱུན་མཐུད་ལེགས་བཅོས་བཅས་ཡོང་བའི་ལོ་རྒྱུས་ཀྱི་དུས་སྐབས་བཟང་པོར་སླེབས་ཡོད།

“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་འབྲེལ་ས་ཁུལ་གྱི་ལས་དོན་ལ་ཚད་མཐོན་པོས་མཐོང་ཆེན་བྱས་པ་དང་།  འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བོད་འབྲེལ་ཁུལ་དྲུག་གི་འཕེལ་རྒྱས་དང་བརྟན་བརླིང་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་།  སྲིད་ཇུས་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ནས།  བོད་འབྲེལ་ཁུལ་དྲུག་གི་འཕེལ་རྒྱས་ཡར་ཐོན་དང་ཡུན་རིང་བདེ་འགོད་ལ་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད།

མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་ལེན་མཐར་ཕྱིན་བཅས་བྱེད་པར་དམིགས་ནས།  གོ་བ་ལོན་པ་དང་གསལ་པོར་ཤེས་པ།  དངོས་སྒྲུབ་བྱེད་པ་བཅས་ཀྱི་སྟེང་དུ་ནུས་ཤུགས་བཏོན་པ་དང་།  བརྗོད་དོན་སློབ་གསོ་དང་གསོ་སྦྱོང་ཞིབ་བསྡུར།  སྨྱན་སྦྱོར་དྲིལ་སྒྲོག ལས་བྱེད་པ་ཁྲི་ཕྲག་གྲོང་གསེབ་ཏུ་འགྲོ་བ་སོགས་ཀྱི་རྣམ་པ་སྤྱད་དེ།  ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཞིང་སྡེ་དང་འབྲོག་ཁུལ།  ལས་ཁུངས།  སྡེ་ཁུལ།  ཁེ་ལས།  སློབ་གྲྭ།  དམག་སྒར།  དྲ་ཚིགས་བཅས་སུ་སྐྱོད་པ་དང་།  བསམ་བློར་སློབ་སྦྱོང་དང་བསམ་བློ་བཀོལ་སྤྱོད་བྱེད་པའི་དུས་རབས་ཀྱི་གདངས་དབྱངས་སྙན་མོ་བླངས་ནས། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་ཐད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ནམ་ཡང་གོ་གནས་ཨང་དང་པོར་བཞག་ནས།  བོད་འབྲེལ་ལས་དོན་ལེགས་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་པ་དང་།  འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དེ་ལས་འགན་ཨང་དང་པོར་བརྩི་བ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ་དེ་འགན་འཁྲི་ཨང་དང་པོར་བརྩི་བ།  དམངས་འཚོ་ལེགས་བཅོས་བྱེད་པ་དེ་ལས་གཞི་ཨང་དང་པོར་བརྩི་བ།  སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩི་བ་བཅས་བྱས་ཏེ།  བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་བསྐྱོད་བྱས།

ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར།  ཡུན་རིང་བོད་བསྐྲུན་བཅས་བྱས་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཅིག་བསྐྲུན།

དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་མི་སེམས་སུ་ཟུག་ཡོད། “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ”ཡི་བརྗོད་དོན་སློབ་གསོ་ནན་ཏན་གྱིས་སྤེལ་བ་དང་། “རྩ་འཛུགས་མ་ལག་འཛུགས་སྐྲུན་བྱེད་པའི་ལོ་གསུམ་འགུལ་སྤྱོད”ལ་སྐུལ་འདེད་བཀོད་སྒྲིག་བྱས་ཤིང་།  བོད་འབྲེལ་ཁུལ་དྲུག་གི་མགོ་ཁྲིད་ཚན་ཁག་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེ།  གཞི་རིམ་ཏང་རྩ་འཛུགས་དང་བོད་རིགས་ཀྱི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་ཚད་བསྟུད་མར་ཇེ་དྲག་ཏུ་བཏང་ནས།  བོད་འབྲེལ་ཁུལ་དྲུག་ཏུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་ཇེ་བརྟན་དུ་བཏང་ཞིང་།  བོད་འབྲེལ་ཁུལ་དྲུག་གི་ཏང་དང་སྲིད་གཞུང་གི་གོང་བུར་འགྲིལ་ཤུགས་མངོན་གསལ་གྱིས་ཆེ་རུ་བཏང་བ་དང་།  མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་དྲིན་ཚོར་འདུ་ཤེས་དང་བློ་ཁ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པས།  ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན།  གཙོ་འཛིན་ལ་དགའ་ཞེན།  སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་ཡོད་པས།  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང་བོད་འབྲེལ་ཁུལ་དྲུག་པོ་དེང་རབས་ཅན་དུ་བསྒྱུར་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་བདེ་སྡོད་ཉེན་བསམ་གྱི་ཐིག་སྐུད་དེ་དམ་པོར་བཟུང་ནས།  ནམ་ཡང་ཉེན་ཁ་དང་སེམས་ཁྲལ་གྱི་འདུ་ཤེས་འཛིན་པ་དང་།  མཚམས་ཚིགས་དམ་འཛིན་དང་།  གཙོ་གནད་དམ་འཛིན།  ཉེན་ཁ་སྔོན་འགོག་བཅས་བྱས་ཏེ།  སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འགོད་ཡོང་བའི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།  2020ལོའི་ཟླ5པའི་ཚེས8ཉིན།  བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིའི་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་འཛིན་གྲྭ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སློབ་མགོ་བརྩམས་པར་མ་ཟད།  ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་སློབ་སྦྱོང་གི་དཔྱད་གཞི་སྣ་ཁ་གསུམ་སྤྲད་པ་རེད།  གསར་དུ་བདམས་པའི་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་།  བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་གྲས་ཁག་གི་སྤྲུལ་སྐུ།  ཡོངས་འཛིན།  མཁན་པོ་བཅས་དང་།  གཞན་ད་རུང་དགོན་སྡེ་རུ་སྡོད་པའི་ལས་བྱེད་པ་བཅས་བརྒྱ་ལྷག་སློབ་སྦྱོང་འཛིན་གྲྭ་ཐེངས་དང་པོར་ཞུགས་ནས།  དུས་ཡུན་ཉིན་དགུ་ཡི་རིང་ལ་ཆོས་ལུགས་སྲིད་ཇུས་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སོགས་ལ་སློབ་སྦྱོང་བྱས།

གཞི་རིམ་ལ་མཐོང་ཆེན་དང་དུས་རྒྱུན་ལ་མཐོང་ཆེན་བྱེད་པ་རྒྱུན་འཁྱོངས་བྱས།  དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཚོ་སྔོན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། “ཏང་འཛུགས་སྐྲུན་གྱིས་བོད་འབྲེལ་ཁུལ་དྲུག་གི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ”ཡིས་རང་སྐྱོང་ཁྲིམས་སྐྱོང་ཀུན་སྤྱོད་ཀྱིས་སྐྱོང་བ་ལ་བརྟེན་ནས་མཉམ་འདྲེས་བྱེད་པར་སྐུལ་ཁྲིད་བྱས་པ་དང་།  མཚོ་སྔོན་དང་སི་ཁྲོན།  ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི“བདེ་འཇགས་དང་དར་སྤེལ”བཟོ་འགོད་ལག་བསྟར་བྱས་ཏེ།  རྫོང་ཁོངས་བཅོས་སྐྱོང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ“པད་མའི་ཉམས་མྱོང”དང་།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི“སྡེ་བ་དང་དགོན་པ་མཉམ་འབྲེལ”བྱེད་པ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“ཏང་འཛུགས་སྐྲུན་དང་སྡེ་སྲོལ་དམངས་ཆིངས”སོགས་ཀྱི་བཅོས་སྐྱོང་བྱེད་ཐབས་གསར་གཏོད་བྱས་ཤིང་། “རྣམ་པ་གསུམ་དང་རིམ་པ་བཞི”ཡི་བཅོས་སྐྱོང་བྱེད་སྟངས་བཏོན་ནས།  བོད་འབྲེལ་ཁུལ་དྲུག་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་དངོས་གནས་སྐུལ་འདེད་བཏང་བས།  གཞན་དབང་ནས་རང་འགུལ་དང་།  རགས་ལས་ནས་ཞིབ་ཚགས།  བྲེལ་བསྟུན་ནས་རྒྱུན་རྣམ།  གཅིག་བསྡུས་ལེགས་བཅོས་ནས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་།

དམངས་ཚིས་བདེ་སྐྱིད་ཀྱི་བཟོ་འགོད་ལག་བསྟར་བྱས་ཏེ་དམངས་ཚིས་དོན་དངོས་ནན་ཏན་གྱིས་བསྒྲུབས།

མཚོ་སྔོན་གྱིས་དབུལ་པོ་དབུལ་ནག་ས་ཁུལ་གྱི་དབུལ་བོ་གཙང་སེལ་བྱེད་པ་དམིགས་ཡུལ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བ་སྐྲུན་པར་སྐུལ་འདེད་བཏང་ནས།  བོད་འབྲེལ་ཁུལ་དྲུག་གི་དམངས་ཚིས་བདེ་སྐྱིད་ཇེ་མཐོར་བཏང་ཡོད།

མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་ཞང་ཆུ་སྔོན་སྡེ་བའི་སྡེ་མི་དཔའ་སྐྱབས2015ལོར་སྡེ་བའི་ནང་གི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དུ་གཏན་འཁེལ་བྱས་པ་དང་།  སྡེ་བའི་དབུལ་སྐྱོར་ལས་བྱེད་པས་ཁོ་རང་འཕྲུལ་རྟར་དགའ་པོ་ཡོད་པ་ཤེས་རྗེས།  སྲིད་གཞུང་གིས་རྩ་འཛུགས་བྱས་པའི་འཕྲུལ་རྟ་ཞིག་གསོ་གསོ་སྦྱོང་འཛིན་གྲྭར་ཞུགས་སུ་བཅུག་པ་དང་།  གསོ་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་རྗེས།  ཁོས་དངུལ་བུན་སྒོར་ཁྲི་གསུམ་བླངས་པ་དང་དེའི་ཁར་སྲིད་གཞུང་གི་དབུལ་སྐྱོར་མ་དངུལ་གྱི་འབོར་ཆུང་དངུལ་བུན་སྒོར་ཁྲི་གཉིས་བསྣན་ནས་རང་ཉིད་ལ་དབང་བའི་འཕྲུལ་རྟ་ཞིག་གསོ་ཁང་ཞིག་ཕྱེས་པ་རེད།  ད་ལྟ་ཁེ་སྤོགས་བགོ་བ་དང་ཁ་གསབ་རོགས་དངུལ་བསྣན་ན།  ཟླ་གཅིག་གི་ཡོང་འབབ་སྒོར་ཁྲི་ཙམ་ཡོད་པས།  དཔའ་སྐྱབས་ཀྱིས་སྲིད་གཞུང་གིས་ང་ཚོར་སྡོད་ཁང་ཡང་ཐག་གཅོད་བྱས་ཡོད་པས།  སྔོན་ཆད་དང་བསྡུར་ན་ད་ལྟའི་འཚོ་བར་དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་གསར་འགོད་པར་དེ་ལྟར་བཤད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་བོད་རིགས་མི་གྲངས་ཀྱིས་རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གོ་བརྒྱད་གྲངས་ཆུང་བཞི་ཟིན་ཡོད་ལ།  དེ་ནི་བོད་རིགས་གཙོ་བོ་ཡིན་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་རེད།  དབུལ་ཐར་མ་བྱུང་གོང་།  རྫོང་དེ་ནི་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་དང་མཚོ་སྔོན་ཞིང་ཆེན་གྱི་དབུལ་པོ་དབུལ་ནག་ས་ཁུལ་གྱི་གྲས་སུ་ཚུད་ཡོད།  རྨ་ལྷོ་ཁུལ་གྱིས་ཡུལ་གཞན་དུ་གནས་སྤོར་བྱེད་པ་དེ་དབུལ་ཕོངས་ལས་རིགས་བརྗེ་བ་དང་།  དབུལ་པོའི་གནས་ལས་སྤོ་བ།  དབུལ་པོའི་རྩ་བ་གཅོད་པ་བཅས་ཀྱི་གནད་འགག་གི་བྱེད་ཐབས་ཤིག་ཏུ་བརྩིས་ནས།  ཡུལ་གཞན་དུ་གནས་སྤོ་བཀོད་སྒྲིག་བྱེད་པའི་གོ་རིམ་ཁྲོད།  གནས་སྤོ་དང་ལས་བརྩོན་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ལས་བྱེད་པས་རོགས་སྐྱོར་དང་།  ཐོན་ལས་འཕེལ་རྒྱས།  གསོ་སྦྱོང་ལས་ཞུགས་བཅས་ཀྱིས་ཡོངས་སུ་ཁེབས་པ་བྱས་ནས།  གནས་སྤོས་མང་ཚོགས་ཀྱི་སེམས་ཁྲལ་རྩ་བ་ནས་བསལ་བ་རེད།  རྩེ་ཁོག་རྫོང་གིས་གནས་སྤོར་བཀོད་སྒྲིག་བྱ་ཡུལ་སོ་དགུ་བསྐྲུན་པ་དང་།  འབྲོག་ཁྱིམ་སྟོང་དྲུག་དང་ལྔ་བརྒྱ་གོ་དྲུག་དང་མི་གྲངས་ཁྲི་གཉིས་དང་སྟོང་ལྔ་དྲུག་བརྒྱ་ང་དགུ་གནས་སྤོ་བཀོད་སྒྲིག་བྱས་ལ།  དེའི་ནང་དུ་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་སྟོང་ལྔ་དང་ལྔ་བརྒྱ་ཉེར་ལྔ་དང་མི་གྲངས་ཁྲི་གཉིས་དང་སྟོང་གཅིག་བརྒྱ་དང་དོན་བདུན་ཡོད་པ་དེས་ཕལ་ཆེར་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་གནས་སྤོས་ཁྱིམ་ཚང་གི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད།

མཚོ་སྔོན་གྱིས་འཕེལ་རྒྱས་གཏོང་རྒྱུ་དེ་ནམ་ཡང་དོན་ཆེན་ནང་གི་འགངས་ཆེན་དུ་བརྩིས་པ་དང་།  བོད་འབྲེལ་ཁུལ་དྲུག་ཡུན་རིང་བདེ་འགོད་དང་མཐུན་སྒྲིལ་གཅིག་གྱུར་ཡོང་བའི་རྨང་གཞིར་བརྩིས་ནས།  “གཞན་བརྟེན”དང“རང་བརྟེན”མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་ཧུར་ཐག་བཏང་ནས།  སྐྱེ་ཁམས་དང་གྲངས་ཀ  འཁོར་རྒྱུག  འཕུར་སྐྱོད་བཅས་ཀྱི“དཔལ་འབྱོར་རྣམ་པ་བཞི”སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ་དང་། “དཔེ་སྟོན་ལྔའི་ཞིང་ཆེན”མུ་མཐུད་དུ་འཛུགས་སྐྲུན་དང་།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས།  སྤྱི་ཚོགས་འགན་སྲུང་།  མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་བཅས་ཀྱི་གཙོ་གནད་ལས་དོན་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ།  བོད་འབྲེལ་ཁུལ་དྲུག་གི་གནམ་གྲུ་ཐང་དང་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དང་ཁུལ་གནས་སའི་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ། “སྟོང་ཝ་ཁྲི་སྟོང་ཅན”གྱི་སླར་སྐྱེ་རུང་བའི་ནུས་ཁུངས།  མཐོ་གནོན་ཐད་རྒྱུག་བཟོ་འགོད།  བོད་ཡིག་ཆ་འཕྲིན་ཅན།  སྐྱེ་ལྡན་ཕྱུགས་ལས།  རིག་གནས་ཡུལ་སྐོར་སོགས་ཀྱི་ལས་གཞི་གལ་ཆེན་དང་ཁྱད་ལྡན་ཐོན་ལས་སྐོར་ཞིག་བཙུགས་པ་རེད།

དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཕྱོགས་གང་ཅིར་འབྲེལ་བ་ཡོད།  མཚོ་སྔོན་གྱིས“སྤུས་ལེགས”དང“བདེན་པ”ལ་དམིགས་ཏེ། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ལ་དམིགས་ཏེ་གནད་ཁེལ་ཇུས་བསྟར་བྱས་པ་དང་།  སྐྱེ་ཁམས་དང་ཡུལ་སྐོར།  སློབ་གསོ།  སྨན་བཅོས།  འཕྲོད་བསྟེན་བདེ་ཐང་།  རྒན་གསོ་སོགས་དབུལ་སྐྱོར་བྱེད་ཐབས་མཉམ་སྒྲིག་ཡག་པོ་བྱས་ཏེ།  ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “བསམ་བློའི་དབུལ་ཐར”འགུལ་སྐྱོད་སྔོན་ལ་སྤེལ་བ་དང་། “སློབ་གྲྭར་འགྲོ་མཚམས་འཇོག་པར་ཚོད་འཛིན་བྱས་ནས་སློབ་སྦྱོང་འགན་ལེན་བྱེད་པ”ཡི་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཞིང་།  རྫོང་དང་གྲོང་ཁྱེར་སོ་གསུམ་གྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་བཅས་བྱས་ལ།  མཚོ་སྔོན་གྱི་བོད་འབྲེལ་ཁུལ་དྲུག་པོ་འཕེལ་རྒྱས་ཆེས་མགྱོགས་ཤིང་མཁར་གྲོང་གི་རྣམ་པར་འགྱུར་ལྡོག་ཆེས་ཆེ་བ།  མང་ཚོགས་ལ་དངོས་ཕན་ཐོབ་ཚད་ཆེས་མཐོ་བའི་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་ཞུགས་པ་དང་།  དུས་ཡུན་རིང་པོར་ཐག་གཅོད་བྱེད་འདོད་ཀྱང་བྱེད་མ་ཐུབ་པའི་གནད་དོན་སྐོར་ཞིག་ཐག་གཅོད་བྱས་པས།  སྐྱེ་ཁམས་མཛེས་ཤིང་ཐོན་ལས་དར་བ།  མི་དམངས་ཕྱུག་པོར་གྱུར་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད།

“མཚོ་སྔོན་དུ་མི་རིགས་ལས་དོན་མ་བསྒྲུབས་ན་ཁྱོན་ཡོངས་ཀྱི་ལས་དོན་བསྒྲུབ་མི་ཐུབ། ” ད་ལྟ།  མཚོ་སྔོན་གྱི་ཡུལ་གྲུ་ཆེན་མོའི་སྟེང་མི་རིགས་སོ་སོས་མཉམ་སྐྲུན་དང་མཉམ་སྡོད།  མཉམ་སློབ།  མཉམ་ལས།  མཉམ་རོལ།  མཉམ་སྐྱིད།  མཐུན་སྒྲིལ་བཅས་བྱེད་པའི་གདངས་དབྱངས་སྙན་མོ་ག་ས་གང་དུ་གྲགས་ཤིང་།  འཆམ་མཐུན་གྱི་འགྱུར་ཁུགས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཕྲོགས་ཡོད།

སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་སྟེ།  གཙང་ཆུ་དྭངས་མོ་ཤར་དུ་བཞུར་བར་ཁག་ཐེག་བྱས་པས། 2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས“མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པ་དང་།  ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ལ།  ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད”ཅེས་ནན་གྱིས་གསུང་བ་དང་།  རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་གནས་བབ་དང་འཕེལ་རྒྱས་ཀྱི་ངེས་གནས་མིག་རྒྱང་རིང་པོའི་སྒོ་ནས་བསྟན་པ་དང་།  མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གཞི་རྩའི་འདུ་ཤེས་དང་།  ཆབ་སྲིད་ཀྱི་བླང་བྱ།  མངོན་འགྱུར་གྱི་ཐབས་ལམ་བཅས་ཚད་མཐོན་པོའི་སྒོ་ནས་སྙིང་བསྡུས་བྱས་ཡོད།

མཚོ་སྔོན་གྱིས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།  “རི་སྔོ་ཆུ་དྭངས”དེ“གསེར་རི་དངུལ་རི”ལ་ཕྱོགས་པའི་འབྲེལ་མཐུད་བགྲོད་ལམ་བཏོད་པ་དང་།  “གཙང་ཆུ་དྭངས་མོ་ཤར་དུ་བཞུར་བར”ཁག་ཐེག་བྱས་ཡོད།

ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོ་ཡོས་གི་སླང་ལེབ་ས་ཁུལ་ནས་ཐོན་པའི་རྨ་ཆུ་ཡི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་མུས་སྟོང་བཞི་དང་ལྔ་བརྒྱ་ཡན་ཡོད་པས།  ཆུ་དམར་ལེབ་རྫོང་ནི་རྨ་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ་ཡིན།  དགེ་ཆོས་བཟའ་མི་གང་པོ་མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་དྲུག་བརྒྱ་ལྔ་བཅུ་ཡོད་པའི་རྨ་ཆུའི་ཆུ་མགོ་རུ་བསྡད་ཡོད་ལ།  མི་རབས་ནས་མི་རབས་བར་མ་ཡུམ་ཆུ་བོའི་ཆུ་མིག་ཆེ་ཆུང་ཀུན་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་བརྩམས་རྗེས།  ཁོ་རང་གཟི་བརྗིད་ལྡན་པའི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་པས་མུ་མཐུད་དུ་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱས་པ་རེད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་དང་པོ་ཡིན་པས། མིག་སྔར་སྐྱེ་ཁམས་བདག་སྐྱོང་པ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་ཉིན་མཚན་དབྱེར་མེད་དུ་ནགས་ཚལ་དང་། རྩྭ་ཐང་། བརླན་ས། ཐང་རྒོད་བཅས་སུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱིན་ཡོད་པས། མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པ་དང་སྲུང་སྐྱོབ་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

2019ལོའི་ཟླ8ཚེས19ཉིན་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་བསྒྲུབས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ཟི་ལིང་དུ་མགོ་བརྩམས་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།  མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པ་དེ་ཞིང་ཆེན་འཛུགས་པའི་གནད་འགག་ཏུ་བརྩིས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་བདེ་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་པ་དང་། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་གི་དཔེ་སྟོན་ཞིང་ཆེན་སྔོན་ལ་འཛུགས་མགོ་བརྩམས་ཤིང་། གོམ་པ་བརྟན་པོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས།

རིན་ཐང་ནི་དགོས་མཁོ་ལས་བྱུང་བ་དང་རིན་ཐང་མངོན་དུ་འཇུག་རྒྱུ་ནི་གཙོ་གནད་ཡིན། མཚོ་སྔོན་གྱིས་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གཙོ་བོ་ཡིན་པའི་སྐྱེ་ཁམས་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་བཙུགས་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་སྐུལ་འདེད་བཏང་ཡོད། ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་གྱི་མིང་ཐོའི་ནང་འཇོག་པར་སྐུལ་སྤེལ་བྱས་ཏེ། ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་ཞིང་འཛམ་གླིང་གི་ས་བབ་ཆེས་མཐོ་བའི་འཛམ་གླིང་ཤུལ་བཞག་ས་ཁུལ་དུ་འགྱུར་དུ་བཅུག རྩྭ་ས་དང་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ཕན་འབྲས་དཔྱད་ཞིབ་དོ་དམ་རྐྱེན་སྲོལ་སྔོན་ལ་བཙུགས་པ་དང་། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་བཙུགས་ནས་ལག་བསྟར་བྱས།

འགན་འཁྲི་ནི་ལས་འགན་ལས་བྱུང་བ་དང་། འགན་འཁྲི་ཁག་ཁུར་བྱེད་ཐུབ་ཏུ་འཇུག་རྒྱུ་ནི་གཙོ་གནད་ཡིན།  མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་རྩ་གནད་བཏོན་ནས། “མཁའ་དབྱིངས་ས་ཁུལ”གཞི་གཅིག་ཅན་གྱི་སྐྱེ་ཁམས་དྲ་རྒྱའི་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་པ་དང་། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སྤེལ་རོགས་བྱས་པས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཞི་རྩའི་བརྟག་དཔྱད་ཕལ་ཆེར་ལེགས་འགྲུབ་བྱུང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ས་ཧྲིལ་པོ་ཉམས་ཞན་དུ་འགྱུར་བ་ནུས་ལྡན་སྒོས་ཚོད་འཛིན་བྱས་ཤིང་།  ཆུ་ཁུངས་གསོ་སྐྱོང་བྱས་ཚད་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་དྲུག་ཡན་འཕར་བ་དང་། འབྲི་ཆུ་དང་རྫ་ཆུ།རྨ་ཆུ་བཅས་ཀྱི་བཞུར་རྒྱུན་གྱི་ཆུ་སྤུས་རིགས་བརྟན་སྲུང་བྱས།

སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་སྐྱེ་ཁམས་ཀྱི་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བ་བྱས་ཏེ། རི་དྭགས་གསའ་དང་གཙོད་སོགས་ཀྱི་གྲངས་འབོར་ཆེས་ཆེར་འཕར་ཞིང་། ཆུ་ངོས་དང་བརླན་ས། ནགས་རྩྭ་བཅས་ཀྱི་སྔོ་ལྗང་བར་སྟོང70%ལ་སླེབས་ཤིང་། ནུས་ཁུངས་གཙང་མ་འཕེལ་རྒྱས་སུ་གཏོང་བའི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་སྤེལ་ཏེ། “མཚོ་སྔོན་གྱི་གློག་ཧོ་ནན་དུ་སྐྱེལ་བ”ཡི་བཟོ་འགོད་ཀྱིས་དངོས་སུ་གློག་གཏོང་མགོ་ཚུགས་པ་དང་། “ལྗང་མདོག་གློག་གཏོང་དམིགས་བསལ་ས་ཁུལ”དང“ལྗང་མདོག་གློག་གཏོང་གི་ཉིན་མོ་སྟེ་ཉིན7དང་ཉིན9དང་ཉིན15དང་ཉིན་བརྒྱ”བཅས་ཀྱི་འཛམ་གླིང་གི་ཟིན་ཐོ་གསར་པ་བསྟུད་མར་བསྐྲུན་པས། མཚོ་སྔོན་གྱི་ནུས་ཁུངས་གཙང་མ་འཛུགས་སྐྲུན་བྱེད་པའི་ཐད་སྔོན་ཆད་བླངས་མ་མྱོང་བའི་གྲུབ་འབྲས་བླངས་ཡོད།

དཀྱེལ་ཡངས་ཞི་མཐུན་མཉམ་གནས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།

མཚོ་སྔོན་གྱིས་མི་རིགས་སོ་སོའི་ཐུན་མོང་གི་བསམ་བློའི་ཁྱིམ་གཞིས་སྐྲུན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་བ་དང་། མི་རིགས་སོ་སོ་འབྲེལ་འདྲིས་དང་སྤེལ་རེས་དང་མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པ་བཅས་ཀྱིས་མི་རིགས་སོ་སོ་སྣ་མང་གཞི་གཅིག་དང་མཛེས་སྡུག་མཉམ་དར་ཡོང་བའི་དྲང་ཕྱོགས་ཀྱི་རྣམ་པ་ཞིག་ཆགས་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ལྷིང་འཇགས་འཆམ་མཐུན་གྱི་ས་ཆ་ཞིག་ཡིན་ཞིང་། གནས་དེ་རུ་བོད་རིགས་དང་རྒྱ་རིགས། ཧོས་རིགས་སོགས་མི་རིགས་ཉེར་བརྒྱད་ཀྱི་མི་གྲངས་འབུམ་བཞི་དང་ཁྲི་བདུན་ཡོད།  དུས་ཡུན་རིང་པོར་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་འཚོ་བ་རོལ་བའི་རྐྱེན་གྱིས་གནས་དེའི་མི་རིགས་སོ་སོའི་མང་ཚོགས་ལ་ཁོག་རྒྱ་ཡངས་པོ་ཞིག་ལྡན་པས། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསམ་ཤེས། ཕན་ཚུན་དཀྱེལ་ཡངས་བཅས་ཀྱི་ཁྲོད་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་འདུན་མ་བསྐྲུན”པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

ཀྲུང་ཧྭའི་རིག་གནས་ལ་བློ་ཁ་ཕྱོགས་ཤུགས་ཆེན་པོ་ཞིག་ལྡན་པས། གྲངས་ཉུང་མི་རིགས་ཀྱིས་མི་རིགས་མང་བའི་རྒྱལ་ཁབ་གཅིག་གྱུར་ཡོང་བའི་སེམས་ཁམས་ཀྱི་ངོས་འཛིན་གཅིག་མཐུན་གསོ་སྐྱོང་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ནང་བཞིན། “ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོ་ཡོང་བར་ཤུགས་སྣོན་བྱེད་པའི་ཡུན་རིང་གི་འགག་རྩ་ནི་རིག་གནས་ཀྱི་ངོས་འཛིན་ཆེ་རུ་གཏོང་བ་དང་། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཧུར་ཐག་གིས་གསོ་སྐྱོང་བྱེད་པ་བཅས་ཡིན། ”

མཚོ་སྔོན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཁ་ཕྱོགས་རང་བཞིན་དང་། རྩ་བའི་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་གནད་དོན་གལ་ཆེན་བཅས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། “ཨར་ལས་རེའུ་མིག”དང“ལམ་ཐིག་རི་མོ”བཟོས་ནས།  ཏང་ཨུའི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲི་གཟབ་ནན་དུ་བཏང་བར་མ་ཟད་གཞི་རིམ་དུ་ལག་བསྟར་བྱས་པ་དང་། “ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་བྱ་བར་གྲུབ་འབྲས་ཐོབ་པ”མངོན་འགྱུར་བྱུང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མཚོན་ཆ་འདོན་ཕོད་པ་དང་རང་རྟོགས་ཀྱིས་འགན་འཁྲི་འཁུར་ཕོད་པར་གྱུར།

རྒྱལ་ཡོངས་སུ་རིམ་པ་བཞིའི་ཏང་ཨུའི་ཧྲུའུ་ཅི་ཡིས་སྤྱིའི་འགན་ཁུར་པའི་མགོ་ཁྲིད་སྒྲིག་སྲོལ་གསར་གཏོད་བྱས་པ་དང་། ཞིང་ཆེན་དང་པུའུ་ཡིས་མཉམ་འབྲེལ་སྒོས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ”བསྐྲུན་པ་དང་། 《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》འགྲེམ་སྤེལ་ལག་བསྟར་བྱས་པ། རྒྱལ་ཡོངས་སུ་གསར་གཏོད་ལས་དོན་གྱི་ཆེད་དོན་དཔྱད་ཞིབ་ཐོག་མར་བསྐྲུན་པ། རྒྱལ་ཡོངས་སུ་དཔེ་སྟོན་ས་ཁུལ་དང་སྡེ་ཁག་གི་འགུལ་རྣམ་དོ་དམ་བྱེད་ཐབས་སྔོན་ལ་བཏོན་པ་དང་། རྒྱལ་ཡོངས་སུ་ཕྱོགས་གསུམ་པའི་དཔྱད་དཔོག་སྔོན་ལ་ལག་བསྟར་བྱས་ཤིང་། “སྐྱོད་པ་བཅུ”གསར་སྐྲུན་བྱེད་པའི་བྱ་འགུལ་ལག་བསྟར་བྱས་ཏེ། རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་དཔེ་སྟོན་མིག་དཔེ3700ལྷག་བསྐྲུན་པ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་དགའ”བཙུགས་པ། “མི་རིགས་མཐུན་སྒྲིལ་ཡར་ཐོན”གྱི་མཉམ་འདྲེས་འཕེལ་རྒྱས་འགུལ་སྐྱོད་གཏིང་ཟབ་ཏུ་བཏང་བ། “མཚོ་སྔོན་ཚེམ་དྲུབ”ཀྱི་ཚོང་རྟགས་བསྐྲུན་པ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ལེགས་རིམ་སྤར་བྱེད་ཤུགས་ཆེ་རུ་བཏང་བ། མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་བཏང་བ། མི་རིགས་སོ་སོ་སེ་འབྲུའི་ཚི་གུ་བཞིན་དུ་དམ་པོར་འཁྱུད་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་འདུན་མ་སྐྲུན”ཞེས་པ་དེ་མི་རིགས་སོ་སོའི་མང་ཚོགས་ཀྱི་སྤྱིའི་བགྲོ་གྲངས་ཆེ་ཤོས་སུ་གྱུར་པ་དང་། གྲོང་ཁྱེར་དང་ཁུལ་བརྒྱད་པོ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དང་ཁུལ་དུ་བསྐྲུན་པ། རྫོང་དང་གྲོང་ཁྱེར་དང་ཆུས་མང་ཆེ་བ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དུ་གྱུར་པ་དང་། རྫོང་དང་གྲོང་ཁྱེར་དང་ཆུས་ཡོངས་རྫོགས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྫོང་དང་གྲོང་ཁྱེར་དང་ཆུས་སུ་བསྐྲུན་པས། “ལྷོ་ཕྱོགས་ཀྱི་ཡུན་ནན་དང་བྱང་ཕྱོགས་ཀྱི་མཚོ་སྔོན”ཞེས་པའི་གསེར་གྱི་མིང་བྱང་བཙུགས་ནས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་དུ་བཅུག

གོང་བུར་འགྲིལ་ཤུགས་ཆགས་པར་བྱས་ཏེ་མཚོ་སྔོན་ཡུན་རིང་བདེ་འགོད་ཡོང་དུ་བཅུག་པ།

ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་གི“དབུལ་ཐར་མཁྲེགས་གཏོར”གྱི་གནས་སྤོས་ཁྱིམ་ཚང་ཡིན་པའི་ཀརྨ་གྲགས་རྒྱལ་ཚང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་པར་ཐོག་མར་འགེལ་མཁན་དེ་ཡིན་ལ།  ཁོས་མིག་མཐར་མཆི་མ་འཁོར་བཞིན་བཤད་རྒྱུར།  “ཏང་དང་རྒྱལ་ཁབ་ཀྱིས་ངའི་ཚབ་བྱས་ཏེ་ངས་བསྒྲུབས་འོས་པའི་ལས་ཀ་ཚང་མ་བསྒྲུབ་པས། འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་ཡོང་བར་ང་རང་ཡིད་ཆེས་བརྟན་པོ་ཡོད”ཟེར།

ཏང་ཀྲུང་དབྱང་གི་བོད་སྐྱོང་ཇུས་ཆེན་གྱིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དམིགས་སར་བཟུང་ནས།  མིག་རྒྱང་རིང་པོ་དང་དམངས་ཀྱི་འདོད་བློ་དང་བསྟུན་པ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་བཅས་ཀྱི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་དང་བྱེད་ཕྱོགས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་མཚོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་འབྲེལ་གཙོ་གནད་ཞིང་ཆེན་ལ་ཐུགས་ཁུར་གནང་བའི་བརྩེ་སེམས་ཟབ་མོ་མཚོན་ཡོད་པར་ཐེ་ཚོམ་ཟ་མི་དགོས།

ཏང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་འོད་ཟེར་འོག མཚོ་སྔོན་གྱི་བོད་འབྲེལ་ཁུལ་དྲུག་གི་བྱ་བ་སྣ་ཚོགས་ཡར་ངོའི་ཟླ་བཞིན་འཕེལ་ཏེ་ཉིན་རེ་བཞིན་གོང་འཕེལ་འགྲོ་བཞིན་ཡོད། དེ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་བོད་རིགས་མང་ཚོགས་ལ་དངོས་གནས་ཕན་ཁེ་ཐོབ་ཚད་ཆེས་མཐོ་བའི་ལོ་ལྔ་ཡིན་པས། བོད་འབྲེལ་ཁུལ་དྲུག་གི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་ཞིག་ཡིན་ལ། དེས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མངོན་པ་དང་།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་ཡོད། མཚོ་སྔོན་གྱི་ཁུལ་དྲུག་གི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཞིང་། བྲེལ་བསྟུན་བཅོས་སྐྱོང་ནས་རྒྱུན་མཐུད་བརྟན་པོའི་ཕྱོགས་སུ་འགྱུར་ལྡོག་བྱུང་བ་དང་། ཡུན་རིང་བརྟན་བརླིང་གི་ཕྱོགས་སུ་འགྱུར་བ་བདེ་བླག་གིས་མངོན་འགྱུར་བྱུང་བས། ཡུན་རིང་བརྟན་བརླིང་དང་ཁྱོན་ཡོངས་བརྟན་བརླིང་གི་དུས་རིམ་གསར་པ་ཞིག་ཏུ་སྐྱོད་བཞིན་པའི་སྒང་རེད།

མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས།  ཀྲུང་དབྱང་གི་ཐབས་ཇུས་ཇི་མ་ཇི་བཞིན་ལག་བསྟར་བྱས་པ་དང་། བོད་བརྟན་དང་བོད་སྐྲུན་གྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་མཐུན་སྦྱོར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། འབད་འཐབ་ཀྱི་རྗེས་སྙེག་རྣམ་པ་རྒྱུན་སྲུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ།  རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་རང་རྟོགས་སྒོས་ཞུགས་པ་རྒྱུན་འཁྱོངས་བྱས་ནས།  མཚོ་སྔོན་གྱི་ཁུལ་དྲུག་གི་འཐབ་ཇུས་གནས་བབ་མཐོ་རུ་བཏང་བ་དང་ཁུལ་དྲུག་གི་འཕེལ་རྒྱས་བར་སྟོང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་གི་རྩིས་ཐོ་ལེགས་འགོད་དང་ལྗང་མདོག་གི་བྱང་བུ་ལེགས་བཟོ། ལྗང་མདོག་གི་བགྲོད་ལམ་སྟེང་དུ་ལེགས་སྐྱོད་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་སྲ་བརྟན་དུ་བཏང་བ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གཉེར་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱས་པ་དང་། མི་རིགས་སོ་སོའི་མང་ཚོགས་ལ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཏུ་བཅུག་པ། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་སོ་སོ་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་སྤེལ་རེས། ཕན་ཚུན་མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་བ།  བོད་འབྲེལ་ལས་དོན་གྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། བར་ཁྱད་ཇེ་ཆུང་དུ་གཏོང་བ་རྒྱུན་འཁྱོངས་དང་། འཕེལ་རྒྱས་དོ་མཉམ་མིན་པ་དང་འཐུས་ཚང་མིན་པའི་གནད་དོན་ཐག་གཅོད་བྱས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ་ནམ་ཡང་རྒྱུན་འཁྱོངས་བྱས།

དབྱར་གཞུང་གི་མཚོ་སྔོན་གྱི་ཡུལ་ལྗོངས་ནི་མཛེས་ཤིང་ལྟ་ན་སྡུག གནམ་སྔོན་པོ་དང་སྤྲིན་དཀར་པོ། མཚེའུ་དང་རྩྭ་ཐང་བཅས་ཀྱིས་གྲུབ་པའི་མཛེས་སྡུག་གི་རི་མོ་ཞིག་གིས་ཡུལ་སྐོར་པ་རྣམས་ལ་བསུ་མ་བྱེད་ཀྱིན་ཡོད། རོང་འབྲོག་ཁུལ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ཞིང་སྡེའི་ཡུལ་སྐོར་ལས་རིགས་དང་ཁྱད་ལྡན་ཞིང་ཕྱུགས་ལས་སོགས་ཀྱི་ཐོན་ལས་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཞིང་།  རོང་འབྲོག་པ་རྣམས་སྒོ་ཁ་ནས་ལས་ཀར་ཞུགས་ཏེ་ཡོང་འབབ་ལེན་བཞིན་ཡོད། མཚོ་སྔོན་གྱི་སྐལ་བཟང་མེ་ཏོག་སྔར་ལས་མཛེས་དགོས་ན།  ཆེས་གནད་འགག་ནི་མཐུན་སྒྲིལ་ཡག་པོ་ཡོང་རྒྱུ་དེ་ཡིན་ལ། ཆེས་གོ་ཆོད་པ་ནི་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་རེད། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ།  བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བསྒྲིལ་བའི་བསྒྲིལ་ཤུགས་ཆེན་པོ་ཆགས་སུ་བཅུག་ན།  ང་ཚོས་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མཚོ་སྔོན་ཡུན་རིང་བདེ་འགོད་ཡོང་བར་བྱེད་ཐུབ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།